༧.༡༥ འུ་གཉིས་མཛའ་བའི་ཉིན་མོ་ཡིན།
འབྲོག་ཁ་མང་།
༡
མི་ལོ་ཉག་མ་བཞི་ཡི་ཡར་སྔོན་གྱི།།
སྤྱི་ལོ་ཉིས་སྟོང་བཅུ་ཡི་ནང་རོལ་གྱི།།
སྤྱི་ཟླ་བདུན་པའི་ཚེས་ཀྱི་བཅོ་ལྔ་དེ།།
འུ་གཉིས་མཛའ་བའི་རྟེན་འབྲེལ་ཉིན་མོ་རེད།།
༢
ལག་འཇུ་བཏང་ནས་སེམས་གཏམ་གློད་ཉིན་ནས།།
འཛུན་ལན་སློག་ཞོར་ཁ་མཚར་ཤོད་དུས་ནས།།
དོན་ལྔ་སྣོད་དྲུག་ཁྱེད་ལ་དབང་བ་བཞིན།།
ལུས་ངག་ཡིད་གསུམ་ཁྱེད་ལ་ཕྱོགས་ནས་བདོག།།
༣
དེ་དུས་མཉམ་བཤིབ་ལོ་ཟླ་སེམས་ནས་དྲན།།
བརྩེ་སེམས་ཞོ་ལྟར་ཆགས་པ་ལྷག་ཏུ་དྲན།།
དགའ་སྡུག་རོལ་དབྱངས་དཀྲོལ་རབས་ཅིས་ཀྱང་དྲན།།
ཞལ་འཛུམ་པདྨ་རང་ཤར་དངོས་གནས་དྲན།།
༤
དུས་ཚོད་བདའ་བ་མིན་ཡང་བཞུར་ནས་སོང།།
འུ་གཉིས་ལན་རེ་གྱེས་ཕྱག་ཕུལ་ནས་སོང།།
འདི་ལྟར་བགྲངས་ཆ་ཡུག་ཅིག་ཕར་ལ་སྐྱེལ།།
བརྩེ་ཞེན་བྲག་དམར་འདྲ་ཅིག་ཚུར་ལ་བསུས།།
༥
དུས་ཚོད་ཆུ་མོ་བཞུར་ནས་མི་ལོ་བཞི།།
བརྩེ་བའི་རྨང་རྡོ་གཏིང་ནས་མི་ལོ་བཞི།།
ཡིད་རྟོན་གསེར་ཐག་འཐེན་ནས་མི་ལོ་བཞི།།
ཕར་དགའ་ཚུར་འཐད་བྱས་ནས་མི་ལོ་བཞི།།
༦
བཅོས་མིན་སེམས་ཁུར་ཐག་རིང་རྒྱང་ནས་བསྲིངས།།
དགའ་དུངས་སེམས་འགྱུ་གློ་མཆིན་བར་ནས་འགུལ།།
ཁ་ཞེ་མཐུན་པ་དར་དཀར་མདུད་བརྒྱའི་ཚུལ།།
དྲན་གདུང་དབྱངས་རྟ་རྣ་བས་ཡང་ཡང་བླགས།།
༧
མིག་ཟུང་མཛའ་འཕྲིན་ཅེར་ནས་དགའ་བས་དགོད།།
ཕྱག་ཟུང་འཁྱེར་འཕྲིན་ཐོགས་ཏེ་སྙིང་གཏམ་རྡོལ།།
སེམས་པས་སེམས་པ་བརླན་གྱིན་བདེ་སྡུག་གླེང།།
འཛུམ་དཀར་ལྷ་མོ་སེམས་པའི་འཚོ་བཅུད་ཡིན།།
༨
དགའ་རབས་གཏམ་རྒྱུད་གླེང་ན་དགའ་བའི་གཞི།།
དྲན་རབས་ལོ་རྒྱུས་ལབ་ན་གེ་སར་སྒྲུང།།
ཕྱི་ཐག་ཅི་འདྲ་ཟེར་ན་ཆུ་མོའི་རྒྱུན།།
འུ་གཉིས་མཛའ་ལུགས་བསྙད་ན་ཉ་ཆུའི་ཚུལ།།
༩
ལོ་དེའི་ཟླ་དེའི་ཉིན་ཞག་གྲངས་མེད་ནང།།
སྐྱིད་དང་དགོད་ཀྱིས་ཆུ་ཚོད་སྐར་མ་འདས།།
ཉིན་འདིའི་མཚན་འདིའི་འདིའི་སྐར་ཆ་རེ་རེ་ནང།།
དྲན་པ་སྟོང་གི་གསང་གཏམ་སྐུར་ནས་ཡོད།།
༡༠
ད་ལམ་གམ་དུ་གཅར་བའི་བསྐལ་བཟང་དེ་དབེན་ཡང།།
དགའ་བ་ངོ་མའི་རོལ་དབྱངས་འདི་དཀྲོལ་གྱིན།།
ཚེ་གཅིག་གཏན་གྲོགས་སྙིག་སྡུག་གི་མཛའ་མོར།།
རྟེན་འབྲེལ་མཚོན་པའི་འཕྲིན་པ་འདི་བྲིས་སོ།།
- ཟིན་ཐོ་གོང་མ།སང་ཉིན་ངས་དེ་རིང་རྙེད་སྲིད་དམ།༼ཞར་བཀོད་གཅིག༽
- ཟིན་ཐོ་འོག་མ།བདེ་འཇགས་གྲོང་གི་སེམས་འགྱུ།