སང་ཉིན་ངས་དེ་རིང་རྙེད་སྲིད་དམ།
འབྲོག་ཁ་མང་།
༡
ཁ་སང་ངས་ཤར་ལ་རྒྱུག་ནུབ་ལ་འདུར
ལྷོ་བྱང་གཉིས་ཀྱང་དེ་ལས་མ་འདས
དོན་དམ་ངས་ཕྱོགས་བཞི་དང་མཚམས་བརྒྱད
ངོས་ཟིན་ཚད་དང་མིང་ཐོགས་ཚད་
མ་སོང་ས་དང་མ་བྱེད་ལས་ཤིག་གཏན་ནས་དབེན
སྔ་བསམ་ཕྱི་མནོ་ཞིག་ཅིས་ཀྱང་མི་དགོས་པར
དེ་རིང་ཡང་དེ་བཞིན
འཁོར་བའི་ཚིག་མཛོད་དང་མ་འོངས་ལུང་བསྟན་ལས་གསལ་བའི
སང་ཉིན་ཡང་དེ་བཞིན
༢
ཉི་ཟླའི་འཆར་ནུབ
ལོ་ཟླའི་འཕེལ་གྲིབ
རེ་མོས་ཀྱི་འཁོར་ཅིང་དགའ་སྡུག་གིས་མྱོང་དུས
ཁྱོད་ཀྱི་འདོད་ལ་ངས་ཀྱང་བསམས་པའི
འཚོལ་དགོས་པའི་བཙལ་གྱིན་པའི
ཡིད་ཆེས་ཀློང་གི་”དེ་རིང”་དེ་ནམ་ཞིག་ལ་རྙེད་སྲིད་དམ
ཡུལ་ལ་ལོག་གིན་ཡོད།
——དབུས་ལ་ལོག་གིན་ཡོད།
༡
ངས་འདི་ལྟར་སྤྲོས་བས་སྨྱོས་ནས་སྐད་འདི་སྐུར་དུས
ངས་འདི་ལྟར་རེ་དོགས་ཀློང་ནས་བརྡ་འདི་བཏང་དུས
ངས་འདི་ལྟར་འདུར་རྒྱུགས་བར་ནས་ལམ་ལ་ཆས་དུས
སེམས་པའི་ཟབ་ས་དང་གློ་བའི་ཉེ་སར་ཉལ་བའི་གྲོགས་པོ་ཁྱོད་ཀྱིས
སུ་ཞིག་མིག་ལམ་ལ་ཤར་ཞིང་ཅི་ཞིག་སྣང་ངོ་རུ་གསལ་ཡོང
༢
ངས་ཁ་ཡག་དང་ཚུལ་འཆོས་ཀྱི་རྒྱགས་ཕྱེ་ལྟ་གོན་བགྱིས་ཚར
མེ་འཁོར་སྤ་སེ་དང་ཐོབ་ཐང་ལག་ཁྱེར་ཡོད་ཚད་གྲ་སྒྲིག་བྱས་ཟིན
གཉེན་ཉེ་དང་ཡབ་ཡུམ་དབུལ་བའི་ལག་རྟགས་ཀྱང་བླུས་བདོག
རིགས་ཞེན་གྱི་སྤོབས་པ་རུམ་པའི་གྲོགས་པོ་ཁྱོད་ཀྱིས
ད་རུང་ང་ལ་ཅི་ཞིག་བསླབ་བྱ་མཛད་པར་བྱ
- ཟིན་ཐོ་གོང་མ།གཉན་ཆེན་ཐང་ལྷ།
- ཟིན་ཐོ་འོག་མ།༧.༡༥ འུ་གཉིས་མཛའ་བའི་ཉིན་མོ་ཡིན།