དུང་སེམས་ཀྱི་ཕྱི་མིག།
མཛེས་མཛེས་དབྱར་གཞུང་གི་མེ་ཏོག།
ཆག་སྒོ་སྟོན་དུས་ཀྱི་བ་མོ།།
དུས་ཚོད་འཕེལ་འགྲིབ་ཀྱིས་འཁོར་བསྐྱོད།།
ང་ལ་སྐྱོ་བ་དེ་མ་གནང་།།
ལས་དབང་རླུང་ཁྲོད་ཀྱི་ཚེ་འབར།།
སེམས་པ་ལ་ཁ་ཡི་དར་ལྕོག།
མི་ཁ་རླུང་དམར་གྱིས་འཚུབ་ཕྱོགས།།
ང་ལ་འཁོར་བ་རུ་མ་གནང་།།
སྒེག་ཉམས་མཚར་སྡུག་གི་ལང་ཚོ།།
བར་སྣང་ཆར་ཤུལ་འཇའ་ཚོན།།
བདེན་གྲུབ་ཡོད་ཡོད་སྣང་བས།།
ང་ལ་སླུད་བྲིད་ཅིག་མ་གནང་།།
ཕན་ཚུན་མཇལ་འཛོམས་ཤིག་བྱུང་བ།།
ལྡོག་མེད་ལས་དབང་གིས་བཀོད་འདོམ།།
དབང་ཆེན་ལས་དབང་གི་རྒྱལ་མོས།།
ཁ་ཁར་གཏོང་བ་རུ་མ་གནང་།།
དགའ་སྐྱིད་ལྷན་འཛོམ་འདི་དཀའ་བ།།
གྱེས་བྲལ་དུས་ཚིགས་འདི་མྱུར་བ།།
ཕྱི་ཕྱག་བརྩེ་དུང་གི་མདའ་ཁ།།
སྙིང་ལ་སྣུན་པ་དེ་མ་གནང་།།
སེམས་པ་དྭངས་གཙང་གི་ཆུ་རྒྱུན།།
དུང་ཞེན་རླབས་ཕྲེང་གི་ཟེགས་མ།།
བརྩེ་བ་རྒྱ་མཚོ་ཡི་ཀློང་དུ།།
གཅིག་ལ་གཅིག་ཐིམ་དེ་ཡིན་ནོ།།
མ་ཐུག་ལོ་ཟླ་ཡི་ནང་དུ།།
དགའ་སྐྱོ་ནོན་མ་ཡི་ཚོར་འདུ།།
སྙིང་སྡུག་དགའ་ལོ་ཡི་ཕྱོགས་ལ།།
ཕྱིར་མིག་ཡང་ཡང་ཞིག་ཤོར་སོང་།།
དུང་བརྗོད་སྙིང་གཏམ་གྱི་ཚིག་གསུམ།།
ཁུ་བྱུང་གདངས་དབྱངས་ལས་སྙན་རེད།།
མཛའ་བརྩེ་གླེང་མོལ་དེ་དྲན་ཚེ།།
སེམས་པ་བདེ་སྣང་གི་ཁེངས་འགྲོ།།
ཕར་དགའ་ཚུར་དུང་གི་བརྩེ་བ།།
ལྷད་མེད་བརྩེ་དུང་རང་གཤིས།།
དགའ་དགའ་དུང་དུང་གི་འཚོ་བ།།
མི་ཚེ་བདེ་སྐྱིད་ཀྱི་འདུན་མ།།
གཅིག་སེམས་གཅིག་མཐུན་གྱི་ངང་དུ།།
མཛའ་བརྩེ་འོ་ཆུ་དེ་ལྷན་འདྲེས།།
སོ་སོར་འབྱེད་པ་རུ་མེད་ན།།
བརྩེ་སེམས་ངོ་བོ་དེ་དབྱེ་མེད།།
བརྩེ་བ་ལྷད་མེད་ཀྱི་དུང་ཞེན།།
ཀ་ར་སྦྲང་རྩི་ལས་མངར་རེད།།་
མྱོང་བའི་བྲོ་བ་དེ་བསམ་ཚེ།།
དབང་མེད་འགྲམ་ཆུ་དེ་ལྡོག་འོང་།།
སྒེག་ཉམས་འཛུམ་མདངས་དེ་མཐོང་ཚེ།།
དགའ་བདེ་སྣང་བ་ཞིག་སྐྱེད་འོང་།།
སྙིང་སྡུག་མཛའ་མོ་ཡི་ཞལ་རས།།
གངས་ལྷ་མེ་ཏོག་ལས་མཛེས་རེད།།
དྭངས་གཙང་མཁའ་དབྱིངས་ཀྱི་ངོགས་སུ།།
བཅོ་ལྔའི་དུང་ཟླ་དེ་ཚེས་དུས།།
དྲན་པའི་མེ་ལོང་གི་མཐིལ་དུ།།
ཆུང་འདྲེས་རྩེད་གྲོགས་དེ་འཆར་འོང་།།
ལོ་སྒུག་ཟླ་སྒུག་གི་ཁྲོད་དུ།།
དམར་ཆུང་སེམས་ཁོང་གི་གསང་བ།།
གཟུགས་མེད་ན་ཟུག་གི་རྨ་ཁ།།
སོས་སྐྱེད་འཚོ་ཐབས་ཤིག་མ་བྱུང་།།
ཟིན་མེད་བརྩེ་དུང་གི་ཚོར་འདུར།།
འདི་ལྟར་ན་ཟུག་དེ་ཆེ་ན།།
གཅིག་སེམས་གཅིག་མཐུན་དུང་བར།།
བདེ་སྐྱིད་བལྡ་འགྱུར་ཞིག་ལོས་ཡོད།།
འཐོབ་བྱ་སྣ་གཅིག་གི་ཆེད་དུ།།
དམིགས་ཡུལ་ཉག་གཅིག་དེར་བསྙེག་ནས།།
ཡོད་ཚད་ནས་ཡོད་ཚད་ཕུལ་ཏེ།།
སེམས་པ་ཁྱོད་ཕྱོགས་སུ་འཁོར་ན།།
གནམ་གྱི་འཇུ་ཐག་དེ་ཆད་ཀྱང་།།
ས་ཡི་རྟེན་ཕུད་དེ་བུད་རུང་།།
དུང་བ་གསེར་སྐུད་ཀྱི་མདུད་ལོག།
ནམ་ཡང་གྲོལ་ཐབས་རང་མི་འདུག།
མ་ཧྭ་ཙི་ན་ཡུལ་གྱི་གྲོང་ཁྱེར་ནས།།
༢༠༡༢ལོ་ཟླ༡ཚེས༡ཉིན།།
- ཟིན་ཐོ་གོང་མ།ཕ་སྐད་ཀྱིས་གདམས་པའི་མན་ངག།
- ཟིན་ཐོ་འོག་མ།སེམས་ཀྱི་འོད་སྣང་ཆ་གཅིག།