ཕྱིར་རྟོག།
ལོ་ཟླའི་ཁུག་པའི་ཆུ་མོ་དལ་གྱིས་བཞུར།།
འགོག་མེད་དུས་ཚིགས་རླབས་རིས་ངང་གིས་རྩེན།།
རྣམ་དག་སེམས་ཀྱི་ཞེན་ཁར་ཚ་རླབས་འཕྱུར།།
ལས་ཀྱིས་བདམས་པའི་བཀོད་སྒྲིག་རང་ཡིན་ལོ།།
བདེན་ལུགས་ལོ་རྒྱུས་འདེགས་བའི་སྙིང་སྟོབས་ཀྱིས།།
རེ་བའི་འོད་ཀྱི་རྨུ་ཐག་རྒྱང་དུ་འཐེན།།
འདུན་མའི་གསེར་གྱི་འཇུ་ཐག་དམ་འཐོམས་ཏེ།།
དུས་མཐུན་ལྟ་བའི་ལམ་བུར་ཞུགས་རྩིས་ཡོད།།
ཐེར་ཟུག་རུས་རྐང་བརྡར་བའི་རྣམ་ཤེས་ཀྱིས།།
གནས་ལུགས་བུ་མོ་བདེན་པའི་གྲོགས་སུ་འགུགས།།
རེ་བའི་གོམ་ཁ་གསོན་པོ་མདུན་ལ་བསྲིངས།།
རྣམ་དག་སྒོ་གསུམ་གངས་རིའི་རྒྱན་དུ་རོལ།།
རིགས་ཞེན་འབོད་བརྡ་ཀ་ཁའི་དབྱངས་སུ་གཏོང་།།
མེས་པོའི་ཚུགས་ཀ་གཅེས་པའི་སྲོག་ཏུ་བཟུང་།།
རེ་སྨོན་གཤོག་འགྱུ་ཕྲ་མོའི་སྟངས་སྟབས་འདིས།།
ཡངས་བའི་ས་ཁྱོན་རླབས་ཀྱིས་གཅོད་ཅིག་གུ།།
རྣམ་དཔྱོད་བློ་གྲོས་རྩལ་གྱི་ལྡེ་མིག་གིས།།
རྣམ་རིག་ལྕགས་ཀྱི་སྒོ་འཕར་ཕྱོགས་མཐར་གྲོལ།།
ཤེས་བྱའི་ཕ་མཐར་འབྱམས་བའི་མཐོངས་ཡངས་ནས།།
སྙིང་སྟོབས་རིག་པའི་རླབས་འགྱུ་དགུང་དུ་རྩེན།།
དུས་ཀྱི་ཚན་རྩལ་རིག་ལམ་ཀུན་གསལ་ཁྱོན།།
དྲན་རྟོག་རྡོ་རྗེ་ཟེགས་མའི་གློག་ཞགས་འཁྱུག།
ལུང་རིགས་དབྱར་རྔའི་གད་རྒྱང་ཁྱབ་པར་སྒྲོགས།།
རེ་བའི་ཆར་རྒྱུན་འགག་མེད་ཀྱིས་ཤུགས་འཇོ།།
ན་གཞོན་བློ་སྤོབས་ཞུམ་མེད་ཐང་མར་བརྡལ།།
འགྱུར་མེད་སེམས་འདུན་རི་མོ་སྙིང་ལ་བཀོད།།
དྲི་མེད་དྭངས་གཙང་ཞེན་པ་གངས་ལ་འཁྱུད།།
ནང་རོལ་སེམས་ཀྱི་མྱོང་བ་མགུར་དུ་སྤྲིངས།།
༢༠༡༣་༥་༡༡ཉིན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གཅིག་ཐིག་དང་པོའི་མཐར་ཕྱིན་འཛིན་གྲྭར་དྲན་རྟེན་དུ་ཞང༧གངས་སྲས་སུ་འབད་པས་ཕུལ།
- ཟིན་ཐོ་གོང་མ།ལྷོ་རོལ་གྱི་མཚམས་སྤྲིན།།
- ཟིན་ཐོ་འོག་མ།རྟོགས་སད་ཀྱི་ང་རོ།།