བེེེཻ་ཌཱུརྱཿཕུལ་བའི་མཇུག་མཐའི་སྐད་ཆ།།
དེང་སང་རང་གཞན་ཀུན་གྱི་སྐར་ཆ་ཙམ་ཡང་འབྲལ་བར་མི་ནུས་པའི་འཕྲིན་ཕྲན་
ནང་འཚོ་བྱེད་གླེང་སྟེགས་ཞེས་པའི་གསར་བུ་ཞིག་དང་ངེད་གཉིས་བསམ་བློ་བརྗེ་རེས་དང་
རང་རྟུག་གསེར་སྒོམ་གྱི་དཔེ་བཞིན་སོ་སོའི་ལྟ་བ་འཆད་ཁུལ་བྱས། འདི་ནི་ཁོ་བོས་རྒོལ་ལན་དུ་
ཕུལ་བའི་གྲས་ཤིག་ཡིན། ད་དུང་ཕན་ཚུན་བརྩད་པའི་ཞིབ་ཕྲ་དག་གུས་པའི་འཕྲིན་ཕྲན་གྱི་པར་ཁུག་ནང་
ཡོད་པས་མོས་པ་ཡོད་མཁན་དག་གིས་གཟིགས་པར་འཚལ
ཁྱོད་ཀྱི་སེམས་ལ་ང་ནི་འཁྲུལ་འདུག་སྙམ། །
ང་ཡི་སེམས་ལ་ཁྱོད་རང་འཕྱུག་འདུག་བསམ།།
རང་རྟུག་གསེར་སྒོམ་ཅན་གྱི་རིག་པ་འདི།།
ནམ་ཡང་རྒྱལ་ཁ་མེད་པས་ཡིད་ལ་ཞོགས།
ཁ་ནས་ཕྱོགས་རིས་མེད་ཅེས་གླེང་རྐྱང་བྱེད།།
དོན་ནི་རང་གི་བཤད་པ་ཡིན་དགོས་ཅེས།།
ག་ཚད་བསྒྲག་ཀྱང་ནེ་ཚོའི་འདོན་པ་བཞིན།།
བདེན་པར་འཛིན་པའི་གོ་སྐབས་ཡེ་ནས་མེད།།
འབུམ་བཞི་གནམ་ནས་བབས་པའི་ཆར་པ་མིན།།
ས་ནས་སྐྱེས་པའི་རྩི་ཏོག་དེ་བས་མིན།།
གཞན་ནས་བསྒྱུར་ཏེ་བྱུང་བའི་བསྒྱུར་རྩོམ་མིན།།
གངས་ལྗོངས་སྣོད་བཅུད་དག་དང་ཡོངས་འཕྲོད་ཅིང་།
རང་ཚུགས་རང་གིས་ཟིན་པའི་གཞུང་མཆོག་ཡིན།།
ཐོག་མར་བོན་སྟོན་གཤེན་རབ་མི་བོས་གསུངས།།
བར་དུ་དཔྱད་བུ་ཁྲི་ཤེས་ཁོང་གིས་སྤེལ།།
རིམ་བཞིན་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས།།
ཞལ་སློབ་གཅིག་གིས་གཅིག་ལ་ལེགས་བརྒྱུད་ནས།།
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས།།
བོན་ཀྱི་ཤེས་པ་བཅུ་གཉིས་ལ་སོགས་པས།།
ཕན་ཤེས་སྨན་དང་སྐོས་ཤེས་རྩིས་ཀྱི་གནས།།
སྨན་རྩིས་རིག་པ་སྨྲ་བའི་ཁྱུ་མཆོག་ཡོད།།
མ་དཔེ་མ་མཐོང་བུ་དཔེ་མེད་དགོས་ཞེས།།
ཡང་མྱེས་མ་མཐོང་ཚ་བོ་ཁེགས་བྱེད་པའི།།
ཨུ་ཚུགས་རྭ་ལྟར་གྱོང་པའི་བླུན་རྟགས་དེས།།
རང་གི་མེས་པོ་མེད་པའི་ལུགས་ངན་བསྐྱངས།།
གོང་གི་འཛམ་གླིང་མཁས་པའི་རྒྱན་དྲུག་དང་།།
ཤེས་པ་བཅུ་གཉིས་སྐུ་གཤེན་དུ་མ་ཡིས།།
ལག་ལེན་བྱ་རྒྱུ་འབུམ་གཞུང་དེ་ག་རང་།།
ངོ་བོ་ཤེས་ན་རིན་བྲལ་ནོར་བུ་རེད།།
མ་ཤེས་ལོང་བ་རྩམ་པ་བསླབ་དང་མཚུངས།།
ཆོས་ལུགས་ཕྱོགས་རིས་ཆེ་བའི་བོད་རྒན་འགས།།
རང་ལྟ་གཅེས་འཛིན་ཆེད་དུ་ཅི་ཡང་བྱེད།།
རིན་བྲལ་བོད་ཀྱི་ཡིག་རིགས་རྩ་ཆེན་འགའ།།
མེ་ལྷའི་ཞལ་ཁ་མཆོད་པ་ཉུང་ཉུང་མིན། །
ཕ་དང་ཨ་མྱེ་ཕྱི་གྲལ་བརྫངས་མཁན་དང་།།
སྔོན་གྱི་མེས་པོ་ཀླད་མེད་སྒྲུབ་མཁན་ནི།།
ཁྱོད་རང་གཅིག་པུར་མ་ཡིན་ཨ་ཕ་དེ།།
བསད་ནས་དཔའ་བོ་སྒྲོག་མཁན་མི་ཉུང་ངོ་།
འོན་ཏེ་བདེན་དང་ལུང་པ་ཕུག་ཐག་རིང་།།
རྫུན་དང་ཨ་བྲ་གཉིས་པོ་མཇུག་ཐུང་རྐྱེན།།
བདེན་དོན་དབྱར་རྔ་སྒྲོག་པའི་མཁའ་མཐའ་ན །།
སྙིང་པོའི་རྨ་བྱ་བྲེལ་ལ་ཨེ་མ་ཧོ།།
ཆོས་མགོ་རྒྱ་གར་ཆུ་མགོ་གངས་ཞེས་པའི།།
ཤེས་ཡོན་རིག་གནས་གཞན་ནས་བསྒྱུར་བཤུས་དང་།།
ཚང་མ་མི་རིགས་གཞན་ལ་བཙན་གྱིས་གཏུགས།།
བོད་རིགས་རང་ལ་ཅི་ཡང་མེད་རབས་ཤོད།།
ངོ་མ་བདག་པོ་གཞན་ཡིན་ཟེར་ཡོང་དུས།།
ཁ་ནང་མཛུག་གུ་བརྒྱུད་པའི་ཐབས་ལས་གཞན།།
དེས་ན་སྔོན་བསཌ་ལས་དབང་བཟང་པོའི་མཐུས།།
གངས་ཕྲུག་ཞིག་གི་ལུས་རྟེན་ཐོབ་པ་དང་།།
བཅུ་ཕྲག་གཞུང་ལས་གསོ་རིག་བསྟན་པ་ཉིད།།
འཛིན་ལ་བྲེལ་བ་ངོ་མཚར་ཆེ་བར་འཁུམས།།
བོན་སྟོན་ཡབ་སྲས་མེས་པོ་དམ་པ་རེད།།
གཡུ་ཐོག་གསར་རྙིང་བོད་མི་དག་མ་རེད།།
འབུམ་རྒྱུད་གཉིས་ཀ་བོད་པའི་རིག་གནས་ཡིན།།
དེ་ཕྱིར་རིག་གཞུང་འདི་ལ་བརྩོན་པ་བྱེད།།
མིང་དོན་མཚུངས་པའི་སྨན་པ་འགྱུར་བར་སྨོན།།
ཕན་ཚུན་རིག་པ་རྩོད་པའི་སྐབས་འདི་ལ།།
ལྟ་བ་མཐུན་མིན་ཡོད་ཡང་སྲིད་པ་རེད།།
མི་གཞི་དམའ་འབེབ་བྱ་རྒྱུ་སྤང་བྱའོ།།
ཕྱོགས་རིས་རང་མཐོ་ཆེ་དྲག་ཟེར་ཡང་ཆོག །
མཐོང་རྒྱ་ཆུང་ཆུང་རེད་ཅེས་བསྡིག་ཀྱང་ཆོག །
ང་ཡང་ང་ལ་དབང་བའི་བསམ་དཔྱོད་ཡོད།།
གཡུ་ཐོག་གསར་རྙིང་དད་པ་སྙིང་ནས་ཡོད།།
རིས་མེད་མཁས་དབང་ཞྭ་བཞིན་བཀུར་ནས་ཡོད།།
བྱོན་དང་འབྱོན་པའི་གསོ་རིག་མཁས་དབང་ལ།།
མི་ཕྱེད་དད་པའི་སྤུ་ལོང་གཡོས་ནས་ཡོད།།
ཕྱོགས་རིས་ཅན་ལ་ནམ་ཡང་དགའ་ནི་མེད།།
མེད་པ་ཡིན་པར་སྒྲུབ་པའི་བློ་རིག་མེད།།
ཡོད་པ་མེད་ཅེས་གླེང་བའི་སྤོབས་པ་ཞན།།
མེས་པོའི་བཀའ་དྲིན་སེམས་ལ་བཞག་ནས་ཡོད།།
ཁ་བ་རི་བའི་བླ་སྲོག་སྐད་ཡིག་འདི།།
རང་ནུས་གང་ཡོད་བཏོན་ཏེ་སྲུང་སྐྱོབས་ཐད།།
ཕྱོགས་རིས་ཅན་གྱི་ལྟ་བ་རྒྱང་དོར་ནས།།
མཐུན་སྒྲིལ་རྡོག་རྩ་བསྒྲིལ་ཏེ་མདུན་དུ་བསྐྱོད།།
མུ་ཙུག་སྨར།།
2013.9.21ཉིན།