ཁྱུང་དཀར་བསྟན་རྒྱས་གླིང་གི་བཤད་སྒྲུབ་འདུས་སྡེའི་དབྱར་དུས་དགྱེས་སྤྲོའི་གཏང་རག་སྐབས་ཉིན་གཅིག་གི་ཚོར་སྣང་ལྟད་མོ།
༼ཕྱི་ལོ༢༠༡༡།ལོའི་ཕྱི་ཟླ༦།ཚེས་༢།ཉིན་གྱི་དགྱེས་སྤྲོའི་གཏང་རག་སྐབས་སུ་བྲིས།༽
ལུང་དང་རྟོགས་པའི་བསྟན་པ་ཉམས་སུ་བཞེས། །
ཉོན་དང་ཤེས་པའི་སྒྲིབ་པ་ཕྱིར་ཕྱིར་གཞོམ། །
དགེ་དང་བདེ་བའི་དཔལ་གྱིས་ལུས་སེམས་དལ། །
བཤད་དང་སྒྲུབ་པའི་སྒོར་ཞུགས་རྣམས་ལ་འདུད། །
སྐོར་གསུམ་སྒང་དྲུག་རུ་བཞི་སོགས་གྲགས་པའི། །
མདོ་སྨད་རྔུལ་རྫ་ཟལ་མོའི་སྒང་བརྒྱུད་དུ། །
སུམ་གླང་གནས་མཆོག་བྲག་དམར་རི་མདུན་ཞེས། །
གཤེན་གཏེར་དྲེལ་དམར་བོན་ཆོག་སོགས་སུ་ཟིན། །
དེ་ལྟའི་གནས་མཆོག་ཡིད་འོང་མཚལ་བྲག་གི །
རྒྱབ་ཏུ་སྤང་ལྗོང་གཡུ་གཞོང་བདལ་འདྲའི་སྟེང་། །
དཀར་དམར་ཀླུང་རྟས་སྤྲས་པའི་དར་ཆེན་དང་། །
རིག་འཛིན་མཁའ་འགྲོའི་བྲོ་ར་དུམ་བུས་མཛེས། །
དབྱར་གསུམ་སྦྲང་ཆར་ཟིམ་བུས་རྒྱུན་བཟང་གིས། །
སྤང་ལྗོང་བཞིན་རས་ཡོངས་སུ་རབ་བཀྲུས་པས། །
གསུང་རབ་བློ་བཤར་བྱེད་པའི་སློབ་མ་དང་། །
གནས་སྐོར་བ་རྣམས་སྤྲོ་སེམས་ལྷག་ཏུ་འདྲེན། །
ཁྱུང་དཀར་གཡུང་དྲུང་བསྟན་པ་རྒྱས་གླིང་གི །
བཤད་སྒྲུབ་འདུས་སྡེ་བརྒྱ་ཕྲག་གཉིས་ལྷག་པའི། །
བསྟན་འགྲོའི་ལས་དོན་གེགས་མེད་འགྲུབ་པའི་ཕྱིར། །
དགྱེས་སྤྲོའི་གཏང་རག་དགའ་སྟོན་དེ་ན་སྤེལ། །
རས་དཀར་གཙང་མའི་གུར་དཀར་ཀླད་ན་ཕུབ། །
ཞིམ་མངར་ཁ་ཟས་སྣ་ཚོགས་སྡེར་ཁར་བཀྲམ། །
བདའ་དགུའི་བཏུང་བ་ཕུན་ཚོགས་མདུན་དུ་སྤུངས། །
གདངས་སྙན་གླུ་གཞས་བརྙན་རིགས་ལྟད་མོ་རྒོད། །
གླང་དམར་རྟགས་ཅན་ལས་སོགས་བཏུང་བྱའི་རིགས། །
གཙང་རྒྱལ་ལུ་མའི་རྒྱུན་བཟང་ལས་ཀྱང་མོད། །
ཀུ་ཤུ་ངང་ལག་རྒུན་འབྲུམ་བྱི་རིལ་སོགས། །
རང་འདེམས་ཚོང་ཁྲོམ་ཇི་བཞིན་ཕྱོགས་ཕྱོགས་སྤུངས། །
དབུས་སུ་སློབ་དཔོན་རྣམ་པའི་གསུང་གླེང་སྙན། །
མཚམས་སུ་འདུས་སྡེའི་ཚོགས་རྣམས་དགྱེས་སྤྲོའི་ངང་། །
ངོ་མཚར་ལྟད་མོ་རོལ་པའི་མཚར་སྣང་གི །
ཧ་དགོད་འདྲེས་མའི་གཏམ་གྱི་སྣང་བ་མཐོ། །
ཞང་ཞུང་ཡུལ་གྱི་སྒོང་རྩེད་རིག་པ་སྟེ། །
ཟླུམ་གཟུགས་སྤོ་ལོ་འཕེན་བླུག་རྙོབ་མཁས་པའི། །
མྱུར་ལྡེམ་རྩལ་རྒྱས་གྲྭ་རྐྱང་གཞོན་པ་རྣམས། །
ཕན་ཚུན་འགྲན་པའི་སྒྱུ་རྩལ་འཆར་སྣང་ཟབ། །
གཙང་མཛེས་ཡིད་འོང་ལྷ་མིའི་དང་འདྲེན་གོས། །
གོས་དྲུག་ནབ་བཟའ་ལུས་ལ་གསོལ་བའི་སྐབས། །
སྐབས་སུ་མགྱོགས་དལ་སྟངས་སྟབས་བསྡུར་བ་སོགས། །
དགའ་སྤྲོའི་སྣང་འདྲེན་རྩེད་སྣ་མང་སྐད་ཐོས། །
རྩེད་རིགས་སྟངས་སྟབས་གནས་ལ་གོམས་པ་རྣམས། །
གཟེངས་རྟགས་མགུལ་དར་དངུལ་སོགས་ཐོབ་པ་ཡི། །
ལེགས་གསོལ་ཐལ་མོ་བརྡེབ་པའི་ཅག་སྒྲའི་ཁྲོད། །
དགོད་འཛུམ་བཞད་པའི་སྤྲོ་སྣང་སྲིད་ན་མཛེས། །
ཁྱུང་གི་གདན་ས་ཁྱུང་པོ་སྟེང་དགོན་གྱི། །
བཤད་དང་སྒྲུབ་པའི་དབྱར་དུས་དགྱེས་སྟོན་གྱི། །
གྲལ་ཏུ་ཉིན་གཅིག་ཞུགས་པའི་མྱོང་ཚོར་དངོས། །
འདི་རུ་བྲིས་ལ་གྲོགས་རྣམས་འཕྲག་མ་དོག །
གཡུང་དྲུང་དགུ་བརྩེགས་རི་བོའི་མདུན་དར་བའི། །
གཡུང་དྲུང་བོན་གྱི་བསྟན་པའི་བརྒྱུད་འཛིན་རྣམས། །
གཡུང་དྲུང་ལག་གདང་སྦྲེལ་བཞིན་འཛམ་གླིང་འདིར །
གཡུང་དྲུང་བསྟན་པའི་གླིང་གས་བཀང་བར་སྨོན། །