ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཛོད་ཕུག་གནས་དགུ་བའི་ཁ་སྐོང་ཚིག་འགའ། | 2011/5/18 21:05:00

མཛོད་ཕུག་གི་གནས་དགུ་བའི་ཁ་སྐོང་ཐུང་ངུ།

མཁར་ནག་སྐལ་བཟང་རྒྱ་མཚོ།

དེ་ཡང་སྲིད་པའི་མཛོད་ཕུག་གི་གནས་དགུ་བ་རྟེན་འབྲེལ་སྟོན་པའི་སྐབས་སུ།  མ་རིག་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་པོ་རེ་རེ་ལ་ནང་གསེས་ཀྱི་དོན་བཅུ་གཉིས་རེ་བསྟན་ཡོད།  ཡིན་ནའང་གངས་ཏི་སེ་བོན་གཞུང་རིག་མཛོད་དང་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ལས་རྟེན་འབྲེལ་བཅུ་གཉིས་ལས་རེག་པ་ལ་དེ་འདྲའི་དོན་བཅུ་གཉིས་པོ་ཚང་མི་འདུག་པས་འདིར་རང་ནུས་ཀྱི་དག་བཅོས་ཤིག་བྱས་ན་འགྲིག་མིན་ཟིན་གྲོགས་རྣམས་ཀྱི་སྤྱན་སྔར་བསྟར་བ་ཡིན།

གངས་ཏི་སེ་བོན་གཞུང་རིག་མཛོད་དེབ་བཅུ་གཉིས་པ།  སྣང་སྲིད་མཛོད་ཕུག་གི་སྐོར་ལས་ཤོག་ངོས་༤༣དང་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེའི་པོད་གཉིས་པའི་ཤོག་ངོས་༩༨ནས་༩༩བར་དུ་སྲིད་པའི་མཛོད་ཕུག་གི་གཞུང་ཚིག་འདི་བཞིན་བྱུང་ཡོད་པས།

ཐ་ཛར་ད་ར་ཅུ་ནས་སུམ།   །རེག་ནི་རྣམ་པ་བཅུ་གཉིས་སྟོན།   །གཟུགས་ནི་སྡུག་པས་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱང་སེམས་འཕང་སྐྱེ།  །གཟུགས་ནི་མི་སྡུག་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱི་སེམས་བྱིང་དང་།  །སྒྲ་མི་སྙན་པས་ཡིད་ལ་རེག  །དེ་བཞིན་སྒྲ་ཡི་སེམས་བྱིང་དང་།  །དྲི་ནི་ཞིམ་པས་ཡིད་ལ་རེག  །དེ་བཞིན་དྲི་ཡི་སེམས་འཕང་མཐོ།  །རོ་མཆོག་མི་བདའ་ཡིད་ལ་རེག  །དེ་བཞིན་རོ་ཡི་སེམས་བྱིང་དང་།  །རེག་བྱ་འཇམ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་འཕང་མཐོ།  །རེག་བྱ་རྩུབ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་བྱིང་དང་།  །བོན་ནི་བདེན་པས་ཡིད་ལ་རེག  །དེ་བཞིན་བོན་ནི་སེམས་འཕང་མཐོ།  །མི་བདེན་བོན་གྱི་ཡིད་ལ་རེག  །དེ་བཞིན་བོན་གྱི་སེམས་བྱིང་པའོ།  ཞེས་རེག་པ་འདི་རྟེན་འབྲེལ་གཞན་དང་མི་མཚུངས་པར་དོན་དགུ་ལས་བཅུ་གཉིས་ཀྱི་གྲངས་མི་ཚང་།  དེ་ནི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ཆད་སོང་པ་ཡིན་པ་ནི་སྨྲས་མེད་ཡིན་པ་གོང་གི་རེག་ནི་རྣམ་པ་བཅུ་གཉིས་སྟོན་ཞེས་པས་གཞུང་ཚིག་གིས་གསལ་བོར་ཤེས་ཐུབ། དེ་ཡང་རིམ་གྱིས་ཆད་པ་ཡིན་ལ་རྗེ་མཉམ་མེད་རིན་པོ་ཆེ་སྔོན་དུ་ཚིག་བཞི་ཆད་ཡོད་ལ་དེའི་རྗེས་ནས་ཚིག་གཉིས་ཆད་སོང་བ་ཡིན། དེ་ལྟར་རྗེ་རིན་པོ་ཆེ་མཛོད་འགྲེལ་ལས་མཛོད་ཕུག་གི་གཞུང་ཚིག་དྲངས་པ་ལས་ཤེས་ཐུབ། དེ་ལ་རྗེའི་མཛོད་འགྲེལ་དུ། དྲུག་པ་ལ་གཉིས།  མདོར་བསྟན་པ་དང་། རྒྱས་སོ། །དང་པོ་ནི། རེག་པ་རྣམ་པ་བཅུ་གཉིས་སྟོན།  །ཞེས་པ་རེག་པའི་དོན་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པས་ཡོངས་སུ་ཆོད་པའོ། །དབྱེ་བ་ནི་རྣམ་པ་བཅུ་གཉིས་སོ། །ངེས་ཚིག་ནི་ཡུལ་དང་ཡུལ་ཅན་འཕྲད་ཅིང་རེག་པས་ནའོ། །བྱེད་ལས་ནི་ཚོར་བ་ལ་སོགས་བསྐྱེད་དོ།  །གཉིས་པ་ནི།  གཟུགས་ནི་སྡུག་པས་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱི་སེམས་འཕང་བསྐྱེད། །གཟུགས་མི་སྡུག་པས་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱིས་སེམས་བྱིང་དང་། །སྒྲ་ནི་སྙན་པས་ཡིད་ལ་རེག  །དེ་བཞིན་སྒྲ་ཡིས་སེམས་བྱིང་དང་། །དྲི་ནི་ཞིམ་པས་ཡིད་ལ་རེག  །དེ་བཞིན་དྲི་ཡི་སེམས་བྱིང་དང་།  རོ་ནི་བདའ་བས་ཡིད་ལ་རེག  །དེ་བཞིན་རོ་ཡིས་སེམས་འཕང་མཐོ།  །རོ་མཆོག་མི་བདའ་ཡིད་ལ་རེག  །དེ་བཞིན་རོ་ཡི་སེམས་བྱིང་དང་།  །རེག་བྱ་འཇམ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་འཕང་མཐོ།  །རེག་བྱ་རྩུབ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་བྱིང་དང་།  །བོན་ནི་བདེན་པས་ཡིད་ལ་རེག  །དེ་བཞིན་བོན་ནི་སེམས་འཕང་མཐོ།  །མི་བདེན་བོན་གྱི་ཡིད་ལ་རེག  །དེ་བཞིན་བོན་གྱི་སེམས་བྱིང་པའོ།  ཞེས་གོང་གི་རོ་ནི་བདའ་བས་ཡིད་ལ་རེག།  །དེ་བཞིན་རོ་ཡིས་སེམས་འཕང་མཐོ།  ཞེས་པ་ཚིག་འདི་གཉིས་རྗེ་རིན་པོ་ཆེའི་སྐབས་སུ་ཆད་མེད་ཀྱང་དེང་སྐབས་ཀྱི་བཀའ་རིན་པོ་ཆེ་ནང་དུ་བཞུགས་པའི་མཛོད་ཕུག་ཏུ་མཐོང་རྒྱུ་མེད། དེའི་རྗེས་ནས་ཆད་པ་མངོན་གསལ་རེད།

དེ་ན་ཁོ་བོས་རང་ཚོད་ཀྱིས་ཁ་སྐོང་ཞིག་བྱས་ན། འདིའི་སྐབས་སུ་གཟུགས་སྒྲ་དྲི་རོ་རེག་བྱ་དང་བོན་སོགས་ཕྱིའི་ཡུལ་དྲུག་གི་ཡིད་འོང་དང་ཡིད་དུ་མི་འོང་བའི་ཆ་གཉིས་ལས་དོན་བཅུ་གཉིས་བྱུང་ཚུལ་ནི།    །གཟུགས་ནི་སྡུག་པས་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱང་སེམས་འཕང་སྐྱེ།  །གཟུགས་ནི་མི་སྡུག་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱི་སེམས་བྱིང་དང་།   ཞེས་དང་།   །རེག་བྱ་འཇམ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་འཕང་མཐོ།  །རེག་བྱ་རྩུབ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་བྱིང་དང་།  ཞེས་དང་། །བོན་ནི་བདེན་པས་ཡིད་ལ་རེག  །དེ་བཞིན་བོན་ནི་སེམས་འཕང་མཐོ།  །མི་བདེན་བོན་གྱི་ཡིད་ལ་རེག  །དེ་བཞིན་བོན་གྱི་སེམས་བྱིང་པའོ། ཞེས་པས་ཚིག་ལས་རིགས་འགྲེ་ནས་ཤེས་ཐུབ།  དེ་ན་གོང་ནས་སྒྲ་ལ་སྙན་པའི་རེག་པ་དང་།  དྲི་ལ་མི་ཞིམ་པའི་རེག་པ།  རོ་ལ་མདའ་བའི་རེག་པ་གསུམ་ཆད་སོང་པར་རྟོགས་ཐུབ། གཞན་འགྲོ་མགོན་རིན་པོ་ཆེ་མཛོད་འགྲེལ་དུ། དྲུག་པ་རེག་པ་ལ་མཚན་ཉིད་མཚན་གཞི་ངེས་བྱེད་དོ།  །དང་པོ་ནི་ཡུལ་དང་དབང་པོ་ཤེས་པ་གསུམ་དུ་འཕྲད་པས་གཅད་བྱ་ཡོངས་དུ་ཆོད་པའི་སྔ་མ་ལས་ཕྱི་མ་འབྱུང་བའོ།  གཉིས་པ་ལ་བཅུ་གཉིས་ཏེ་བདེ་བ་དང་སྡུག་བསྔལ་བ་གཉིས་གཅོད་པ་ལ་དྲུག་དྲུག་གིས་བསྟན་ནོ། གསུམ་པ་ཡུལ་ཡིད་དུ་འོང་མི་འོང་ལས་བདེ་སྡུག་འབྱུང་བར་མྱོང་བས་ངེས་སོ།  ཞེས་གསུང་བས་ཀྱང་རྟོགས་ཐུབ། ལྷག་པར་དུ་ཡུལ་ཡིད་དུ་འོང་བ་ལ་སེམས་འཕང་མཐོ་ཞེས་པའམ་སེམས་འཕང་སྐྱེ་ཞེས་གང་རུང་བྱུང་ཡོད་ལ་ཡུལ་ཡིད་དུ་མི་འོང་བ་ལ་སེམས་བྱིང་དང་ཞེས་ཁོ་ནར་བྱུང་འདུག

དེས་ན་འདི་ལྟར་རིགས་འགྲེ་ཡིས་དག་བཅོས་ཤིག་བྱས་ན།  ཐ་ཛར་ད་ར་ཅུ་ནས་སུམ།   །རེག་ནི་རྣམ་པ་བཅུ་གཉིས་སྟོན།   །གཟུགས་ནི་སྡུག་པས་ཡིད་ལ་རེག  དེ་བཞིན་གཟུགས་ཀྱང་༼  ཀྱི ༽སེམས་འཕང་སྐྱེ། །གཟུགས་ནི་མི་སྡུག་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱི་སེམས་བྱིང་དང་། ཞེས་པའི་རྗེས་ནས་ཡང་།  །སྒྲ་ནི་སྙན་པས་ཡིད་ལ་རེག  །དེ་བཞིན་སྒྲ་ཡི་སེམས་འཕང་མཐོ། །ཞེས་པའི་ཚིག་གཉིས་ཆད་ཡོད ༽  །དེ་ནས་ །སྒྲ་མི་སྙན་པས་ཡིད་ལ་རེག  །དེ་བཞིན་སྒྲ་ཡི་སེམས་བྱིང་དང་། །དྲི་ནི་ཞིམ་པས་ཡིད་ལ་རེག  །དེ་བཞིན་དྲི་ཡི་སེམས་འཕང་མཐོ། ཞེས་པའི་རྗེས་ནས།  དྲི་ནི་མི་ཞིམ་ཡིད་ལ་རེག  །དེ་བཞིན་དྲི་ཡི་སེམས་བྱིང་དང་།  །རོ་མཆོག་བདའ་བས་ཡིད་ལ་རེག  །དེ་བཞིན་རོ་ཡི་སེམས་འཕང་མཐོ།  །ཞེས་པའི་ཚིག་བཞི་ཆད་ཡོད༽ དེ་ནས་དཀྱུས་ལྟར།  །རོ་མཆོག་མི་བདའ་ཡིད་ལ་རེག  །དེ་བཞིན་རོ་ཡི་སེམས་བྱིང་དང་།  །རེག་བྱ་འཇམ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་འཕང་མཐོ།  །རེག་བྱ་རྩུབ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་བྱིང་དང་།  །བོན་ནི་བདེན་པས་ཡིད་ལ་རེག །དེ་བཞིན་བོན་ནི་ ༼ གྱི ༽སེམས་འཕང་མཐོ།  །མི་བདེན་བོན་གྱི་ཡིད་ལ་རེག  །དེ་བཞིན་བོན་གྱི་སེམས་བྱིང་པའོ། ཞེས་ན་གཟོད་དོན་བཅུ་གཉིས་ཚང་འདུག

དེ་ལྟར་དག་བཅོས་བྱས་རྗེས་འདི་ལྟར་འབྱུང་བ་ཡིན།  ཐ་ཛར་ད་ར་ཅུ་ནས་སུམ།   །རེག་ནི་རྣམ་པ་བཅུ་གཉིས་སྟོན།   །གཟུགས་ནི་སྡུག་པས་ཡིད་ལ་རེག །དེ་བཞིན་གཟུགས་ཀྱང་༼ ཀྱི་༽སེམས་འཕང་སྐྱེ།  །གཟུགས་ནི་མི་སྡུག་ཡིད་ལ་རེག  །དེ་བཞིན་གཟུགས་ཀྱི་སེམས་བྱིང་དང་། །སྒྲ་ནི་སྙན་པས་ཡིད་ལ་རེག  །དེ་བཞིན་སྒྲ་ཡི་སེམས་འཕང་མཐོ། །སྒྲ་མི་སྙན་པས་ཡིད་ལ་རེག  །དེ་བཞིན་སྒྲ་ཡི་སེམས་བྱིང་དང་། །དྲི་ནི་ཞིམ་པས་ཡིད་ལ་རེག  །དེ་བཞིན་དྲི་ཡི་སེམས་འཕང་མཐོ།  དྲི་ནི་མི་ཞིམ་ཡིད་ལ་རེག  །དེ་བཞིན་དྲི་ཡི་སེམས་བྱིང་དང་།  །རོ་མཆོག་བདའ་བས་ཡིད་ལ་རེག  །དེ་བཞིན་རོ་ཡི་སེམས་འཕང་མཐོ། །རོ་མཆོག་མི་བདའ་ཡིད་ལ་རེག  །དེ་བཞིན་རོ་ཡི་སེམས་བྱིང་དང་།  །རེག་བྱ་འཇམ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་འཕང་མཐོ།  །རེག་བྱ་རྩུབ་པས་ཡིད་ལ་རེག  །དེ་བཞིན་རེག་གི་སེམས་བྱིང་དང་།  །བོན་ནི་བདེན་པས་ཡིད་ལ་རེག  །དེ་བཞིན་བོན་ནི་༼ གྱི ༽སེམས་འཕང་མཐོ།  །མི་བདེན་བོན་གྱི་ཡིད་ལ་རེག  །དེ་བཞིན་བོན་གྱི་སེམས་བྱིང་པའོ།

འདི་ལྟར་བཟོ་བཅོས་བྱས་ན་ད་གཟོད་ཡུལ་དྲུག་པོ་རེ་རེ་ལ་ཡིད་འོང་དང་ཡིད་དུ་མི་འོང་བས་ཕྱེས་ནས་རེག་པའི་དོན་བཅུ་གཉིས་པོ་ཚང་འདུག  གཞུང་ཚིག་གི་ཐ་ཛར་ད་ར་ཅུ་ནས་སུམ།   །རེག་ནི་རྣམ་པ་བཅུ་གཉིས་སྟོན། ཞེས་པའི་དགོངས་དོན་དང་ཡང་མི་འགལ།

ཡང་གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་མཛོད་ཕུག་གི་གནས་བཅུ་གཅིག་པ་སྐྱེ་མཆེད་བཅུ་གཉིས་ཀྱི་སྐབས་རྣ་བའི་སྐྱེ་མཆེད་སྟོན་སྐབས།  དྲོད་ནི་མེ་ཡི་རང་བཞིན་ཏེ།  །རྣ་བའི་འོད་ཟེར་སྐྱེ་མཆེད་ཡིན།  ཞེས་པའི་རྗེས་ནས།  དབུགས་ནི་རླུང་གི་རང་བཞིན་ཏེ།   ཞེས་པའི་ཚིག་འདི་ཆད་འདུག   བཀའ་རིན་པོ་ཆེ་དང་རྗེ་མཛོད་འགྲེལ་དུ་ཚིག་འདི་བཞིན་ཡོད་པས་གངས་ཏི་སེ་བོན་གཞུང་དུ་ཆད་པར་ངེས་སོ།

ཞར་དུ་ཟུར་འཕྲོས་ཀྱིས་རང་གི་འདོད་དོན་ཞིག་བརྗོད་ན། སྤྱི་འུ་ཅག་གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་ཤིན་ཏུ་རིན་ཐང་བྲལ་བ་དག་ལས་འདི་འདྲའི་ཆད་ལྷག་གི་སྐོར་འབྱུང་གི་ཡོད་པས།  བཀའ་རིན་པོ་ཆེ་ལ་དགེ་པའི་བཤེས་གཉེན་རྣམས་ཀྱིས་དག་སྒྲིག་མཛད་ནས་དེབ་གཟུགས་སུ་བསྐྲུན་རྒྱུ་ནི་དུས་རབས་གསར་བའི་རང་ཅག་ལ་གནང་བའི་འོས་འགན་ཡིན་པར་སེམས།  ཡིན་ནའང་དེ་ནི་མི་རེ་གཉིས་ཀྱི་སྒྲུབ་ཐུབ་པའི་དོན་ཞིག་མིན་པས།  གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་སམ་འཇོན་ཐང་ཅན་གྱི་ཚོགས་པ་གང་རུང་གིས་ལས་འགན་ཁུར་དུ་བཞེས་ནས་དཔེ་སྐྲུན་མཛད་རྒྱུ་བྱུང་ན་གཡུང་དྲུང་བོན་གྱི་དོན་ཆེན་པོ་ཞིག་ཡིན་པ་ཐེ་མི་ཚོམ་མོ།།  མི་ཆུང་ཆུང་གིས་གཏམ་ཆེན་པོ་བཤད་པ་ལྟར་སྣང་ཡང་རང་གི་དྲན་ཚོད་ཡིན།

ལྕགས་ཡོས་དབྱར་ར་བའི་ཚེས་བཅོ་ལྔ་ཉིན་མཛོད་ཕུག་ཀླག་པའི་ཐུན་མཚམས་སུ་བགྱིས་པའོ།།

 

Re:མཛོད་ཕུག་གནས་དགུ་བའི་ཁ་སྐོང་ཚིག་འགའ། | 2011/6/27 14:37:10
khyung(སྐུ་མགྲོན)ཧ་ཅང་ཐུགས་རྗེ་ཆེ། འདི་འདྲའི་དག་བཅོས་བྱེད་རྒྱུ་ནི་ང་ཚོའི་དཔེ་ཆའི་ནང་མང་དུ་འདུག ཡིན་ནའང་རའིྗེ་མཛོད་འགྲེལ་དང་ད་ཆའི་ཀུན་གྲོལ་གྱིས་དཔར་བའི་སྲིད་པའི་མཛོད་ཕུགས་བར་དུ་མི་འདྲ་བའི་རྩ་ཚིག་ད་དུང་མང་པོ་སྣང་། མཛོད་རྩ་འདརི་གཏེར་ཁ་མི་འདྲ་བ་རེ་འགའ་ཡང་ཡོད་པར་ཐོས།
རྩོམ་པ་པོ།:khyung(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མཛོད་ཕུག་གནས་དགུ་བའི་ཁ་སྐོང་ཚིག་འགའ། | 2011/5/19 13:38:40
སྐུ་མགྲོན་O63Umy(སྐུ་མགྲོན)འདི་འདྲའི་དཔེ་ཆ་གོ་བསྡུར་དང་གཅེས་སྐྱོང་གནང་བ་ནི་བསྟན་པ་ལ་གཅེས་སྤྲས་ངོ་མ་གནང་ཤེས་པའི་རྟགས་སོ། །ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་O63Umy(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.