ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅།།བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་བརྒྱུད་ཁུངས་མདོ་ཙམ་གླེང་བ་གཟུར་གནས་མཁས་ད  | 2013/1/1 12:14:00

༄༅།།བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་བརྒྱུད་ཁུངས་མདོ་ཙམ་གླེང་བ་གཟུར་གནས་མཁས་དབང་དགྱེས་པའི་

                  འབེལ་གཏམ་སྙིང་གི་ཐིག་ལེ།།

              

 

                        ན་མོ་མུ་ར་ཝེར་ལ་གུ་དུན་ཧྲུན།།

གསོ་དཔྱད་ཤིང་རྟའི་སྲོལ་འབྱེད་གངས་རིའི་མེས་པོ་གཤེན་རབ་མྱི་བོ་ཆེས།།

གསོ་དཔྱད་འབུམ་སྡེ་ཉིས་ཁྲི་ཆིག་སྟོང་སྐྱེ་རྒུའི་དཔལ་དུ་གཏན་ལ་ཕབ།།

གསོ་དཔྱད་གདུལ་བྱའི་འགྲོ་རྣམས་ཡོངས་ཀྱི་ནད་གདོན་སྡུག་བསྔལ་ཞིར་མཛད་པའི།།

གསོ་དཔྱད་སྨན་པའི་རྒྱལ་པོར་སོར་ཅུ་པད་མོས་སྙིང་གར་ལན་བརྒྱར་བཀོད།།

                                                                                 

དེ་ཡང་ས་སྒང་གོ་ལ་ཟླུམ་པོའི་ཡུལ་དབུས་དབལ་སོ་གངས་ཀྱིས་སྐོར་བའི་མཚོ་བོད་མཐོ་སྒང་གི་ཡུལ་གྲུབ་ཆེན་པོ་འདིར་འགྲོ་བ་མྱི་ཡི་རིགས་སུ་ཆགས་པ་ནས་བཟུང་སྟེ། །དུས་དེ་ཙམ་ནས་བོནད་མྱི་རྣམས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་ཐོན་སྐྱེད་ངལ་རྩོལ་གྱིས་ལག་རྩལ་སྤུས་ཚད་ཅུང་ཇེ་མཐོ་རུ་སོང་བར་བརྟེན། །ཕྱི་ནང་གི་དཔལ་ཡོན་གྱི་ཆ་རྐྱེན་ཅུང་ཇེ་ལེགས་སུ་ཕྱིན་ཡོད་ཙང་། །མ་གོམས་པ་དང་མི་འཕྲོད་པའི་ཁ་ཟས་སོགས་ཀྱིས་སློང་བའི་མ་ཞུ་བར་འཇུ་ཐབས་སུ་གཉེན་པོ་ཆུ་བསྐོལ་བཏུང་ཤེས་པ་དང་། །གློ་བུར་བའི་རྐྱེན་ལས་རྡོ་དབྱུག་མདའ་མདུང་དང་གྲི་སོགས་ཀྱིས་ཕྱི་རོལ་དུ་ཤ་ལ་བསྣད་པའི་རྨ་ཡི་ཁ་སོས་སྐྱེད་དང་ཁྲག་གཅོད་ཐབས་སུ་ཞུན་མར་ཚ་མོས་བྱུགས་ཏེ་ཕྱིང་དེབ་དཀྲུས་པ་སོགས་གསར་བཏོན་རང་བཞིན་གྱི་ནད་བཅོས་བདེ་སྲུང་གི་ལག་ལེན་ཕྲན་ཚན་རེ་ཡོད་པར་བཤད་ཀྱང་། །སྐབས་དེར་སྨན་བཅོས་སྟབས་བདེ་ཙམ་རེ་ཡོད་པ་ལས། །གཞན་དུ་ནི་དུས་དེ་ཙམ་ནས་སྨན་བཅོས་ལག་ལེན་འཐུས་ཚོགས་ཤིག་དང་གསོ་དཔྱད་ཀྱི་གཞུང་ལུགས་སོགས་ཡོད་མེད་ནི་བརྟག་དཔྱད་དང་ཞིབ་འཇུག་བྱ་ཡུལ་ལས་འདིས་ཙམ་གྱིས་ང་ཚོས་དཔོག་དཀའ་ཞིང་གླེང་ས་ཁག་པོ་ཞིག་ཏུ་ཆགས་འདུག་ཡོད་རེད།  །དེས་ན།  །སྐབས་བབ་འདིར་ཁོ་བོས་བཤད་འདོད་པ་ནི་ང་ཚོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཙུག་ལག་རིག་བཅུའི་ནང་ཚན་འགྲོ་བ་རྗེས་བཟུང་གི་རིག་པ།།ཚེ་ཡི་རིག་བྱེད་འཛིན་པའི་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་འདི་དུས་ནམ་ཙམ་ཞིག་ལ་ཡིག་ཐོག་ཏུ་དར་ཏེ་ཚད་ལྡན་གཞུང་ལུགས་ཤིག་ཏུ་འགྱུར་ཡོད་པ་དེ་རེད།

                                                                              

དེ་ཡང་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན་ཏེ་མྱི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ཡ་སྔོན་དུ་སངས་རྒྱས་གཤེན་རབ་མྱི་བོ་ཆེན་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཞང་ཞུང་སྨར་གྱི་ཡུལ་ཏེ། །འཛམ་བུ་གླིང་གི་ཡུལ་དབུས་བོད་ཀྱི་སྟོད་མངའ་རིས་ས་ཁུལ་གྱི་གངས་རི་ཆེན་པོ་ཏི་སེ་ཡི་མདུན་ཞོལ་མཚོ་མ་ཕམ་ཉེར་འགྲམ་རི་གཡུང་དྲུང་དགུ་བརྩེགས་ཀྱི་དྲུང་དུ་མཚན་དཔེ་བཟང་པོ་གཡུང་དྲུང་གི་སྐུ་མངོན་པར་བལྟམས་ཏེ་ད་བར་དུ་མྱི་ལོ་༡༨༠༢༨ཕྱིན་ཡོད་རེད། །སངས་རྒྱས་གཤེན་རབ་ཉིད་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྐུ་འཁྲུངས་རྗེས་སུ་གཞི་ནས་གསོ་དཔྱད་ཀྱི་བསྟན་པ་འདི་ཡིག་ཐོག་ཏུ་བཀོད་པའི་སྲོལ་ཐོག་མ་བྱུང་བ་ཡིན་ཏེ། །མཁས་པ་ཆེན་པོ་སྟག་ཚང་ལོ་ཙྰ་བ་ཤེས་རབ་རིན་ཆེན་གྱིས་དྲང་སྲོང་སྲིད་མདའ་ལས།།སྔ་རབས་པ་འགས་བྱས་པ་ཡི།།གསོ་དཔྱད་བྱུང་བ་བརྗོད་པའི་སྐབས།།བོད་ཡུལ་གསོ་དཔྱད་བསྟན་པའི་དབུ།།ཐོ་རིའི་སྐུ་དུས་བསྙེས་ཞེས་བརྗོད།།དེ་ནི་མ་བརྟག་གཏམ་ཡིན་ཏེ།།ཆོས་རྒྱལ་འདིའི་རིང་རྒྱ་གར་ནས།།བི་བྱི་བི་ལྷ་གཉིས་བྱོན་ཏེ།།འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ།།སྤེལ་བའི་ཐོག་མར་དབུ་བསྙེས་ལས།།འདི་དུས་བོད་ཀྱི་གསོ་དཔྱད་དབུ།།བསྙེས་པར་བརྗོད་ན་་་་་་་་་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེས་ན་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱི་དུས་བསྙེས། །ཞེས་གསུངས་ཡོད་པ་དང། །ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཀྱང་། །ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བསྙེས་ཟེར་བ་དེའང་མ་ངེས་ཏེ། །བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ་ཞེས་སོགས་ཁ་གསལ་དོད་པོས་སྒོ་ནས་གསུངས་འདུག

                                                                              

དེ་ཡང་འབྱུང་ལྡན་དང་པོ་སྟེ་འདི་ནས་ཡར་རྩིས་པའི་༡༨༠༢༩སྔོན་ཏེ་ཤིང་ཕོ་བྱི་བའི་ལོར་སངས་རྒྱས་གཤེན་རབ་མྱི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཞང་ཞུང་སྨར་གྱི་ཡུལ་ཏེ་འཛམ་བུ་གླིང་གི་ཡུལ་དབུས་བོད་ཀྱི་སྟོད་མངའ་རིས་ས་ཁུལ་དུ་ཧི་མ་ལ་ཡ་རི་བརྒྱུད་གངས་རི་ཆེན་པོ་ཏི་སེའི་མདུན་ཞོལ། །ཁ་འབབ་ཆེ་བཞིའི་འགོ་ཁུངས་མཚོ་མ་ཕམ་ཉེར་འགྲམ། །སྤོས་རི་ངད་ལྡན་ནམ་རི་གཡུང་དྲུང་དགུ་བརྩེགས་ཀྱི་དྲུང་དུ་མཚན་དཔེ་གསེར་རི་ལྷུན་པོའི་སྐུ་བལྟམས་བ་ནས་བཟུང་། །ང་ཚོ་བོད་གངས་ཅན་ལྗོངས་གྱི་གསོ་དཔྱད་ཀྱི་བསྟན་པ་འདི། །སྐབས་དེར་ཧ་ཅིང་དར་རྒྱས་ཆེར་ཕྱིན་ཡོད་པ་ཙམ་དུ་མ་ཚད།།དུས་དེ་ཙམ་ནས་སངས་རྒྱས་གཤེན་རབ་མྱི་བོ་ཆེས་ཐོག་མར་སྲོལ་བཏོན་ཅིང་ཡིག་ཐོག་ཏུ་འཁོད་པ་ཞིག་ཡིན་པ་གོར་མ་ཆག་སྟེ། །སྔོན་བྱོན་གྱི་གཟུར་གནས་མཁྱེན་དཔྱོད་ཡངས་བའི་མཁས་པའི་དབང་པོ་ཚོས་གསུངས་པ་གོང་དུ་འདྲེན་པའི་ལུང་ཚིག་དེ་དག་གིས་དངོས་སུ་མངོན་སུམ་ལྷམ་མེར་ཕྱུང་ཡོད་པ་དེ་ག་རང་ལགས།

 

                                                                                

དེ་ལས་སངས་རྒྱས་གཤེན་རབ་མྱི་བོ་ཆེས་ཡིག་ཐོག་ཏུ་འཁོད་པའི་གསོ་དཔྱད་ཀྱི་རིག་གཞུང་ལ་ནི། །དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ།།མདོ་སྡེ་ཆེན་པོ་སྡེ་དགུ།།གསོ་དཔྱད་འབུམ་གསུམ་དང་འབུམ་བཞི།།མན་ངག་ཡན་ལག་བརྒྱད་ལྡན།།ཉིང་ལག་ཉིས་ཁྲི་་་་ཆིག་སྟོང་དུ་གཏན་ལ་ཕབ་སྟེ་ཡིག་ཐོག་ཏུ་འཁོད་གནང་མཛད་ཡོད་པ་རེད།།དེ་དག་གཤེན་རབ་ཉིད་ཀྱི་སྐུ་ཡི་སྲས་ཆེན་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་།།དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དེ།།དེ་ནས་འཛམ་གླིང་གི་མཁས་པའི་རྒྱན་དྲུག་སོགས་ཞང་བོད་ལོ་པཎ་རྣམས་ཀྱིས་ཡུལ་གྲུབ་སོ་སོར་རྒྱུན་སྤེལ་བཏང་སྟེ།།སོ་སོའི་ཡུལ་དུ་ཉི་ཟླའི་སྣང་བ་ལྟར་ས་ཁྱབ་རྡོ་བརྡལ་དུ་བྱས་ཡོད་ཀྱང་།།གནས་སྐབས་སུ་དུས་ཀྱི་འཕེལ་འགྱུར་དབང་གིས་རྒྱ་ཆེན་ཞིང་གཏིང་ཟབ་བའི་རིན་བྲལ་གྱི་གསོ་དཔྱད་རིག་པའི་གཞུང་ལུགས་མང་ཤས་ཞིག་འབྱུང་བའི་བག་ལ་ཞ་སོང་བ་རེད།།

                                                                               

འོན་ཀྱང་།།ང་ཚོའི་སྟབས་ལེགས་ཞིང་བསོད་ནམས་ཆེ་བ་ལ།།ད་སྐབས་དངོས་སུ་མཇལ་དུ་ཡོད་པའི་ཧི་མ་ལ་ཡའི་དབུ་འཕང་དང་མཉམ་ཞིང་།།ས་སྒང་གོ་ལ་ཟླུམ་པོའི་ཡང་སྟེང་ནས་གཟི་བརྗིད་ཀྱི་འོད་སྣང་ཕྱོགས་ཀུན་རབ་ཏུ་འཚེར་བའི།།ང་ཚོ་གངས་ཅན་བོནད་ཀྱི་ཐུན་མིན་སྲོལ་རྒྱུན་རིགས་པའི་གཞུང་ལུགས་དག་གི་སྲོག་སྙིང་ལྟ་བུའི་ཚེ་ཡི་རིག་བྱེད་འཛིན་པའི་དཔལ་ལྡན་གསོ་བ་རིག་པ་འདི་དག་ནི།།སངས་རྒྱས་གཤེན་རབ་མྱི་བོ་ཆེས་མཛད་པའི་གཡུང་དྲུང་བོན་གྱི་རྒྱལ་བའི་འགྱུར་ཁྲོད་དུ་བཞུགས་པའི་འགྲོ་ཕན་གསོ་དཔྱད་ཀྱི་གཞུང་ལུགས་ཆེན་པོ་མ་ལག་འཐུས་སྒོ་ཚང་བའི་གསོ་བ་རིག་པའི་འབུམ་བཞིར་གྲགས་པ་འདི།།མཚོ་་་བོནད་མཐོ་སྒང་ན་གནས་པའི་གངས་ཅན་བོནད་ཀྱི་གསོ་དཔྱད་རིག་པའི་གཞུང་ལུགས་ཀྱི་མ་ལག་གམ་མ་ཕྱིར་གྱུར་ཡོད་པ་སྔ་ཕྱིའི་གཟུར་གནས་མཁྱེན་དཔྱོད་ཡངས་བའི་མཁས་དབང་དམ་པ་དག་གིས་ཐུགས་ཀློང་ཡེ་ཤེས་ལྔ་ཡི་གུར་ཁང་ནས་མཁྱེན་་་་་དགོངས་མཛད་པ་བཞིན་ལགས།།

                                                                               

དེ་ལ་དེང་གི་ང་ཚོའི་སློབ་སྦྱོང་གི་ལག་ལེན་གྱི་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་པའི་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་འདི་ནི།།ལྷ་རྗེ་དམ་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་གིས་སྔར་དར་བོད་ཀྱི་གསོ་རིག་འབུམ་བཞི་དེ་ཉིད་ཚིག་བཅད་ཀྱི་ལམ་དུ་སྡེབ་ལེགས་པོར་བསྒྲིགས་ཏེ།།ཀོང་པོ་སྨན་ལུང་དུ་གསོ་བྱེད་རིག་པའི་སློབ་གླིང་བཙུགས་ཏེ་ཡུལ་སྟོད་སྨད་བར་གསུམ་གྱི་སློབ་ཚོགས་བརྒྱ་ཕྲག་མང་པོ་བསྡུས་ནས།།དུས་སྐབས་དེ་ནས་དཔལ་ལྡན་གསོ་རིག་རྒྱུད་བཞིས་གསོ་བ་རིག་པའི་སློབ་དེབ་ཏུ་གཏན་འཁེལ་བྱས་ཏེ་བཤད་པ་འཆད་ཉན་དང་མན་ངག་དམར་ཁྲིད་སོགས་ཀྱིས་སྒོ་ནས་གསོ་དཔྱད་ཀྱི་བསྟན་པ་འདི་ཉིད་ད་ལྟའི་བར་དུ་འཛམ་གླིང་གི་གསོ་རིག་རྒྱུ་སྐར་ཁྲོད་ན་གཞན་དྲིང་མི་འཇོག་པ་ནམ་མཁའི་ནོར་བུ་ལྟར་གཟི་བརྗིད་ཀྱིས་འོད་སྣང་མངོན་པར་འཕྲོ་བ་ཞིག་རེད།།གཞན་དུ་གསོ་བ་རིག་པའི་མ་ཕྱི་གསོ་རིག་འབུམ་བཞི་དང་དཔལ་ལྡན་གསོ་རིག་རྒྱུད་བཞི་གཉིས་ཀྱི་སྔ་ཕྱི་དང་།།གསོ་རིག་རྒྱུད་བཞིའི་གཞི་ཁུངས་འབུམ་བཞི་མ་ཡིན་པ་རྒྱུད་བཞི་ལས་འབུམ་བཞི་ཕྱུང་ཏེ་བྱུང་བ་ཞིག་ཡིན་པ་འདོད་མཁན་དང་།།གཞན་ཡང་དཔལ་ལྡན་རྒྱུད་བཞི་རྒྱ་གར་ནག་ནས་བསྒྱུར་ཡོང་བ་དང་ཤྰཀྱ་ཐུབ་པའི་བཀའ་ལ་འདོད་པ་དང་གྲྭ་བ་མངོན་ཤེས་ཀྱིས་གཏེར་མར་འདོད་པ་སོགས་མང་དུ་མཆིས་ཀྱང་།།འདི་དག་ནི་མཁས་པ་འགའ་ཞིག་གིས་མ་བརྟགས་པའི་བབ་ཅོལ་ཙམ་དུ་སྒྲོགས་པ་ལས་དོན་མཐུན་གྱི་གནད་དུ་འཁེལ་བ་ཞིག་མ་ཡིན་པས།།འདིའི་ཕྱོགས་ལ་བཤད་ཚུལ་མི་མཐུན་པའི་ཟེར་སྒྲོས་མང་དུ་མཆིས་ཀྱང་དོ་གལ་ཆེན་པོ་ཞིག་མི་སྣང་བས་རེ་ཞིག་འདིར་མ་བཀོད།

ཁག་རྗེས་མར་འདི་དག་གི་ཕྱོགས་ནས་གླེང་འདོད་ཀྱི་འདུན་པ་ཡོད་པས་ཐེངས་འདིར་རེ་ཞིག་འདི་ཙམ་གྱིས་མཚམས་འཇོག་པ་བྱས་སོ།།   

སརྦ་མངྒ་ལཾ།།

                    

 

                     ༢༠༡༢ལོའི་ཟླ་༡༢པའི་ཚེས་༢༣ཉིན་ཁམས་མི་ཉག་དར་མདོའི་སི་བོད་སློབ་གླིང་ནས་ཁོད་སྤུངས༧རང་གྲོལ་ཉི་མས།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.