ཁམས་པའི་བུ་མོ།
9799འཛིན་མཁན་ལ་ཕུལ།
བརྩེ་བ་རི་རྒྱལ་བཞིན་སྤྲད་ན།།
དུང་བ་རྒྱ་མཚོ་ལྟར་ལོས་སྟེར།།
ཕོ་མོ་ཕན་ཚུན་བར་མཐུན་ན།།
བརྩེ་དུང་དེ་ཙམ་གྱིས་ཆོག་འདུག །
、
ན་ནིང་སྟེས་དབང་གིས་འཕྲད་པའི།།
ཁ་མཚར་རྩེ་མོ་ལ་མཁས་པའི།།
སྐལ་བཟང་མིང་ཅན་གྱི་དགའ་མ།།
ཁམས་པའི་བུ་མོ་ཁྱོད་བདེ་མོ།།
རྒན་དར་གཞོན་གསུམ་ཀུན་འཛོམས་ཡུལ།།
མདོ་ཁམས་གླུ་གར་གྱི་གླིང་དེར།།
ངེད་གཉིས་ཐོག་མར་དུ་འཕྲད་དུས།།
ཚོར་བ་མངར་བོ་དེ་ཞིམ་འགི །
ཁམས་པའི་རང་བཞིན་དེ་འགྱུར་མེད།།
གང་བསམ་ཐད་ཀར་དུ་འཆད་ལ།།
ཁ་གཡང་མ་གཡང་ཅེས་འབོད་མཁན།།
དགའ་བའི་གྲོགས་མོ་ཁྱོད་དྲན་ནོ།།
དུས་ཚོད་མགྱོགས་པོ་འདྲ་ཕྱིན་འདུག །
ངེད་གཉིས་ངོ་ཤེས་སུ་གྱུར་ཏེ།།
བརྩེ་དུང་མངར་ཁ་དེ་རོལ་ནས།།
ལོ་ངོ་གཅིག་ཙམ་ལས་ཟིན་ཉེ། །
གྲང་ལྷག་འུར་འུར་དུ་ལྡང་རུང་།།
ཐན་ཅིང་ཐང་ཆེན་དུ་འཛོམས་ནས།།
དུང་སེམས་ཤུབ་ཤུབ་དུ་འཆད་པའི།།
དགོང་མོའི་དུས་ཚོད་དེ་དྲན་གིན།།
མི་ཚེའི་རྒྱུད་ལམ་འདི་བསམ་ན།།
མཚར་སྡུག་འོད་སྟོང་གིས་ཁེངས་ལ །
དགའ་རོགས་བདུན་པོ་ཡི་གྲས་སུ།།
སེམས་རྟེན་ཡག་ཤོས་གཅིག་གྱུར་འདུག །
ཁ་སེམས་གཅིག་མཐུན་དུ་གནས་ཤིང་།།
གཟུགས་བྱད་མི་དམན་པ་ཡིན་པ།།
གཏམ་ལ་བསྲེས་ལྷད་དེ་ཉུང་བས།།
ཁྱོད་རང་གཤིས་ཀ་ལ་དགའ་ཡོད།།
སེམས་ལ་སྡུག་བསྔལ་དེ་མེད་ལ།།
ལུས་ཁམས་བདེ་མོ་རུ་གནས་ཤིང་།།
ཉིིན་རེར་ཁ་པར་གྱི་ལམ་ནས །།
ཁམས་བདེའི་མཚམས་འདྲི་དེ་ཡག་བྱུང་།།
ངེད་གཉིས་མཉམ་འཛོམས་ཀྱི་དུས་ལ།།
ཁ་ཞེ་གཉིས་མེད་ཀྱི་ངང་ནས།།
འགྱུར་མེད་བརྩེ་དུང་དེ་སྤྲད་པ།།
ཁོ་བོའི་སེམས་གཏིང་ལ་ཉར་ཡོད།།
ཕར་སེམས་གངས་རི་ལྟར་བསྟན་པས།།
ཚུར་ལ་གངས་སེང་བཞིན་འཁོར་བྱུང་།།
ལྷད་མེད་དུང་སེམས་ཀྱིས་ཚོར་བས།།
ང་ཡི་སེམས་རྟེན་དུ་གྱུར་ཡོད། །
སྐད་ཆ་གང་འདྲ་ཞིག་འཆད་ཡང་།།
སྔ་བསམ་ཕྱི་འདང་དེ་བཟང་བ།།
བྱ་བ་ཅི་འདྲ་ཞིག་སྒྲུབ་ཡང་།།
ནན་གཏན་བྱས་པ་ལ་མོས་ཡོད།།
མི་བུ་འགའ་ཤས་དང་འདྲ་བའི།།
སྐད་ཆ་སྙན་པོ་དེ་མི་ཤེས།།
མགོ་བསྐོར་བསླུ་བྲིད་དེ་མི་བྱེད།།
དམ་བཅའ་སྔ་མོ་ནས་བཞག་ཟིན།།
ད་ལྟའི་རྐྱེན་གྱིས་ནི་ཡིན་སྙམ།།
བརྩེ་བའི་དགའ་རོགས་དེ་འགྲིག་སོང་།།
ལས་དབང་ཅི་འདྲ་ཡོད་མ་ཤེས།།
ཚེ་རོགས་ཡོང་རེད་ཅེས་ཤོད་དཀའ།།
མི་སེམས་ཁེངས་དུས་ཤིག་མེད་པས།།
ལས་གནས་སྲ་བརྟན་ཅིག་དགོས་ཕྱིར།།
འཁོར་བའི་ལས་དོན་གྱི་ཐད་ལ།།
རེ་ཞིག་ཕྱིར་འགྱངས་དེ་དགོས་སོང་།།
ཕན་ཚུན་བྲལ་དགོས་དེ་བྱུང་ན།།
མིག་ཆུའི་ཐིགས་ཕྲེང་དེ་མི་གཏོང་།།
ངོ་གདོན་ནག་པོ་ཡང་མི་བསྟན།།
ཁྱོད་དགའ་ང་སྐྱིད་ཀྱིས་བྲལ་ལོ།།
ཧ་ཅང་ཡིད་སེམས་དང་མཐུན་པའི།།
བརྩེ་བའི་གྲོགས་མཆོག་གི་དང་མ།།
ངེད་གཉིས་གྲོགས་པོ་ཡི་འདུ་ཤེས།།
ཤི་བྲལ་མ་གཏོགས་ལས་མེད་དོ།།
གཞན་ལ་བསམ་གཞིཌ་དེ་ཤེས་གདའ།།
རང་གི་ཕུགས་འདུན་དེ་ལེགས་འདུག །
གང་དྲན་ཐད་ཀར་དུ་བཤད་པ།།
ཁ་སེམས་གཅིག་མཚུངས་དེ་སྤྲོ་ཡོད།།
བྱ་སྤྱོད་མིག་ལམ་ལ་འགྲོ་བའི།།
རང་ཚུགས་བརྟན་པོ་ཞིག་གནས་པས།།
གང་དགོས་ལྷུན་གྱིས་རང་གྲུབ་པ།།
སེམས་ཁྲལ་དགོས་དོན་ཡང་མ་མཆིས།།
མ་འོངས་མི་ཚེ་ཡི་ནང་དུ།།
རྒྱུ་ནོར་ལོངས་སྤྱོད་ཀྱི་ཕྱུག་ཅིང་།།
དགའ་སྐྱིད་དགོད་སྒྲ་དང་ལྡན་པའི།།
གངས་རིའི་ཨ་མ་ཞིག་འགྱུར་སྨོན།།
2013•9•25ཉིན།