སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྙིང་ནོར།།
[ 2015/12/5 18:03:00 | By: ལྷ་གཡག་དར་མ། ]
 

 

སྙིང་ནོར།། 
                                          གཅེས་ཕྲུག་ཉིན་ཞག་༡༣༦ ( ཅི་བསམ་འགྲུབ)འཁོར་ཉིན་གྱི་ལེགས་སྐྱེས།  
                                                      ལྷ་གཡག་དར་མ། 


*“བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན།།
ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག།
ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་ཡི།།
མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག ། ”*

བསླུ་མེད་མཆོག་གསུམ་དམ་པས་རྟག་དུ་མགོན།།
ལས་དང་དབང་ཐང་ཡར་ངོའི་ཟླ་ལྟར་འཕེལ།།
ཤེས་ཡོན་ལྡན་ཅིང་སྟོབས་འབྱོར་མངའ་ཐང་རྒྱས།།
ནད་མེད་ལང་ཚོ་རྒྱས་པའི་ཁ་གཡང་འབོད།།

སྔོན་ལས་བཟང་པོས་མི་ལུས་རིན་ཆེན་རྙེད།།
དེ་ཡང་སྐྱེས་ས་གངས་ལྗོངས་ཡུལ་དུ་རེད།།
ལས་དབང་ཞིག་གིས་ངེད་གཉིས་ཕ་བུ་གྱུར།།
དོན་འདི་བཟང་པོ་གསུམ་འཛོམས་འདོགས་པར་བྱ།།

གཅེས་ཕྲུག་ཁྱོད་ནི་བུ་ངའི་མི་ཚེའི་ནང་།།
གྲུབ་འབྲས་ཡག་ཤོས་ཡིན་པས་དགའ་ནི་ཡོད།།
རྙེད་དཀའི་རིན་ཆེན་མི་ལུས་ཐོབ་པ་དེ།།
ཚེ་སྔོན་ལས་བཟང་སྒྲུབ་པའི་རྟགས་སུ་གྲུབ། ། 

གངས་ལྗོངས་ཡུལ་དུ་སྐྱེས་བའི་དོན་གོ་ནི།།
རིགས་ཀྱི་ཕ་སྐད་མ་ཡིག་རྒྱུད་འཛིན་དང་།།
ཟས་མཆོག་རྩམ་པར་ཞེན་ལོག་མི་སྐྱེ་རྒྱུའི།།
རྒྱུ་འབྲས་མིག་སྙིང་ལྟར་དུ་གཅེས་རྒྱུ་གལ།།

ཟླ་དགུ་ཞག་བཅུར་ངལ་མེད་ལྷུམས་སུ་ཉར།།
གཅེས་པའི་བུ་ཁྱོའི་གཟུགས་པོའི་བདེ་ཐང་ཆེད།།
ཞིམ་པོའི་ཟས་འཛེམས་ཟུག་རྔུའི་སྨན་དཔྱད་སྤང་།།
ཨ་མའི་དྲིན་དེ་འཇལ་རྒྱུ་སེམས་ལ་ཞོག  ། 

ཨ་ཕའི་སེམས་ལ་ཀ་ཁའི་རངས་མདངས་ཡོད།།
ཨ་མའི་རུས་པ་གངས་ནས་ཆད་གྱུར་པས། །
བུ་ཁྱོས་ཕ་སྐད་མ་ཡིག་གཙོར་འཛིན་ཏེ།།
ཕ་ས་གངས་རིའི་ལྗོངས་ལ་ལེགས་སྐྱེས་ཕུལ།། 

མངར་སྐྱུར་འདྲེས་མའི་འཇིག་རྟེན་མི་ཡུལ་འདིར།།
བདེ་སྡུག་ཅི་བྱུང་མདུན་སྐྱོད་ལྷོད་མི་ཉན།།
བསྟོད་སྨད་ཅི་བྱས་རང་གི་ཕུགས་འདུན་ཆེད།།
ཚུལ་ལྡན་མི་བུར་འགྱུར་ཆེད་ཤེས་ཡོན་བརྩོན།།

རུས་རིགས་བཟང་ངན་ཡོད་མེད་བདེན་ཆུག་མོད །།
མི་བུ་རང་ཉིད་ཤེས་ཡོན་མེད་པ་དང་།།
མི་གཞིའི་ཀུན་སྤྱོད་བྱ་བ་བཙོག་གྱུར་ན །།
རླུང་ཁའི་མར་མེ་ལྟ་བུ་ཡུན་མི་བརྟན །།

རང་གི་སྐད་ཡིག་གཉིས་པོ་གཙོ་རུ་འཛིན།།
དབྱིན་ཡིག་དགྱ་ཡིག་སོགས་ཀྱི་རྒྱན་ཆ་འདོགས།།
ཚན་རྩལ་རིག་པའི་བུ་མོ་གཏན་གྲོགས་སྒྲིག །
གཞན་ཕན་ལྷག་བསམ་དཀར་པོ་རྒྱུན་དུ་བརྟན།།

ཕ་མ་ངེད་གཉིས་རེ་བའི་དྭངས་མ་ནི།།
མི་ཚེ་ཤེས་ཡོན་ལམ་ལ་བསྐྱོད་རྒྱུ་དང་། །
ཡ་རབས་ཚུལ་ལྡན་མི་ལ་བསྟུན་རྒྱུ་ནི།།
བདེ་བའི་འབྱུང་གནས་ཡིན་པས་སེམས་ལ་ཞོག །

རྒྱུ་ནོར་དབང་ཆ་ཅུང་ཟད་ལྡན་པའི་དུས།།
རང་གིས་རང་ལྟོས་རང་ཚུགས་རང་གིས་ཟུང་།།
བདག་གཞན་གཉིས་ཀ་ཕུང་བའི་ལས་དོན་ལ།།
དོགས་ཟོན་ཆེར་སྐྱེད་རྒྱང་ནས་རྒྱང་དུ་བྱོལ།།

ཡོད་ཚད་སྒོར་གྱིས་བསླུས་པའི་དུས་རབས་འདིར།
ཚུལ་ལྡན་ལམ་ལ་བགྲོད་པར་དཀའ་ཚེགས་ཆེ།།
འབད་པ་སྟོང་གིས་དྲང་བདེན་བསྐྲུན་པ་ལ།།
ལས་དོན་ཆུང་ངུའི་དུས་ནས་གོམས་པ་བྱོས།།

དང་པོ་ཨ་གསར་མ་ཆེ་རང་ཚུགས་བརྟན།།
བར་དུ་མཐུན་མིན་ཡང་ཡང་བརྟག་དཔྱད་གྱིས།།
ཡིད་སེམས་དབྱེར་མེད་འདྲེས་པའི་གྲོགས་པོ་ལ།།
མགོ་བསྐོར་བསླུ་བྲིད་མ་བྱེད་སྙིང་གི་བུ།།

ཕན་མེད་གནོད་བྱེད་དུ་ཆང་འདི་གཉིས་ནི།།
ཏིལ་འབྲུ་ཙམ་ཞིག་ལོངས་སུ་སྤྱོད་མི་ཉན།།
ལྷད་མེད་བཅུད་ལྡན་ཤ་མར་རྩམ་གསུམ་ལ།།
རྒྱུན་དུ་བསྟེན་དང་ཟུངས་སྟོབས་ངང་གིས་རྒྱས།།

ངོས་ལ་བཅོས་མའི་འཛུམ་ཆུང་ཉིལ་ལི་ལི།།
ལྐོགས་ན་མི་འདོད་མཆུ་ཚུགས་མུགས་སེ་མུག །
མགོ་བདེ་དྲན་འཕྲུལ་ཆེ་བའི་མི་ཡི་ཚོགས།།
འགོ་བའི་ནད་བཞིན་སྔོན་འགོག་ནན་མོ་བྱོས།  །

ལྔ་གསུམ་བཅོ་ལྔའི་ཙམ་གྱི་དུས་དེ་ནས།།
ཕོ་མོ་བར་གྱི་བརྩེ་དུང་ཞེས་པ་ཞིག །
འཚོ་བའི་བར་ན་རིམ་བཞིན་སིབ་ནས་ཡོང་།།
དེ་དུས་རིན་ཆེན་དུས་ཚོད་དམ་འཛིན་གྱིས།།

ཤེས་བྱ་སྣ་ཚོགས་བརྩོན་ན་ལོས་ཆོག་སྟེ།།
གཙོ་བོ་རང་གིས་མོས་པའི་ལས་རིགས་འདེམ། །
བདག་གིས་བསམ་ན་རང་གཞན་ཀུན་ཕན་པའི།།
གསོ་བ་རིག་པའི་གཞུང་འདི་ཤིན་ཏུ་ལེགས།།

ཁ་སྟོང་ལ་རྒྱ་དེས་ཀྱང་མི་ཕན་པས།།
རིགས་ཀྱི་སྐད་ཡིག་གཉིས་པོའི་བདག་པོ་བྱོས།།
ཀུན་ལ་མཁོ་བའི་ཤེས་ཡོན་ལག་རྩལ་སྦྱོང་།།
རིགས་ཞེན་སེམས་པ་དཀར་པོས་རིགས་འདི་སྲུང་། །

དད་པ་དག་སྣང་ལོས་དགོས་བོད་ཀྱི་བུ།།
འོན་ཀྱང་རྨོངས་དད་དྲྭ་བར་ཚུད་མི་རུང་།།
ཡོད་ཚད་ལས་དབང་ཐོག་ལ་མི་འགེལ་ནས།།
རང་མགོན་རང་ཉིད་ཡིན་པ་ཤེས་པར་བྱོས།།

ཕར་སྨྲས་ཚིག་གི་གནད་དོན་ཕིག་ཐུབ་པ།།།
ཚུར་བཤད་དོགས་གནད་དབྱེ་ཞིབ་དཀྲོལ་ཐུབ་པའི།།
འདྲ་འདྲའི་ཁྲོད་ནས་རྣམ་དཔྱོད་རིག་པ་ཅན།།
ཤེས་རབ་སྨྲ་བའི་སེང་གེས་སྡོང་གྲོགས་མཛོད།།

བཀྲ་ཤིས་གསེར་གྱི་ཉི་མ་གཡས་ནས་འཁྱིལ།།
བདེ་ལེགས་དུང་གི་ཟླ་བ་གཡོན་ནས་འཛུམ།།
ཕུན་ཚོགས་སྨིན་དྲུག་ཁྲ་མོ་དབུས་ནས་ཚེས།།
གཅེས་ཕྲུག་ཉིན་བརྒྱ་ལོན་པའི་རྟེན་འབྲེལ་བཟང་།།

རྒྱུ་ནོར་ལོངས་སྤྱོད་འཛོམས་པ་ལྷ་དང་མཉམ།།
མི་བུྃའི་ཚེ་སྲོག་རྡོ་རྗེ་བྲག་ལས་སྲ།།
ལསྃ་དབང་སྐུ་བསོད་ཡར་ངོས་ཟླ་ལྟར་འཕེལ།།
སྙན་གྲགསྃ་སྟོང་ཁམས་ཡོངས་ལ་ཁྱབ་པར་སྨོན།།
      ྃ
ལྷད་མེད་སེམས་པ་དཀར་པོའི་སྙིང་གཏམ་འདི།།
ཨ་ཕས་བུ་ལ་བཤད་པའི་བསླབ་བྱ་ཡིན།།
རེ་བ་ཁྲི་མ་འབུམ་ཞིག་བཅོལ་ནས་ཡོད།།
སྨོན་པ་བྱེ་བ་ས་ཡས་རྒྱས་གདབ་བོ།།

* ཚིག་བཅད་འདི་རྟེན་འབྲེལ་གྱི་ཚུལ་དུ་བྱིས་པ་ཉེར་སྤྱོད་ཀྱི་ལེའུ་ནང་ནས་དྲངས།* ཚིག་བཅད་གཞན་ཚོ་དེ་དང་མཐུན་པར་བྱ།    
                                         ༢༠༡༥   ༡༡   ༡༦   ཉིན།    གྲུབ། 



 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.