ཏི་པོམ་ཐང་གསུམ་གྱི་བྱུང་བ་རགས་ཙམ་བརྗོད་པ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།
འཛམ་གླིང་དབུས་ཀྱི་ལྟེ་བ་རི་བོ་གངས་རྒྱལ་ཏི་སེས་མཚོན་པའི་བོད་ཁ་བ་ཅན་གྱི་ལྗོངས། འདིར་ཧི་མ་ལ་ཡའི་རི་རྒྱུད་ནས་བཟུང་གངས་རི་དཀར་པོ་ཤེལ་གྱི་ཕྲེང་བ་ལྟར་མུ་ཁྱུད་ཀྱིས་བསྐོར་བས་ན་གངས་རིའི་ར་བས་བསྐོར་བའི་ཞིང་དང་། རི་མཐོ་ས་གཙང་རང་བཞིན་གྱི་བསིལ་རླུང་གྲང་མོ་རྟག་ཏུ་གཡོ་བས་བསིལ་ལྡན་གྱི་ལྗོངས་དང་། དབྱར་དགུན་སྟོན་དཔྱིད་གང་གིས་འཇིག་པ་མི་མངའ་བའི་རང་བཞིན་འཁྱགས་རུམ་ཅན་གྱི་སྲིད་པའི་གངས་རྒན། རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ནས། འོད་དེ་གུང་རྒྱལ་་དང་ཐང་ལྷ། ཡར་ལྷ། པོམ་ར་སོགས་དང་། འཇིག་རྟེན་བརྟན་མ་བཅུ་གཉིས་ཀྱི་ནང་ནས། ཤ་མེད་གངས་དཀར་ཞང་བོད་སྟོད་ཀྱི་རྒྱུང་དགུའི་ནང་ནས་ཤེལ་རྒྱུང་གངས་དང་། ཞང་ཞུང་གི་རྟ་སྒོ་གངས་རྒན་དང་། སྒྲ་བླ་སྟག་རི་ཁྲ་བོ། ཇོ་མོ་གངས་དཀར། ཇོ་མོ་གླང་རི། བསམ་གཏན་ཁང་བཟང་། ཀོང་གི་གནམ་ལྕགས་འབར་བ། གནས་ཆེན་ཙ་རི་ཏྲ། རོང་བཙན་ཁ་བ་དཀར་པོ། མེ་སྟག་གངས་དཀར། རྨེ་རུ་གངས་དཀར། གནོད་སྦྱིན་གངས་བཟང་སོགས་སྙན་གྲགས་ཅན་གྱི་རི་བོ་གངས་གཅན་མང་པོ་བོད་ཀྱི་ས་ཆ་སྟོད་སྨད་བར་གསུམ་ཀུན་ལ་གངས་རི་མེ་ཏོག་བཀྲ་བ་ལྟར་གནས་པས་ན་གངས་ཅན་གྱི་ལྗོངས་སམ་གངས་ལྗོངས་ཀྱི་ཞིང་དང་། དགུན་ཟླ་གསུམ་གྱི་རིང་གཙོས་བོད་ཀྱི་རི་བོ་རྣམས་ལ་ཁ་བ་དཀར་པོའི་ལ་བ་གྱོན་པ་ལྟ་བུ་དང་། རི་རྩེ་ཀུན་ལ་ཁ་བའི་རྡུལ་བརྩེགས་ཀྱི་གངས་ཀྱི་གཏམས་པས་ན། ཁ་བ་ཅན་གྱི་ལྗོངས་སོགས་ཐ་སྙད་མིང་གི་རྣམ་གྲངས་ཐད་ལའང་། འདྲ་བ་རྒྱུ་མཚན་དུ་བྱས་པ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་ཅི་རིགས་ཀྱི་སྒོ་ནས་སྙན་ངག་པ་རྣམས་ཀྱིས་མངོན་བརྗོད་ཀྱི་ལམ་ནས་དྲངས་ཏེ་བཏགས་མིང་དུ་མ་ཞིག་གསོལ་ཡོད་པ་རེད། རི་བོ་གངས་ཅན་དེ་དག་གི་ནང་ནས་ཡོངས་སུ་གྲགས་ཆེ་ཞིང་གཙོར་ཆེ་བ་བོད་ཀྱི་ས་ཁུལ་སྟོད་སྨད་བར་གསུམ་གྱི་ས་དམིགས་འཛིན་པ་གངས་ཅན་གྱི་བླ་རི་ཆེ་གསུམ་སྟེ་རི་བོ་གངས་རྒྱལ་ཏི་སེ་དང་། གཉན་ཆེན་ཐང་ལྷ། རྨ་ཆེན་པོམ་ར་གསུམ་དུ་ངེས་པ། བོན་ཆོག་སྟག་ལའི་བཟློག་ཟོར་ལས། “ལྷ་རྒྱལ་ཏི་སེ་ལ་སོགས་ཏེ། འཛམ་གླིང་སྟོད་ན་གནས་པ་ཡིན། གཉན་ཆེན་ཐང་ལྷ་ལ་སོགས་ཏེ། འཛམ་གླིང་བར་ན་གནས་པ་ཡིན། རྨ་གཉན་པོམ་ར་ལ་སོགས་ཏེ། འཛམ་གླིང་སྨད་ན་གནས་པ་ཡིན།” ཞེས་གསལ་བ་ལྟར་སྲིད་པའི་གངས་ཆེན་རྣམ་གསུམ་དེ་ལོ་རྒྱུས་བྱུང་རིམ་ལྟར་བྱས་ན། སྔར་ཞང་ཞུང་རྒྱལ་ཁབ་ཀྱི་དུས་སུ་ཞང་ཞུང་ཁྲི་སྡེ་སྟོད་སྨད་བར་གསུམ་གྱི་ས་ཚིགས་ཀྱི་མིང་འཛིན་ལ། བར་དུ་དུས་རབས་བརྒྱད་པ་ནས་བཟུང་ཞང་བོད་གཅིག་གྱུར་གྱི་རྗེས་སུ། སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་གམ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་དམིགས་འཛིན་ཏེ། གངས་རིན་པོ་ཆེ་ནི་ལ་དྭགས་གཡའ་ཡིས་བསྐོར་དང་སྤུ་རང་གངས་ཀྱིས་བསྐོར། མར་ཡུལ་ཆབ་ཀྱིས་བསྐོར་བའི་དབུས་ན་བླ་རི་གངས་རྒྱལ་ཏི་སེ་ཞེས་གངས་གཉན་སུམ་བརྒྱ་དྲུག་ཅུས་བསྐོར་ནས་སྟོད་ཀྱི་དམིགས་འཛིན་ནོ། བར་དབུས་གཙང་རུ་བཞི་སྟེ། དབུས་ལ་དབུ་རུ་དང་རུ་ལག་གཉིས། གཙང་ལ་གཡས་རུ་དང་གཡོན་རུ་གཉིས་ཏེ་བཞི་དང་། དེ་དག་གི་རྒྱབ་ཏུ་གཉན་ཆེན་ཐང་ལྷ་ལ་གཉན་སྲས་སུམ་བརྒྱ་དྲུག་ཅུས་བསྐོར་ནས་བར་གྱི་དམིགས་འཛིན་པའོ། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་སྟེ། ཆུ་བཞི་ནི་རྔུལ་ཆུ་དང་ཟླ་ཆུ་འབྲི་ཆུ། རྨ་ཆུ་དང་བཞིའོ། སྒང་དྲུག་ནི་བཤད་སྲོལ་དང་མི་མཐུན་མང་ཡང་འདིར་རྔུལ་རྫ་ཟལ་མོ་སྒང་དང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོམ་སྦོར་སྒང་། རྨར་རྫ་སྒང་། མེ་ཉག་རབ་སྒང་དང་དྲུག་བཅས་ཀྱི་ནང་ནས་ཆུ་བཞིའི་ནང་ཚན་མདོ་སྨད་རྨ་ཆུའི་ཕུགས་ན། ཀུན་བཟང་ཐུགས་སྤྲུལ་ལྷ་སྲས་རྨ་ཆེན་པོམ་ར་ལ། རྨ་ཡི་དྲལ་པོ་དགུ་དང་། ལྕམ་མོ་དགུ། ཡང་འཁོར་སུམ་བརྒྱ་དྲུག་ཅུ། ཕྱི་འཁོརའབུམ་དང་བཅས་པ་བསྐོར་ནས་མདོ་སྨད་ཀྱི་ས་དམིགས་འཛིན་པས་སོ། གྲགས་ཅན་གངས་རི་རྣམ་གསུམ་དེ་དེང་གི་ཆར་ལའང་བོད་ཆོལ་ཁ་གསུམ་མམ་མདོ་སྟོད་སྨད་བར་གསུམ་གྱི་ས་དམིགས་འཛིན་ཟེར་ན་འཐད་དོ་སྙམ་།། ལྷག་ཏུ་གངས་རིའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།“ཏི་སེའི་གཙོ་གྱུར་ཞང་ཞུང་ལྷ་རིགས་དང་། ཐང་ལྷའི་གཙོར་གྱུར་བོད་ཡུལ་ལྷ་རིགས་དང་། པོམ་རའི་གཙོར་གྱུར་མདོ་ཁམས་རྨ་རིགས་དང་།” ཞེས་གསལ་བ་ལྟར་ཏི་སེ་ཐང་ལྷ་པོམ་ར་གསུམ་དེ་ཞང་བོད་དུས་རབས་རིམ་བྱུང་གི་སྐབས་སུ་རྗེ་ཡི་བླ་རི་དང་། འབངས་ཀྱི་རྒྱབ་རི། ཡི་དམ་དུ་མའི་བཀའ་ཉན་ལས་བྱེད་ཀྱི་འཁོར་དང་། སངས་རྒྱས་ཀྱི་བསྟན་སྲུང་ཡུལ་ས་གཞི་བདག་ཀུན་གྱི་རྗེ་བོ་གནས་ཡུལ་སོ་སོའི་ཡུལ་མི་རྣམས་ཀྱིས་མཆོད་བསྟོད་བྱ་སའི་གནས་རི་རྩ་ཆེན་ཞིག་ཡིན་སྟབས་དེ་དག་གི་ངོ་སྤྲོད་སྙིང་བསྡུས་ཙམ་ཞིག་འདིར་ཞུས་ན་།།