སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཉམ་ཆུང་ལུ་གུའི་སྨྲེ་ངག །
[ 2013/4/22 23:17:00 | By: ལྷ་གཡག་དར་མ། ]
 
 
ཉམ་ཆུང་ལུ་གུའི་སྨྲེ་ངག །
 
ཀ་ཡེ་ལན་གཅིག་གསོན་དང་གྲོགས་པོ་ལགས། །
ཉམས་ཆུང་ལུ་གུ་ང་ཡི་དགའ་སྐྱོ་དང་། ། 
ཡ་ཆུང་སེམས་ནས་འཕྱུར་བའི་སྐྱབས་འཇུག་ཅིག ། 
སྨྲ་ཤེས་དོན་གོ་ཅན་ལ་ཞུ་བར་འདོད། །
 
ས་གཙང་ཉམས་དགའ་ལྷད་མེད་རྩ་ཆུ་བཟང་།། 
བྱམས་སེམས་སྙིང་རྗེས་འགྲོ་དྲུག་མ་རུ་སྒོམ།།
གཞན་ཕན་གཙོ་བོར་འཛིན་པའི་གངས་ལྗོངས་ལ།། 
ང་ཡི་འབའ་སྒྲ་ཐོག་མ་འདི་ན་བསྒྲག ། 
 
ཨ་མའི་ནུ་ཞོས་ལུས་སྟོབས་དལ་གྱིས་གསོས།། 
ཨ་མ་དྲིན་མོ་ཆེ་ཡི་རྩིབ་རིས་དེས།།
ལུས་ཟུངས་བདུན་པོ་རྒྱས་ནས་རིམ་བཞིན་དར།། 
 
མ་བུའི་བརྩེ་དུང་ཇི་འདྲའི་རླབ་ཆེན་ཞིག །
ཨ་མས་ང་ལ་གཡང་དཀར་ལོ་ལོ་བཏགས།། 
རྩ་ཆུ་གང་བཟང་བཟའ་བཏུང་བྱ་ཚུལ་དང་།།
གཅན་སྤྱང་འཇིགས་པ་དོག་ཟོན་དགོས་ལུཌ་སོཌ།། 
 
ནམ་ཡང་བརྗེད་ཐབས་བྲལ་བའི་གདམས་ངག་གོ །
དཔྱིད་ཀྱི་རྒྱལ་མོའི་གསུངས་སྐད་རྣ་བར་སྙན།།
ལྷད་མེད་རྩ་ཆུའི་བྲོ་བ་ཤིན་ཏུ་ལེགས། །
སེམས་བཟང་རྫི་བོས་འཚོ་སྐྱོང་ཐབས་མཁས་པས།།
 
ངེད་ཚོའི་ཡན་ལ་སྐྱིད་ཅིག་མེད་ཀི་སྙམ།། 
ཡར་གི་གངས་རི་དཀར་པོ་དྭངས་ཤིང་གཙང་།།
བར་གྱི་སྤང་ལྗོང་སྔོན་མོ་མཛེས་ཤིང་སྐྱིད།། 
མཐའ་ཡི་མི་དང་དུད་འགྲོའི་བརྩེ་དུང་ཟབ།།
 
དགའ་སྐྱིད་འདི་ཚོ་བསམ་ན་སེམས་རེ་དགའ།། 
དུས་རབས་ཉེར་གཅིག་སྒོར་མོས་དལ་གྱིས་བསུས།།
དངོས་པོའི་དཔལ་ཡོན་ཉིན་བཞིན་གོང་ནས་འཕེལ།། 
བསམ་པའི་དཔལ་ཡོན་ལ་ཁའི་ཉི་མ་བཞིན།།
 
རུ་ང་འགྲན་སེམས་དབྱར་གྱི་མཚོ་ལྟར་རྒྱས།། 
མ་ཎི་མ་ཏྲིའི་སྙན་དབྱངས་གྱེར་བཞིན་དུ།།
དཀོན་མཆོག་གསུམ་པོ་དང་ཡུལ་ཡིན་ཅེས་དང་།། 
བྱམས་སེམས་སྙིང་རྗེ་དགོས་ཅེས་གཏམ་སྙན་འཆད།།
ལག་ལེན་དོན་དུ་མི་འཛིན་སེམས་རེ་ཕམ།། 
 
ན་ཚོད་རྒས་པའི་ཉམས་ཆུང་དུད་འགྲོའི་རིགས།།
གནས་སྐབས་ཡོང་འབབ་བལྟས་ཏེ་བཤད་རར་བརྫང་།། 
གསར་སྐྱེས་ང་ཚོའི་ལྤགས་རིགས་རྒྱན་རློམས་ནས།། 
ཡ་ང་སྙིང་རྗེ་མེད་པར་གསོད་ལ་བྲེལ།། 
 
སྣང་བ་དགུང་ལས་མཐོ་བའི་མི་བུ་ལགས།།
ཁྱེད་ཀྱི་ཚར་སྟོད་གཅིག་གི་ནང་རོལ་ལ།། 
ལུ་གུ་བཅུ་ཕྲག་མང་པོའི་རྣམ་ཤེས་ཡོད།།
གཡང་དཀར་མ་མོ་བརྒྱ་ཡི་སེམས་སྡུག་ཡོད།།
 
 ཁྱེད་རང་ཕ་མ་མཉམ་དུ་འཛོམས་པ་དང་། །
བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་སྐབས། ། 
གློ་བུར་གཞན་གྱི་འཚེ་བས་ཁ་ཕྲལ་ན། །
འབྲལ་འདོད་ཡོད་མེད་སུས་ཀྱང་བཤད་མ་དགོས། ། 
 
ཕྱི་རོལ་ཡུལ་གྱི་དངོས་པོའི་མཛེས་ལྗོངས་དང་། ། 
མ་བུའི་བར་གྱི་ལྷད་མེད་བརྩེ་དུངས་བཅས། །
རྩྭ་ཆུ་གང་བཟང་འཚོ་བ་རོལ་རྒྱུ་སོགས། ། 
གང་སྐྱིད་འདོད་པ་མི་དང་ཁྱད་ཅི་ཡོད། །
 
 སྔོན་ལས་དབང་གིས་རྐང་གཉིས་རྐང་བཞི་དང་། ། 
ཕན་ཚུན་གླེང་མོལ་ཤེས་མིན་མ་གཏོགས་པ། །
ནང་གི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས། ། 
གཅིག་མཚུངས་ཡིན་པ་སྐྱེས་ཆེན་དུ་མས་གསུངས། ། 
 
ཁྲེལ་མེད་ཧམ་སེམས་ཅན་གྱི་བདག་པོ་ཁོས། ། 
དགེ་མེད་འཇིགས་རུང་ཤན་པའི་ལག་ཏུ་བཞག །
ནུས་མེད་ང་ཡི་གཟུགས་གཞི་ཐང་ལ་སྦྱར། ། 
བསླུ་མེད་མཆོག་གསུམ་དམ་པས་ལམ་སྟོན་མཛོད། །
 
ལུས་ལ་གང་འཇམ་བྱེད་རྒྱུའི་དངོས་མང་ཡང་། ། 
ལུ་གུའི་ཚ་རུ་ཡག་ཅེས་མཛེས་རྒྱན་རློམ། །
གནས་སྐབས་ཁྱེད་ཀྱི་ལུས་ལ་བདེ་སྲིད་ཀྱང་། །
 ང་ཡི་སྲོག་དབུགས་འདི་ལྟར་ཁྱེད་ཀྱིས་འཕྲོག །
 
ཁ་ནས་གཞན་ཕན་བྱམས་བརྩེ་གྱེར་བཞིན་དུ། །
 གྱོན་རྒྱུ་ལྤགས་རིགས་བཟའ་རྒྱུ་ཤ་རིགས་བྱེད། །
ཁ་དོན་མི་མཚུངས་ལས་དག་རིང་དོར་ནས། ། 
ཉིན་བཞིན་ཉུང་དུ་གཏོང་རོགས་དུད་འགྲོའི་རེ། །
 
 ཁྱེད་ནི་ལས་སྨོན་བཟང་པོའི་མཐུ་སྟོབས་ཀྱིས། ། 
འགྲོ་དྲུག་མཆོག་གྱུར་མི་ཡི་ལུས་རྟེན་རྙེད། །
གང་འདོད་ཡིན་བསམ་འདོད་རྔམ་མ་ཆེ་ནས། ། 
ངེད་ཚོའི་སྲོག་ལ་གཅེས་སྐྱོང་གནང་བར་རེ། ། 
འདི་ནི་ཁོ་བོ་གཞུང་དོན་གྱིས་གཤམ་བསྐྱོད་སྐབས་སུ་མི་འགའི་
སྐད་ཆའི་བཤད་སྟངས་དང་བྱ་སྤྱོད་ལ་གཞིགས་ནས་ལུག་གུ་ཆུང་ཆུང་ཞིག་གི་ཚབ་ཏུ་བྲིས། ༢༠༡༢.༡༡.༢༢ཉིན།
༼ བོན་གཤེན་བསྭོ་སྒྲ༽ འདོན་ཐེངས་གསུམ་པར་འཁོད་ཅིང་། དེ་སྔོན་ཁར་ནང་དོན་འགའ་ཁ་གསབ་བྱས་ཏེ་འདིར་བཀོད་པའོ། 
 
 
Re:ཉམ་ཆུང་ལུ་གུའི་སྨྲེ་ངག །
[ 2013/4/24 20:40:57 | By: zhongsong ]
 
zhongsongསྙིང་ན་འོང་བའི་གྲོགས་མཆོག་ལྷ་གཡག་དར་མ་ལགས། ཆ་རྐྱེན་དང་དུས་ཚོད་ཅི་རིགས་ཀྱིས་རྐྱེན་པས། ཟིན་མཇལ་མ་བྱུང་ནས་ཟླ་ཤས་སོང་བས་དོ་དགོང་འདིར་སྐུད་མེད་དྲ་བྱང་ཞིག་གཡར་ནས་འདིར་འོང་བ་ཡིན། དགོངས་དག་ཞུ། ཁྱེད་ཀྱིས་བརྩམས་གནང་བའི་༼ཉམ་ཆུང་ལུ་གུའི་སྨྲེ་ངག་༽ཞེས་པའི་སྙན་རྩོམ་འདི་ངའི་སེམས་ཁམས་ན་ལུ་གུ་ཆུང་ཆུང་ཞིག་གི་འབའ་སྒྲ་བཞིན་ཅིས་ཀྱང་སྙན་འཇེབས་ལྡན་པ་ཞིག་ཅི་ལ་མིན། གྲོགས་པོ་ལགས་བཀྲ་ཤིས་བདེ་ལེགས་རྗེས་མར་མཇལ་འདོད་ཆེ།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་པར་དགའ་བསུ་ཞུ། མ་གཞི་ང་རང་དུད་འགྲོ་ཆུང་བའི་རིགས་ལ་ཧ་ཅང་དགའ་སྟེ། ལྷག་ཏུ་ལུ་གུ་ལ་ཤིན་ཏུ་དགའ། དེ་ཕྱིར་སེམས་ཁོང་ནས་གང་དྲན་དུ་ཤོག་ངོར་ཕབ་པའི་ཚུལ་ཡིན་ཏེ། ད་ལྟ་བལྟ་ཡོང་དུས་ད་དུང་ནང་དོན་འགའ་ཚང་མི་འདུག རྗེས་མ་ང་ཚོས་མཉམ་དུ་ཕ་སྐད་མ་ཡིག་ལ་འབད་པ་བྱེད།
 
 
Re:ཉམ་ཆུང་ལུ་གུའི་སྨྲེ་ངག །
[ 2013/4/23 14:17:05 | By: bonnaktwang ]
 
bonnaktwangདྲ་གྲོགས་ལྷ་གཡག་དར་མའི་ཟིན་ཐོ་སྤེལ་གྲངས་བརྒྱ་ཐམ་པ་ལོང་བར་བཀྲ་ཤིས་བདེ་ལེགས་ཞུ། ཁྱུང་གསེར་ཞུན་ནས།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
དགེན་ལགས་ཕེབས་པར་དགའ་ཡོད། དཱ་གང་དྲན་དྲན་མང་པོ་ཞིག་སྤེལ་བས་ཟིན་ཐོ་བརྒྱ་སླེབ་འདུག འོན་ཀྱང་འོས་སྦྱོར་ཁ་ཤས་མ་གཏོགས་རིན་ཐང་ཡོད་པ་འགའ་མི་འདུག ཧེ་ཧེ་་་་་་་་་་་། ཁྱེད་ནས་མུ་མཐུད་ནས་རང་གཞན་གཉིས་ཀར་ཕན་པའི་རྩོམ་རིགས་གང་མང་ཡོད་པར་མཁྱེན།
 
 
Re:ཉམ་ཆུང་ལུ་གུའི་སྨྲེ་ངག །
[ 2013/4/23 12:31:22 | By: vase ]
 
vaseཉམས་ཆུང་ལུག་གུའི་སྲོག་ལ་གཅེས་ཤིང་སྤྲས།།
ཚུལ་མཐུན་སྤྱོད་བཟང་མཛད་པའི་དཔལ་ལ་འགྲན།།
གོང་གི་བླ་མེད་ཐེག་པའི་སྤྱོད་བཟང་གིས།།
ལམ་ལ་ཉེ་བར་བསྙེགས་པའི་དཔེ་ཟླ་འོས།།
ཉམས་ཆུང་ལུག་གུ་འདྲ་བའི་སེམས་ཅན་ཡོངས།།
རྩ་ཆེན་སྲོག་ལུས་འཚོ་བའི་སློབ་གསོ་བཟང་།།
དེས་རིགས་གང་མང་སྤེལ་བའི་རེ་བ་དང་།།
རང་གིས་བཀླགས་ཐེངས་གཅིག་གི་ཚོར་སྣང་ཡིན།།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་པར་བཟང་འདུག་ཤེས་གྲོགས་དམ་པ། །
གུས་པའི་རྩོམ་དང་ཀུན་སྤྱོད་ལ་སོགས་པ། །
སྐུལ་སློང་མིག་དཔེ་འོས་པ་མ་མཆིས་ཀྱང་། །
ལེགས་ཚུལ་བརྗོད་པ་དེ་ཡང་བཀའ་དྲིན་ཆེ། །

ཡ་ཆུང་སེམས་གཏིང་ཕྱུར་བའི་ཚོར་ཤེས་དེ། །
དབུགས་ཀྱི་རྒྱུ་བ་འདི་ནི་མ་ཆད་བར། །
ཤོག་དཀར་ངོས་སུ་ངོས་སུ་ཕབ་པའི་འདུན་པ་ཡོད། །
ང་ཚོ་མཉམ་དུ་འབད་པ་བྱེད་དུ་འགྲོ། །
 
 
Re:ཉམ་ཆུང་ལུ་གུའི་སྨྲེ་ངག །
[ 2013/4/23 0:17:47 | By: སྐུ་མགྲོན་oTKv4A(སྐུ་མགྲོན) ]
 
སྐུ་མགྲོན་oTKv4A(སྐུ་མགྲོན)བཀླགས་ཟིན་དཔེ་ཡག་པོ་འདུག གྲོགས་གསར་ནས།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་པར་དགའ་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.