བཀའ་དྲིན་དྲན་བཞིན་ཡོད།།
གངས་དཀར་པོ་ཞིག་གི་ཕར་ནང་ལ།།
ཤེས་ཡོན་ཏན་འཛོམས་པའི་རྒན་ཞིག་ཡོད།།
ལས་དབང་ཐང་དར་བའི་མྱི་དེ་ནི།།
མཚན་སྨོས་ན་ཡོངས་འཛིན་སྨྲ་བའི་སེང་།།
རང་རིགས་ལ་ཞེན་པ་གངས་ལས་དཀར།།
བོད་རང་གི་བླ་སྲོག་སྐད་ཡིག་དང་།།
ནང་རིག་པ་གཙོས་པའི་རིག་གཞུང་ལ།།
ཀུན་མཁྱེན་པས་གངས་རིའི་ཚིག་མཛོད་ཅེས།།
སྤྱིར་ཁ་བ་གངས་ཅན་ལྗོངས་འདི་ལ།།
དྲིན་ཆེ་བའི་མྱེས་པོ་དམ་པ་ཞིག །
སྒོས་གཡུང་དྲུང་བོན་གྱི་བསྟན་པ་འདི།།
མར་འགྱེལ་གྲབས་སྐབས་དེར་ཡར་ལ་བསླངས།།
གོང་དམ་པ་མཆོག་གི་བཀའ་དྲིན་གྱིས།།
ང་འདྲ་བའི་བློ་རྨོངས་དུ་མ་ཞིག །
བློ་ཤེས་རིག་ལམ་ཁ་ཕྱོགས་རྒྱུ་འདི །།
རྗེ་བླ་མའི་ཐུགས་རྗེས་བཟུང་བའི་རྟགས།།
དྲིན་དྲིན་དུ་མ་སེམས་དགའ་ཧོ་རེད།།
གཏམ་གཏམ་ལན་མེད་ན་ལྐུགས་པ་ལྟར།།
རྗེ་ཁྱེད་ཉིད་སྐུ་གསུང་ཐུགས་གསུམ་གྱི།།
མཛད་འཕྲིན་ལས་རྒྱས་པའི་སྨོན་ལམ་ཆེད།།
ཐེངས་གཉིས་པའི་གསོ་སྦྱོང་སློབ་མ་གཙོས།།
རང་སོ་སོས་རང་འགུལ་རང་བཞིན་ངང་།།
རྗེ་ཁྱེད་ཀྱི་སྐུ་རིམ་ཞབས་བརྟན་དུ།
སྒོར་ཁྲི་ཚོ་གསུམ་དང་ལྔ་སྟོང་འདུས། །
རང་ཡུལ་གྱི་དགོན་ཁག་བརྒྱད་ཙམ་ལ།
སྟག་ལ་དང་སྲིད་རྒྱལ་སྟོང་ཚོགས་ཕུལ།།
གནས་བསྐོར་དང་ཚེ་ཐར་མང་དུ་བཏང་།།
ཚེ་སྙན་གྱི་དར་ལྕོག་མང་དུ་སྒྲོན།།
སྤྱིར་འགྲོ་བ་ཡོངས་ཀྱི་སྤྱི་རིམ་དང་།།
སྒོས་དམ་པ་མཆོག་གི་སྐུ་རིམ་ཡིན།།
རྗེ་བླ་མའི་སྐུ་ཚེ་རྟག་བརྟན་ན།།
འཁོར་ང་ཚོའི་བསོད་ནམས་དེ་རང་ཡིན།།
ཁ་མིན་དོན་གྱིས་འགྲོ་དྲུག་མ་རུ་སྒོམ་མཁན་ཏེ། ངེས་པ་དོན་གྱི་བླ་མ།
ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་གིས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་ཉིན་མཚན་དབྱེར་མེད་ངང་བསྟན་འགྲོའི་དོན་དུ་རྒྱལ་སྲས་དཔའ་བོའི་རྣམ་ཐར་བསྐྱངས་ཏེ་རྒྱལ་ཕྱི་ནང་གང་སར་ལ་སློབ་གྲྭ་དང་དགོན་པ་དུ་མར་གསར་བཞེངས་མཛད་པ་དང་མིང་དང་དོན་གྱིས་མཚུངས་པའི
་དགེ་བའི་བཤེས་ཆེན་མོ་མང་པོ་གསོ་སྐྱོང་མཛད།
དེ་ཡང་དམ་པ་ཁོང་གིས་ཐུགས་བསམ་ཡང་ཡང་བཞེས་པའི་མཐུ་ལས་ཁྱུང་ཡུལ་ཁམས་སུ་དགོན་པ་ཞིག་བཞེངས་པར་མ་དངུལ་འདྲ་བཏང་ན་རིས་མེད་ཀུན་ལ་ཕན་ཐོགས་འབྱུང་རྒྱུར་དཀའ་ངལ་ཡོད་པར་དགོངས་ནས་ངེས་པར་དུ་རྒྱལ་ཁམས་རིས་མེད་ཡོངས་ལ་ཕན་ཐོགས་འབྱུང་ཞིང་ལྷག་པར་ཁྱུང་ཡུལ་ཁམས་སུ་སྨན་མེད་སྨན་པ་དཀོན་པའི་ལུང་ཁུག་ལ་གཞིགས་ནས་སྐོམ་པ་ཆུ་འདོད་ལྟ་བུའི་ན་གཞོན་ཁྱུ་ཞིག་ལ་བོད་ལུགས་གསོ་རིག་གཙོས་པའི་ཤེས་བྱ་སྣ་ཚོགས་སྦྱོངས་སའི་ཁོར་ཡུག་ཞིག་བསྐྲུན་ཆེད་འབྲེལ་ཡོད་རྒྱལ་གཅེས་དབུ་ཁྲིད་དང་མི་སྣ་དག་ལ་འབྲེལ་ལམ་བཟུང་ནས་འབུམ་ཕྲག་དུ་མ་བཀའ་དྲིན་བརྩལ་ཏེ་མི་གྲངས་༥༢ ལས་གྲུབ་པའི་བོད་སྨན་གསོ་སྦྱོང་འཛིན་གྲྭ་ཞིག་༢༠༠༤ནས་༢༠༠༨ བར་ལོ་བཞི་རིང་འགྲོ་སོང་མཛད།
སྦྱིན་བདག་ལྷག་བསམ་ཆེ་བ།།
བཤེས་གཉེན་རིགས་ཞེན་ལྡན་པ།།
སློབ་མ་བརྩོན་སེམས་ཡོད་པ།།
གསུམ་འཛོམས་ཉིན་འདི་བཟང་སོང་།།
སྔོན་ལས་བཟང་པོའི་སྟོབས་ཀྱིས།།
རིན་བྲལ་ནོར་བུ་འོད་ཆེན།།
བོད་ལུགས་གསོ་བ་རིག་པ།།
སྦྱོང་རྒྱུའི་གོ་སྐབས་ལྡན་སོང་།།
རོང་འབྲོག་བུ་ཕྲུག་མང་པོའི།།
རྨོངས་པའི་བློ་སྒོ་འབྱེད་བྱེད།།
ལྡེ་མིག་རིག་ཆེན་ནོར་བུ།།
ལག་ཏུ་སྤྲད་པ་ཡག་བྱུང་།།
དེ་ལྟར་ལོ་བཞིའི་རིང་དགེ་རྒན་གཡུང་དྲུང་བཀྲ་ཤིས་དང་སྟག་ལྷ་རྣམ་གཉིས་གཙོས་པའི་དགེ་བའི་བཤེས་གཉེན་ཚོའི་བྱམས་བརྩེའི་ཐུགས་ཁུར་འོག་བོད་སྨན་གྱི་རིག་གཞུང་གཙོ་བོ་འཛིན་ནས་གཞན་རྒྱ་ཡིག་དང་ཨང་རྩིས་སུམ་རྟག་དག་གསུམ་ཆབ་སྲིད། རྩིས་དཀར་ནག ཡིག་གཟུགས་དང་རྩོམ་ཡིག་འབྲི་རྒྱུ་སྦྱོང་བརྡར། དབྱར་སྟོན་སོགས་ལ་སྨན་ངོ་ངོས་འཛིན་དང་སྦྱོར་བཟོ་བྱས་ཏེ་ནད་ཅན་མང་པོའི་སྡུག་བསྔལ་བསལ། ལོ་ངོ་བཞི་དེ་འཁྱུག་ཙམ་བརྒལ་ནས་དགའ་སྐྱོའི་ངང་ནས་སློབ་མཐར་ཕྱིན། དེ་ནས་ཡར་རྒྱས་ལ་མཐའ་མེད་ཕྱིར་སློབ་མ་ཁྱུ་ཞིག་གིས་རང་གི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་མུ་མཐུད་ལྔ་རིག་གནས་ལ་ལྟད་མོ་བལྟ་འདོད་ཆེ་བས་ས་ཁུལ་འབྲིང་རིམ་དུ་ཞུགས་ཏེ་མཐར་བོད་ལུགས་གསོ་རིག་སློབ་ཆེན་གྱི་སྒོ་ཐེམ་ལས་བརྒལ་ནས་གཞུང་ཞབས་པའི་ལས་ལ་ཞུགས་ནས་ཤང་དང་གྲོང་རྡལ་དེ་བཞིན་རྫོང་སྨན་ཁང་བཅས་ལ་ནད་ཀྱིས་མནར་བའི་འགྲོ་བ་དག་ལ་ཟུག་རྔུ་འཇོམ་བཞིན་མཆིས། བློ་དང་སྤོབས་པས་ཕྱུག་ཅིང་། རྣམ་དཔྱོད་ཀྱི་རིག་པ་གསལ་བའི་སློབ་མ་གཅིག་གིས་གསོ་རིག་སློབ་ཆེན་ནས་ཐོན་ཏེ་གཞུང་ཞབས་པའི་ལས་ཀ་ཟུར་དུ་བཞག་ཏེ་རང་ཉིད་སྒེར་གྱི་༼སྤུ་རྒྱལ་ཤེས་རིག་ལག་རྩལ་ཁྱབ་སྤེལ་ལྟེ་གནས་༽ཞེས་པ་ཞིག་ཁྲིམས་མཐུན་གྱིས་བཙུག་ཏེ་སྤུ་རྒྱལ་ལྷ་སྤོས་གཙོས་པའི་རང་མི་རིག་གནས་ལག་ཤེས་ཁྱབ་སྤེལ་གཏོང་བཞིན་ཞུམ་མེད་ཀྱི་སྙིང་སྟོབས་སྐྱེད་ནས་མདུན་བསྐྱོད་ཀྱི་ལམ་ལ་ཞུགས་ཏེ་མ་འོངས་པར་རང་ཡུལ་ནས་ཐོན་པའི་བོད་སྨན་གང་མང་ཞིག་ནད་ཅན་དུ་མིའི་ལུས་སྲོག་གསོ་བའི་བདུད་རྩི་རུ་འགྱུར་བའི་སྟ་གོན་ལ་བྲེལ། སློབ་མ་༥༢ ནང་གྲོང་ཚོའི་སྨན་པ་དང་ནད་སྐྱོང་པ། ཤང་གྲོང་གང་སར་ལ་སྒེར་གྱི་སྨན་ཁང་འཛུག་པ་སོགས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་ཞིག་སྨན་དོན་གྱི་ལས་ལ་བྲེལ་དང་བྲེལ་མོད་སུ་མཆིས་ཅེས་གསལ་བཤད་རག་སྡུས་ཀྱི་ཚུལ་དུ་སློབ་མའི་གྲལ་མཐར་དུ་གནས་པའི་བསྟན་འཛིན་ཡེ་ཤེས་
འབོད་པས་ཁྱུང་ཡུལ་ནས་བྲིས།
༢༠༡༤ ༣ ༡༤ ཉིན།