གྲོགས་པོ་ལྡོང་སྐལ་བཟང་གི་སྒེར་དེབ་ལེགས་གྲུབ་བྱུང་བ་རྟེན་འབྲེལ་ཞུ།
སློབ་གྲྭ་ཆེ་འབྲིང་གི་སྒྲིག་ལ་མ་ཞུགས།།
དགེ་རྒན་ཆེ་མོ་འགའི་ཞབས་ལ་མ་གཏུག །
ཕ་རྒན་ཨ་མྱེ་ཚོའི་བཀའ་དྲིན་འོག་ལ།།
ཀ་མད་སུམ་ཆུ་ལ་འབྲི་འདོན་བརྩོན་འདུག །
དཀར་ནག་ཕྱུག་རིགས་ཀྱི་རྨིག་རྗེས་འདེད་བཞིན།།
རི་གྲོང་ཆུང་ཆུང་གི་གྲོང་ཆོག་བྱས་ཞོར །།
རང་ཉིད་དགའ་ཕྱོགས་ཀྱིས་དཔེ་ཀློག་བྲེལ་བའི།།
འབྲོག་ཕྲུག་ངོ་མ་འདི་བདག་ཡིད་རངས་སོང་།།
ཁྱུང་ཡུལ་ས་ཆ་འདིར་བསོད་ནམས་འཛོམས་པས།།
དབྱར་རྩྭ་དགུན་འབུ་ཡི་ཡོངས་འབབ་བཟང་ཞིང་།།
ལོ་ཆུང་མང་པོ་ཞིག་རིག་གནས་བགོས་སྐལ།།
རང་བཞིན་ཅད་པ་དེ་ཉུང་ཉུང་མ་རེད།།
ཕ་མ་གཅིག་པུ་ལ་ངན་ཁ་མི་འགེལ།།
བུ་ཕྲུལ་ཁྲེལ་མདེ་འགའ་ལན་པ་ལོས་ཡོད།།
ལམ་ནོར་ལྡོག་ཤེས་ཅེས་ཤེས་པའི་བུ་རྒོད།།
འབྲོག་ཕྲུག་ལྡོང་སྐལ་ཁྱོད་ཕོ་ལྷ་བསྭོ་འོ།།
ཕྱི་རོལ་རྣམ་གཡེང་ལ་ཟུར་མིག་མ་འཕང་།།
རྒྱན་འཇོག་དུ་ཆང་ལ་གྲོགས་སུ་མ་བྱས།།
འབྲོག་རོ་མགོ་འཐོམ་གྱི་མིང་ངན་དོར་ཆེད།།
རིག་པའི་འཕྲུལ་འཁོར་འདི་ད་རེས་ཡག་འདུག །
འབྲོག་པའི་གཞོན་ནུ་ཚོས་མགོ་བོ་དགྱེས་ཏེ།།
འབྲོག་ཕྲུག་དག་མ་དེའི་སོང་ཤུལ་ལྟོས་དང་།།
འབྲོག་ཕྲུག་དག་མ་དེའི་ལྷག་བསམ་ཨེ་ཤེས།།
འབྲོག་ཕྲུག་དར་མ་དེའི་རྩོམ་རྩལ་ཞིབ་དང་།།
རོང་བའི་གཞོན་ནུ་ཚོས་ཚོར་བ་ཨེ་བྱུང་།།
འབྲོག་ཕྲུག་ཆུང་ཆུང་འདིའི་དེབ་ཆུང་འདི་འདྲ།།
དཀའ་སྡུག་གང་མང་ལ་ངལ་བ་མ་འཛེམ ། །
དོ་གཟོད་མི་ཡུལ་འདི་ཚོར་རྟོག་འཁྲུངས་འདུག །
གང་སར་འགྲིམ་པའི་སློབ་ཆེན་པས་ཨེ་རིག །
སྒེར་དེབ་ཕར་ཞོག་ཚིག་བཅད་རེ་འབྲི་དུས།།
དཀའ་ཁག་ཅི་འདྲ་ཡོད་སེམས་ལ་གསལ་ངེས།།
འབྲོག་ཕྲུག་རིག་རྒོད་འདིའི་འབད་བརྩོན་མཐོང་དགོས།།
ཚོར་བའི་བར་སེང་ནས་རྙེད་པའི་རྟོག་པ།།
ཀ་མད་སུམ་ཅུ་ཡི་ལམ་ནས་དྲངས་ཤིང་།།
བརྗོད་བྱ་ཚིག་འཁོར་གྱི་འོ་མ་དཀར་པོ་།།
རྗོད་བྱེད་དོན་འདུས་ཀྱི་མར་དཀར་ཞིམ་བྱུང་།།
སེམས་པའི་གཞི་རྒྱ་དེ་སྔར་ལས་བསྐྱེད་ནས།།
སྙན་ངག་ལྷ་མོ་དེ་གཏན་གྲོགས་བསྒྲིག་ནས།།
འདས་མ་ད་གསུམ་གྱི་དགའ་སྡུག་གླེང་བཞིན།།
མདུན་བསྐྱོད་ལམ་བུ་དེ་མུ་མཐུད་བགྲོད་དགོས།།
ཡར་རྒྱས་གོང་འཕེལ་ལ་ཟད་མཐའ་མེད་ཕྱིར།།
ཁོམ་པ་ཡོད་ཚད་ཀྱང་དཔེ་ཀློག་བྲེལ་ཞིང་།།
ཚོར་བའི་དུང་སེམས་དེ་ཡིག་ཐོག་ཕོབ་དང་།།
ལྷ་གཡག་དར་མ་ངས་ནམ་ཡང་ཀློག་ཆོག །།
༢༠༡༤ ༣ ༢༣ ཉིན། ལྷ་གཡག་དར་མ།