དཔྱིད་ཀར་འབྱུང་ཁམས་གསོ་ན་ཐོག་མར་
དོན་ལྔ་གསོ་བ་གཙོར་འཛིན་དགོས།
དུས་བཞི་དང་མི་ལུས་ཀྱི་དོན་ལྔའི་བར་འབྲེལ་བ་དམ་པོ་ཞིག་ཡོད་པས།དུས་ཚིགས་
རང་བཞིན་གྱི་ནད་རིགས་འབྱུང་ཚད་མཐོ་བ་རེད།དཔེར་ན་དཔྱིད་ཀར་སྤྱིར་བཏང་དུ་ཀླད་སྙིང་
ཁྲག་རྩའི་ནད་འབྱུང་ཚད་ཆེས་མཐོ་བའི་དུས་ཚིགས་ཡིན་པ་དང་།སྟོན་ཁར་དབུགས་ལམ་གྱི་ནད་འབྱུང་ཚད་
ཆེས་མཐོ།ཁ་དཔེར་ཡང་ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཅེས་པ་བཞིན།
ནད་རིགས་སྔོན་འགོག་ལ་མཚོན་ནའང་སྔ་མོ་ནས་སྔོན་འགོག་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བས། དཔྱིད་ཀའི་དུས་ནས་བཟུང་དམིགས་གཏད་ཡོད་པའི་སྒོ་ནས་དོན་ལྔ་གསོས་ན་བཟང་།
དཔྱིད་ཀར་ཐོག་མར་སྙིང་ཁམས་ཀྱི་བདེ་སྲུང་ལ་དོ་སྣང་བྱེད་དགོས། དཔྱིད་ཚུགས་ཐེངས་རེ་རེར། མྱུར་བའི་རང་བཞིན་གྱི་སྙིང་རྩ་འགགས་པའི་ནད་སོགས་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་ཚད་ཆེས་མཐོ། དེའི་རྒྱུ་མཚན་ནི་འགྱུར་ལྡོག་ཆེ་བའི་ནམ་ཟླས་བསླངས་པས་རྐྱེན་རེད།དཔྱིད་ཀའི་ནམ་ཟླ་རེ་འགར་དྲོ་ཞིང་
རེ་འགར་འཁྱགས་པས་འགྱུར་ལྡོག་ཆེ་ལ་མཁའ་དབུགས་སྐམ་ཤས་ཀྱང་ཆེ་ཕྱིར།ལུས་སྟེང་གི་ཁྲག་རྒྱུན་
འཁོར་སྐྱོད་བྱེད་ཚད་ཇེ་དལ་དུ་སོང་བའི་ཁར།ཁྲག་རྒྱུན་སྐུམ་འཐེན་བྱེད་ཡུན་ལྟོས་བཅོས་ཀྱིས་ཇེ་རིང་དུ་
འགྲོ་སྲིད། མི་ལ་ལའམ་ཡང་ན་ལོ་ལོན་རྒན་པ་རྣམས་ཀྱི་ཁྲག་རྒྱུན་ཅུང་སྲ་མོར་གྱུར་ཡོད་པས། ཁོར་ཡུག་གི་དྲོད་ཚད་ཀྱི་འགྱུར་ལྡོག་དང་འཕྲོད་དཀའ།དེ་བས་ཀླད་སྙིང་ཁྲག་རྩའི་རིགས་ཀྱི་ནད་རིགས་
སློང་བའམ་ཡང་ན་ཇེ་ལྗིད་དུ་འགྲོ་སྲིད། སྙིང་ཁམས་གསོ་བའི་ཐབས་ཤེས་དང་པོ་ནི་དུས་ལྟར་ཁྲག་
ཤེད་འཇལ་རྒྱུ་དེ་ཡིན། མགོ་ཡོམ་འཁོར་བའམ་མགོ་ན་བ། རྣ་འུར་བ། མིག་གི་མཐོང་ཚད་ཇེ་ཞན་དུ་འགྲོ་བ། སྤྱོད་ལམ་རྒྱུན་ལྡན་མིན་པ།ཚོར་སྣང་ཞན་པོ།ཡིད་འཛིན་ནུས་པ་ཇེ་ཞན་དུ་འགྲོ་བ།ཁའི་འགྲམ་ནས་རང་དབང་
མེད་པར་ཁ་ཆུ་བཞུར་བ། ལུས་ཀྱི་ཕྱོགས་ཕྱེད་སྦྲིད་པ། ལུས་ཤུགས་མེད་པའམ་འགུལ་སྐྱོད་བྱེད་མི་བདེ་བ། སེམས་འཚབ་ཅིང་སྐྲག་སྣང་སྐྱེས་པ།མིག་རབ་རིབ་ཏུ་འགྱུར་བ།ལུ་བ།འགུལ་སྐྱོད་བྱེད་སྐབས་དབུགས་འཚང་ཞིང་། དགོང་མོར་མཚམས་ལ་ལར་དབུགས་ལེན་དཀའ་བར་འགྱུར་བ།ལུས་སྨད་སྐྲངས་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། དེ་མ་ཐག་སྨན་ཁང་དུ་སོང་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས། རྒྱུན་པར་དུས་ལྟར་ཁྲག་ཤེད་གཅོག་པའི་
སྨན་སོགས་རྒྱུན་སྤྱོད་ཀྱི་སྨན་འཐུང་དགོས་ཤིང་།ཕྱི་རོལ་དུ་འགྲོ་སྐབས་མྱུར་སྐྱོབ་ཀྱི་སྨན་རྫས་གྲ་སྒྲིག་བྱེད་དགོས།
མིག་སྔར་མི་ཚང་མས་ད་དུང་ཁྲག་ཤེད་མཐོ་བ་དེར་ཇི་ལྟར་ངོས་འཛིན་པ་དང་གསོ་བཅོས་དང་སྔོན་འགོག་
བཅས་ཚང་མར་རྒྱུས་ལོན་གསལ་བོ་ཞིག་བྱུང་མེད།དེ་བས་མྱུར་བའི་རང་བཞིན་གྱི་ཀླད་སྙིང་ཁྲག་རྩའི་ནད་བྱུང་
ཡོད་པའི་ནད་པ་ཧ་ལམ་ཕྱེད་ཀ་ཙམ་གྱིས་ནད་མ་བྱུང་སྔོན་དུ་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་བྱུང་ནས་
ལོ་མང་འགོར་ཡོད་པ་དེའང་ཤེས་མེད།དེ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་མི་རྒན་དར་སུ་ཞིག་ཡིན་རུང་
ཁྲག་ཤེད་འཇལ་བར་གཙིགས་ཆེན་བྱེད་དགོས་ཤིང་།མ་མཐའ་ཡང་ལོ་རེར་ཐེངས་གཉིས་ནས་གསུམ་ཙམ་ལ་
ཁྲག་ཤེད་འཇལ་ན་བཟང་། སྙིང་ཁམས་གསོ་བའི་ཐབས་ཤེས་གཉིས་པ་ནི་ལུས་པོ་འཁྱག་ཏུ་འཇུག་མི་རུང་བ་དེ་ཡིན།
དཔྱིད་དུས་སུ་དྲོད་རླངས་སོགས་མེད་པས་ཁང་བའི་ནང་གི་དྲོད་ཚད་དགུན་ཁ་ལས་ཀྱང་འཁྱག་སྲིད།
ཁང་བའི་ནང་གི་དྲོད་ཚད་དེ་ཏུའུ་བཅོ་ལྔ་ནས་བཅོ་བརྒྱད་ཡས་མས་རྒྱུན་སྲུང་བྱེད་དགོས་ལ། ཕྱི་རོལ་དུ་འགྲོ་དུས་ཀྱང་མགོ་དང་རྐང་བ་སོགས་འཁྱགས་སུ་འཇུག་མི་རུང་། དྲོད་ཚད་དམའ་ན་ལུས་ཀྱི་
ཁྲག་རྒྱུ་ཚད་ཇེ་དལ་དུ་འགྲོ་ཞིང་།ཁྲག་གི་འབྱར་བག་གར་པོར་འགྱུར་ཚད་ཇེ་མཐོར་གྱུར་ནས་ཁྲག་རྡོག་ཆགས་སྲིད།
སྙིང་ཁམས་གསོ་བའི་ཐབས་ཤེས་གསུམ་པ་ནི་མལ་ལས་ལངས་སྐབས་དལ་མོར་ལངས་དགོས་པ་དེ་ཡིན།
གཉིད་ལས་སད་རྗེས་དེ་མ་ཐག་མལ་ལས་མི་ལངས་པར་དུས་ཚོད་སྐར་ཆ་ལྔ་ཙམ་གྱི་རྗེས་ནས་ད་གཟོད་
ཡར་ལངས་ནས་འགུལ་སྐྱོད་བྱས་ན་བཟང་། དེ་ལྟར་མ་བྱས་ཚེ་སྙིང་གཟེར་ལངས་པ་དང་གྲིབ་སྐྱོན་ཕོག་སྲིད།
ཞོགས་པར་ལུས་སྟེང་གི་ཁྲག་རྒྱུན་འཁོར་སྐྱོད་བྱེད་ཚད་མི་བཟང་བས་གློ་བུར་དུ་འགུལ་སྐྱོད་བྱས་ན་ཀླད་སྙིང་
ཁྲག་རྩའི་ནད་སློང་སྲིད།སྙིང་ཁམས་གསོ་བའི་ཐབས་ཤེས་བཞི་བ་ནི་ཞོགས་པར་མལ་ལས་ལངས་རྗེས་ཆུ་གསར་
སྐོལ་དྲོད་མ་འཇམ་ཕོར་བ་གང་འཐུང་ན་བཟང་བ་དེ་ཡིན། ཆུ་འཐུང་ན་ཆུ་ཁོལ་དྲོད་འཇམ་འཐུང་ན་ཆེས་བཟང་ཞིང་། སྤྱིར་བཏང་དུ་ཧོ་ཧྲིན་ཉིས་བརྒྱ་ནས་བཞི་བརྒྱའི་བར་འཐུང་ན་ཆེས་འཚམས་ལ།དེ་ལས་ལྡོག་སྟེ་ཆུ་མང་པོ་
འཐུང་ན་ཕོ་བར་གནོད་པར་མ་ཟད།ཞོགས་ཟས་ཟ་བར་ཡང་ཤུགས་རྐྱེན་ཐེབས་ངེས། མི་རྣམས་ཞག་གང་བོར་
གཉིད་རྗེས་ལུས་སྟེང་གི་ཆུའི་གྲུབ་ཆ་དེ་གཅིན་དང་རྔུལ་ཆུ།དབུགས་ལམ་བཅས་བརྒྱུད་ནས་ཟད་གྲོན་དུ་སོང་
ཡོད་ཅིང་།ཁྲག་རྒྱུན་ཅུང་གར་པོ་དང་འབྱར་བག་ཅན་དུ་གྱུར་ཡོད་པར་མ་ཟད།ཁྲག་རྩ་ཇེ་ཕྲར་གྱུར་ནས་
ཁྲག་རྒྱུན་འཁོར་སྐྱོད་བྱེད་ཚད་ཀྱང་ཇེ་ཉུང་དུ་སོང་ཡོད་པས།སྙིང་ཁམས་ཁྲག་རྒྱུན་གྱི་ཏོག་དབྱིབས་འཕར་རྩར་
ཁྲག་མཁོ་འདོན་བྱེད་ཚད་ཀྱིས་མི་འདང་བ་དང་ཐ་ན་རྩ་ལམ་འགག་པའི་གནས་ཚུལ་ཡང་འབྱུང་ངེས། སྙིང་ཁམས་ཁྲག་རྩའི་ནད་དང་སྙིང་རྩ་འགགས་ནས་ཤི་བའི་གནས་ཚུལ་མང་པོ་ཞིག་ཐོ་རེངས་དང་ཞོགས་པའི་
དུས་ཚོད་དགུའི་ཡས་མས་སུ་འབྱུང་བཞིན་ཡོད་པ་རེད།དེར་བརྟེན་ལོ་ལོན་རྒན་པའམ་ཡང་ན་སྙིང་ཁམས་ཁྲག་
རྩའི་ནད་ཡོད་པའི་ནད་པ་རྣམས་ཀྱིས་ཞོགས་པར་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་རེ་འཐུང་ནས་ཁྲག་རྒྱུན་
ཇེ་དྭངས་དང་ཁྲག་རྩ་ཇེ་རྒྱས་སུ་སོང་རྗེས་ད་གཟོད་འགུལ་སྐྱོད་བྱེད་དགོས།
མཚོ་སྔོན་བོད་སྐད་རྒྱང་སྒྲོགསབརྙན་འཕྲིན་དྲ་ཚིགས་ལས་ནང་འདྲེན་བྱས།