བོན་རི་བསྐོར་བའི་ཚོར་བ་དངོས།
གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ནས།།
རྣམ་མཁྱེན་བརྒྱད་པ་རྒྱལ་བ་གཤེན་རབ་མཆོག །
བོད་ཡུལ་བདུད་ཆེན་འདུལ་བའི་དོན་ལ་དགོངས།།
མ་འོངས་འགྲོ་བ་རྣམས་ཀྱི་དད་རྟེན་དུ།།
གནས་མཆོག་བོན་རི་ཆེན་མོར་ཐུགས་རྟེན་བཞག །
གཡུང་དྲུང་བོན་ལུགས་འཛིན་པའི་དད་ལྡན་གཙོས།།
ད་དུང་གྲུབ་མཐའ་གཞན་དང་རྒྱ་རིགས་སོགས།།
གནས་འདིར་ཕྱག་སྐོར་སྒྲིབ་སྦྱོང་ཧུར་བརྩོན་གྱིས།།
མཐོང་བ་ཙམ་གྱིས་བདག་ཡིད་དབང་མེད་འཕྲོག །
མ་ཏྲིའི་གྱེར་དབྱངས་དེ་ཡང་ཤིན་ཏུ་སྙན།།
གོམ་རེ་གསེར་སྲང་འཐོབ་ཅེས་ཨ་མྱེས་གསུངས།།
ལྷག་ཏུ་རྟ་ལོ་བསྐོར་ཆེན་ཞེས་པའི་ལོ་འདི་ལ།།
དགེ་བ་འབུམ་འགྱུར་ཆེ་ཞེས་ལུང་ལས་གསལ།།
སྐུལ་སློང་གཙང་མ་ཞིག་གིས་གནས་བསྐོར་ཚེ།།
ཕན་ཡོན་བརྗོད་ལ་འདས་པ་སྨོས་མ་དགོས།།
མཁས་རློམ་འགའ་དང་གསར་བུ་ཤེས་མེད་འགས།།
དགོས་མེད་ས་རྡོ་རི་བྲག་བསྐོར་བ་འདི།།
སྨྱོན་པའི་ངང་ཚུལ་རེད་ཅེས་བཤད་སྲོལ་མཆིས།།
སྤྱང་པོ་ཡིན་པའི་འདོད་ཚུལ་མ་བསྟན་ནས།།
རྒྱུད་གཞུང་ཀུན་ལ་ད་དུང་ཐོས་བསམ་བྱོས།།
མི་ལོ་སྟོང་ཕྲག་དུ་མའི་སྔ་རོལ་ནས།།
སྐྱེས་ཆེན་དུ་མས་སྒྲུབ་པ་ཉམས་ལེན་དང་།།
ཨ་མྱེ་ཡང་མྱེས་གནས་རི་བླ་རྟེན་ཅེས།།
ཕྱག་སྐོར་སེམས་སྐྱེད་ཚུལ་བཞིན་མཛད་པས་ན།།
ཟག་མེད་འཇའ་ལུས་གཤེགས་པའི་ཤུལ་ལམ་གདའ།།
རྫས་བསྒྱུར་ཅན་གྱི་བཟའ་ཆ་བཏུང་བྱ་ཁོས།།
ལྷད་མེད་མར་དང་རྩམ་པའི་ཡི་ག་བཀག །
དྭངས་སྙིགས་འབྱེད་པའི་དོན་སྣོད་མཁལ་མཆིན་གཙོས།།
རང་ནུས་ཤོར་བས་ཟུངས་བདུན་མང་ཉུང་ཤོར།།
སྦོམ་ཕྲ་ཆ་སྙོམ་མིན་པ་དེ་དོན་སེམས།།
དགོས་པའི་ཤེས་ཡོན་འཕེལ་རྒྱས་བདག་ལ་མེད།།
མཁོ་མེད་ལུས་པོའི་ཤ་འདི་ཇེ་འཕེལ་རེད།།
འགྲོ་དུས་ངལ་ཞིང་ཡར་མར་ལངས་འདུག་དཀའ།།
མཛེས་པའི་ལང་འཚོ་ལའང་སྐྱོན་ཅན་བསྒྱུར།།
ལུས་ཤ་ཤོར་བའི་ཐབས་ཤིག་གང་ལེགས་བརྩོན །།
བརྒྱད་ཅུའི་ཕན་ཆད་ཟླ་བདུན་ཡན་ཆད་ཀྱི།།
རྒན་དར་བར་གསུམ་གནས་སྐོར་བྲེལ་ཚུབ་ཚུབ།།
རྒྱབ་ནས་དར་མའི་འཕར་རྒྱུགས་ལིང་ངེ་ལིང་།།
གཡས་ནས་རྒས་པའི་འདུར་རྒྱུགས་སྤྲིངས་སེ་སྤྲིངས།
གཡོན་ནས་གཞོན་པའི་འགྲོས་རྒྱུགས་ཡལ་ལ་ལ།།
ཟ་ལ་དགའ་ཞིང་ལས་ལ་མ་འདོད་རྐྱེན།།
ན་མཉམ་རྣམས་ཀྱིས་ཁོ་བོ་རྗེས་སུ་བསྐྱུར།།
ལོ་ན་དྲུག་ཅུར་སླེབས་པའི་རྨོ་བོ་དེས།།
སྙིང་པོ་རྣམ་གསུམ་རྒྱུན་མེད་བཟླས་བཞིན་དུ།།
དགའ་བའི་འཛུམ་སྟོན་ང་དང་ཐག་རིང་གྱེས། །
ངོ་ཚས་མ་བཟོད་ཨུ་ཚུགས་སྡུག་རུས་ཀྱིས།།
གོམ་པ་མགྱོགས་སྤོ་དགོས་པའི་སེམས་ཡོད་རུང་།།
རྐང་ཞབས་ཆུ་ཐོར་དེ་ཚོའི་གཟེར་ཟུག་གིས།།
གཞན་རྗེས་ལོན་པའི་བྱ་ཐབས་བྲལ་ན་ཡང་།།
འཁར་བའི་དྲིན་གྱིས་ལིང་ངེ་ལིང་ངེ་བསྐྱོད།།
ཐང་ནས་འགྲོ་དུས་ར་རྒན་རྐང་ཆག་འདྲ།།
གྱེན་ལ་རྒྱུ་དུས་ཟླ་དྲུག་བྱིས་པའི་ཚུལ།།
མཐུར་ནས་འབབ་དུས་སྟག་འགྲོས་སེང་སྟབས་ཀྱིས།།
ན་ཆུང་བུ་མོ་འགའ་ཡིས་ཁྲེལ་རྒོད་དེས།།
ཁོ་བོའི་སྙིང་ཆུང་འཕར་སྒྲ་ཚད་ལ་བརྒལ །།
སྟོང་སྐོར་གཉིས་ལྷག་ལོན་པའི་ཇོ་མོ་མང་།།
སུམ་ཕྱག་བཞེངས་པའི་བགྲེས་སོང་དེ་ཚོ་ཡི།།
དཀའ་སྡུག་སྙིང་རུས་དེ་ལ་ཧ་ལས་ཤིང་།།
གཞོན་ནུ་རང་འདྲའི་ལུས་པོའི་ལྗིད་རྒོག་འདི།།
ཞེན་པ་གཏིང་ནས་ལོག་ཏེ་སྨྲེ་ངག་ཤོར།།
ཆེན་པོ་འཇོན་ཡོད་ཟེར་བའི་སྟོང་གཏམ་མིན།།
གཞན་ཕན་སྟེར་བའི་ཞལ་གདམས་དེ་བས་མིན།།
རྩོམ་ཡིག་ཐར་ཐོར་འབྲི་བའི་གོམས་གཤིས་དེས།།
རྩོམ་ཡིག་འབྲི་རྒྱུར་གོང་འཕེལ་ཡོང་ཆེད་དང་།།
སེམས་ཀྱི་ཚོར་བ་ཤོག་དཀར་ངོས་སུ་ཕབས།།
ཐུགས་སྤྲུལ་བོན་རི་ཆེན་མོའི་གནས་མགྲོན་དུ།།
ཀུན་སློང་གཙང་མས་སྐོར་བ་ཐེངས་གཅིག་དེས།།
རིགས་ལ་ཞེན་པ་དཀར་བའི་སྐྱེས་བུ་ཡི།།
སྐུ་ཚེ་མཛད་འཕྲིན་མཐའ་རུ་ཕྱིན་པ་དང་།།
འགྲོ་བ་སེམས་ཅན་ཡོངས་ཀྱི་བསྔོ་རྟེན་ཕུལ།།
༢༠༡༤ ༡༢ ༢༣ ཉིན་ལྷ་ལྡན་ཞིང་ནས།།