བདེ་ཆེན་ཞིང་གི་སྨོན་ལམ་རྣམ་མཁྱེན་
གྲོང་འཇུག་བཞུག་།།
ཨེ་མ་ཧོ་།
འདི་ནས་ཉི་མ་ནུབ་ཕྱོགས་ཀྱི་།
གྲངས་མེད་འཇིག་རྟེན་བརྒལ་བའི་སྟེང་།
བདེ་བ་ཅན་གྱི་ཞིང་ཁམས་ཡོད་།
གནས་དེ་གང་གིས་མ་བཟོས་པར་།
རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་།
ཕྱོགས་དང་མཐར་ལྷུང་མདེ་པའི་གནས་།
དེ་ན་ཕོ་བྲང་གྲུ་བཞི་རྒྱས་།
ཐུགས་རྗེ་བཞི་ཡི་སྒོ་བཞི་དོད་།
ཐར་ལམ་བརྒྱད་ཀྱི་སྒོ་རྒྱན་མཛེས་།
ཡེ་ཤེས་རྩེ་མོ་གཅིག་ཏུ་འཁྱིལ་།
ཡོན་ཏན་ཡོངས་རྫོགས་དྲྭ་ཆུན་མཛེས་།
ཕྱི་ནང་སྒྲིབ་མེད་གཞལ་ཡས་ནང་།
མི་འཇིག་སེང་གེ་སྟེབས་ལྡན་གླང་།
རྫུ་འཕྲུལ་རྟ་མཆོག་རྨ་བྱ་དང་།
ཕྲིན་ལས་ཤང་ཤང་བསྣོལ་བའི་ཁྲིར་།
དྲི་མེད་པདྨ་སྤུངས་པའི་ཁར་།
ཐབས་ཤེས་ཉི་ཟླ་བརྩེགས་པའི་སྟེང་།
རྒྱལ་བ་ཚད་མེད་འོད་དཔག་མེད་།
དམར་གསལ་རྰ་གའི་མཆོད་སྡོང་ལ་།
ཉི་བྱེད་འབུམ་གྱིས་འཁྱུད་པར་བཞིན་།
ཐིག་ལེ་ཉག་གཅིག་ཞལ་གཅིག་གསལ་།
བདེན་གཉིས་ཕྱག་གི་ཨུ་དཔལ་རྩེར་།
ཐུགས་རྗེའི་ལྕགས་ཀྱུ་ཆགས་ཤིང་འཛིན་།
ཡོན་ཏན་ཡོངས་རྫོགས་ཆས་ཀྱིས་སྤྲས་།
བདུད་བཞི་ཟིལ་གནོན་སྐྱི་ཀྲུང་མཛད་།
སྨོན་ལམ་ལྷ་ལྔ་དབུ་ལ་མཛེས་།
སྨོན་ལམ་བསམ་མཐའ་ཡས་པ་དམར་།
སྨོན་ལམ་འགྱུར་བ་མེད་པ་སེར་།
སྨོན་ལམ་ཡིད་བཞིན་འབྱུང་བ་སྔོ་།
སྨོན་ལམ་དཔག་ཏུ་མེད་པ་དམར་།
སྨོན་ལམ་དོན་ཀུན་གྲུབ་པ་ལྗོང་།
གཡས་གཡོན་རིག་རྟགས་བུམ་པ་བསྣམས་།
པདྨ་ཉི་ཟླའི་ཁྲི་ལ་བཞུགས་།
ཐུགས་རྗེའི་སྤྱན་གྱི་བདག་ལ་གཟིགས་།
འོད་དཔག་མེད་པའི་ཞིང་ཁམས་ལ་།
བདག་ཉིད་མོས་པ་རྩེ་གཅིག་གིས་།
སྙན་པའི་དབྱངས་ཀྱིས་བསྟོད་པར་བྱེད་།
གུས་པ་ལུས་ཀྱི་རྐྱང་ཕྱག་འཚལ་།
ཕྱག་གཡས་འོད་ཟེར་ལས་སྤྲུལ་པ་།
སྟོན་པ་འོད་དཔག་མེད་པ་ལྗང་།
ཕྱག་གཡོན་འོད་ཟེར་ལས་སྤྲུལ་པ་།
ཡུམ་ཆེན་ཐུགས་རྗེ་བྱམས་མ་དཀར་།
ཞབས་གཡས་འོད་ཟེར་ལས་སྤྲུལ་པ་།
གསང་བདག་འོད་དཔག་མེད་པ་སྔོ་།
ཞབས་གཡོན་འོད་ཟེར་ལས་སྤྲུལ་པ་།
སྣང་བདག་འོད་དཔག་མེད་པ་མཐིང་།
ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་།
འཆི་མེད་རྒྱལ་བ་ཡབ་སྲས་གསུམ་།
རང་རང་བརྡ་རྟགས་ཕྱགས་རྒྱ་བསྒྱུར་།
ཡས་སྤྲུལ་ལྷ་ཚོགས་བསམ་མི་ཁྱབ་།
འོད་དཔག་མེད་ལ་ཕྱག་འཚལ་ལོ་།
སྐུ་ལ་མཚན་བཟང་སོ་གཉིས་བཀྲ་།
གསུང་ལ་བོན་སྒོ་བརྒྱད་ཁྲི་སྤྲོ་།
ཐུགས་ལ་ཡེ་ཤེས་དྲུག་ཅུ་འབར་།
ཡོན་ཏན་ཡིད་བཞིན་ནོར་བུའི་ཚུལ་།
ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ་།
འོད་དཔག་མེད་ལ་ཕྱག་འཚལ་ལོ་།
དད་པས་ཐལ་མོ་སྦྱར་བྱས་ནས་།
ཁྱེད་མཚན་ལན་གཅིག་བརྗོད་པ་ན་།
ཐུགས་རྗེ་གློག་ཞག་མྱུར་པོ་ཡིས་།
གནས་ངན་མི་སྟོང་འདྲེན་མཛད་པ་།
འོད་དཔག་མེད་ལ་ཕྱག་འཚལ་ལོ་།
ཁྱེད་ཉིད་བདག་མདུན་བསམ་བྱས་ནས་།
ཁྱེད་ལ་མོས་པས་གསོལ་བཏབ་ན་།
ནམ་ཡང་ཐུགས་རྗེས་མི་འདོར་བར་།
ཁྱེད་ཀྱི་ཞིང་ཁམས་སྐྱེས་བར་གསུངས་།
འོད་དཔག་མེད་ལ་ཕྱག་འཚལ་ལོ་།
ཁྱེད་མཚན་ལན་གཅིག་ཐོས་གྱུར་ན་།
མ་དག་ལུས་སུ་མི་སྐྱེ་ཞིང་།
རིགས་བཟང་ལྷ་མའི་ལུས་བརྒྱུད་དེ་།
ཁྱེད་ཀྱི་འཁོར་དུ་སྐྱེ་བར་གསུངས་།
འོད་དཔག་མེད་ལ་ཕྱག་འཚལ་ལོ་།
ཐོག་མ་མེད་ནས་ད་ལྟའི་བར་།
མཚམས་མེད་ལྔ་དང་ཉེ་ང་ལྔ་།
ལྕི་བཞི་ལོག་བརྒྱད་འཁྲུལ་པ་དགུ་།
མི་དགེ་སྡིག་བཅུ་བསགས་པ་བཤགས་།
ཕམ་པ་བཞི་དང་ལྷག་མ་དང་།
ཉོན་འཁྲུལ་ཁྲིམས་ཆེན་ཁ་ཟས་དང་།
འཐོར་བའི་སྡེ་ཚན་གསུམ་ལ་སོགས་།
སོ་ཐར་ཚུལ་ཁྲིམས་འཆལ་བ་བཤགས་།
ཁྱད་པར་སུམ་བརྒྱ་དྲུག་ཅུ་དང་།
བསྡུས་པ་ཉི་ཤུ་རྩ་བརྒྱད་དང་།
ཡང་བསྡུས་ནག་པོ་བོན་བཞི་སོགས་།
བྱང་སེམས་བསླབ་་པ་ཉམས་པ་བཤགས་།
རྩ་བའི་དམ་ཚིག་ཉེར་ལྔ་དང་།
ཡན་ལག་དམ་ཚིག་བདུན་ཅུ་དང་།
ཕྱི་འགྱུར་དམ་ཚིག་བརྒྱ་རྩ་བརྒྱད་།
གསང་སྔགས་དམ་ཉམས་པ་བཤགས་།
དངོས་སུ་བསྡོམ་པ་མ་ཞུས་ཀྱང་།
རང་བཞིན་ཁ་ནས་མ་ཐོའི་ལས་།
རང་གི་བྱས་དང་གཞན་ལ་བཅོལ་།
རྗེས་སུ་ཡུན་རང་ཕུལ་བ་བཤགས་།
མར་མེ་མེ་ཏོག་བདུག་སྤོས་དང་།
འབྲུ་བཅུད་བཤོས་གཙང་དྭངས་བསིལ་ཆབ་།
རྒྱུད་ལྔའི་འཁྲུལ་སྣང་རང་དག་ཕྱིར་།
འོད་དཔག་མེད་པ་ཁྱེད་ལ་འབུལ་།
གཟུགས་མཛེས་སྒྲ་སྙན་དྲི་ཞིམ་སྤོས་།
རོ་ལྡན་རེག་འཇམ་བོན་མཆོག་མཛོད་།
མཛེས་པའི་གར་དང་རིན་ཆེན་གཏེར་།
ཚོགས་བརྒྱད་འཁྲུལ་པ་རང་དག་ཕྱིར་།
འོད་དཔག་མེད་པ་ཁྱེད་ལ་འབུལ་།
པདྨ་བུམ་པ་གསེར་ཉ་འགྱུ་།
རྒྱལ་མཚན་དུང་དཀར་དཔལ་བེའུ་འཁྱིལ་།
རྩིབ་སྟོང་རབ་ལྡན་གདུགས་དཀར་འཁོར་།
ཁྱེད་ཀྱི་ཡོན་ཏན་བདག་ཐོབ་ཕྱིར་།
འོད་དཔག་མེད་པ་ཁྱེད་ལ་འབུལ་།
གདོད་ནས་རང་དག་སྟོང་གསུམ་ཞིང་།
རིབ་རབ་གླིང་མཚོ་འདོད་ཡོན་བཅས་།
སྐུ་དང་ཡེ་ཤེས་མཆོག་བརྙེས་ཕྱིར་།
འོད་དཔག་མེད་པ་ཁྱེད་ལ་འབུལ་།
གཞན་གྱི་དགེ་བ་བྱས་ཐོས་ཚེ་།
དེ་ལ་ཕྲག་དོག་སེམས་སྤངས་ནས་།
སྙིང་ནས་དགའ་བས་ཡིད་རང་ན་།
བསོད་ནམས་མཉམ་དུ་འཐོབ་གསུངས་པས་།
ལམ་ལྔའི་འཕགས་ཚོགས་དགེ་བ་དང་།
རྒྱལ་བའི་བཀའ་འཁོར་བསྐོར་མཛད་པ་།
སོ་སྐྱེས་བསོད་ནམས་བསགས་རྣམས་ལ་།
བདག་ནི་རྟག་པར་ཡིད་རང་ངོ་།
འཁོར་བའི་སྡུག་བསྔལ་བསལ་བའི་ཕྱིར་།
ཐེག་པ་རིམ་དགུ་སྒོ་མཛོད་ལྔ་།
ཕྱི་ནང་གསང་བ་གསུམ་པོ་ཡི་།
བཀའ་ཡི་འཁོར་ལོ་བསྐོར་དུ་གསོལ་།
སེམས་ཅན་ཐར་པར་དྲང་བ་དང་།
སངས་རྒྱས་བསྟན་པ་ཡུན་གནས་ཕྱིར་།
རྒྱལ་དང་དེ་སྲས་ཚོགས་རྣམས་ཀྱང་།
མྱ་ངན་མི་འདའ་བཞུག་གསོལ་འདེབས་།
འདིས་མཚོན་དུས་གསུམ་བསགས་པའི་དགེ་།
བདག་ལ་ཅུང་ཟད་མཆིས་པ་ཡན་།
འགྲོ་རྣམས་འཁོར་མཚོ་ལས་བསྒྲལ་ཕྱིར་།
བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ་།
བདག་ནི་ཁྱེད་ལས་རེ་ས་སུ་།
ཉིན་མཚན་ཀུན་ཏུ་ཁྱེད་སྒྲུབ་ཀྱི་།
ཁྱེད་ཀྱི་བྱིན་རླབས་བདག་ལ་རྩོལ་།
བདག་བློ་དགེ་ལ་འགྱུར་བར་མཛོད་།
བདག་ནི་འཁོར་བའི་གནས་ངན་འདིར་།
ཡང་ཡང་སྡུག་བསྔལ་མྱོང་གྱུར་ཀྱང་།
སྡུག་བསྔལ་མ་ཤེས་བདེར་མཐོང་བར་།
ད་ནི་སྐྱོ་བ་སྐྱེ་བར་ཤོག་།
འཇིག་རྟེན་འདི་ཡི་ཕ་མ་དང་།
དེ་བཞིན་བུ་ཚ་ཟླ་གྲོགས་གཉེན་།
གང་ལའང་ཆགས་སེམས་མི་སྐྱེ་བར་།
གཅིག་དབུར་དབེན་པར་གནས་པར་ཤོག་།
ཟས་ནོར་ལོངས་སྤྱོད་ཡུལ་མཁར་དང་།
གོས་དང་རྒྱན་དང་གང་ལའང་།
སྒྱུ་མ་ལྟ་བུར་རབ་ཤེས་ནས་།
ཆགས་མེད་བློ་ཡིསཐོང་བར་ཤོག་།
ཆེ་དང་གྲགས་དང་སྙན་པ་དང་།
གཞན་གྱིས་བསྟོད་དང་བཀུར་བ་སོགས་།
དེ་དག་ལ་ནི་བློ་ལོག་ནས་།
རྟག་དུ་དམན་ས་ཟིན་པར་ཤོག་།
ཚོང་དང་སོ་ནམ་བསོག་འཇོག་སེམས་།
གཡོ་དང་སྒྱུ་ལ་སོགས་པ་སྟེ་།
ཉོན་མོངས་སེམས་ནི་མི་སྐྱེ་ཞིང་།
རང་རྒྱུད་ལས་སུ་རུང་བར་ཤོག་།
གཡེ་ངདང་ལེ་ལོ་འདུ་འཛི་ལས་།
རྣམ་གཡེང་བྱ་བ་ཀུན་སྤངས་ནས་།
རྟག་ཏུ་བོན་སྤྱོད་ལ་བརྩོན་ཏེ་།
བྱ་བྱེད་དགེ་བ་འགྱུར་བར་ཤོག་།
བདག་ལ་གཞན་གྱིས་གནོད་བྱེད་ཅིང་།
སྨོད་དང་ཚིག་རྩུབ་སྨྲ་བ་ལ་།
ཁོང་ཁྲོ་གདུག་སེམས་མི་སྐྱེ་བར་།
སླར་ལ་བྱམས་པ་བྱེད་པར་ཤོག་།
བདག་ནི་འདི་ཡི་ལུས་ཞིག་ཚེ་།
ངན་སོང་གསུམ་དང་ཕམ་བཏུམ་ལྷ་།
མ་ནིང་མོ་རིགས་ཉམ་ཆུང་བྲན་།
དབུལ་འཕང་ཅན་དུ་བདག་མ་སྐྱེ་།
དེ་བཞིན་དབང་པོ་ཉམས་པ་དང་།
སྡིག་སྤྱོད་ཅན་དང་ལྟ་བ་ལོག་།
ནད་ཅན་སྨྱོ་འབོགས་གཞན་ལ་གནོད་།
མ་དག་ལུས་སུ་བདག་མ་སྐྱེ་།
དབུགས་ཆད་འོད་གསལ་ཤར་བ་དང་།
མཉམ་དུ་འོད་པག་མེད་གཙོ་འཁོར་།
མངོན་གསུམ་མདུན་དུ་ལྷག་གྱུར་ནས་།
བདག་ཉིད་བསུ་མ་འབྱོན་བར་ཤོག་།
བར་དོའི་སྣང་བ་ཅི་ཤར་ཡང་།
རང་རིག་རྩལ་དུ་ཐག་ཆོད་ནས་།
གནའ་ཕྲུག་བྲག་ལ་འཛེགས་པ་བཞིན་།
ཡ་ང་བག་ཚ་མེད་པར་ཤོག་།
དེ་རྗེས་འོད་དཔག་མེད་གཙོ་འཁོར་།
རྫུ་འཕྲུལ་སྟོབས་ཀྱིས་མཁར་བྱོན་ཚེ་།
བདག་ཀྱང་གཤེགས་ཤུལ་འོད་ལམ་ལ་།
ཐོག་པ་མེད་པ་བསྒྲོད་པར་ཤོག་།
འཁོར་བ་འདི་ལ་མི་ཆགས་པར་།
བྱ་རྒོད་སྙི་ཐག་ཆད་པ་བཞིན་།
ནུས་ཕྱོགས་དག་ཏུ་ཁ་ལྟོས་ནས་།
ཕྱིག་མིག་མེད་པར་འབྲོས་པར་ཤོག་།
བདེ་བ་ཅན་ཏུ་ལྷག་གྱུར་ཏེ་།
མེ་ཏོག་པད་མའི་སྙིང་པོ་ལ་།
སྐྱེས་ནས་སྐད་ཅིག་ལུས་རྫོགས་ཏེ་།
འོད་དཔག་མེད་པའི་ཞལ་མཐོང་ཤོག་།
དེ་ཚེ་མཐོང་ལམ་སྒྲིབ་དག་ནས་།
འཕྲུལ་དགའི་ལྷ་བཞིན་མཆོད་རྫས་དག་།
ཐོག་མེད་མདུན་དུ་སྤྲུལ་བྱས་ནས་།
འོད་དཔག་མེད་ལ་མཆོད་པར་ཤོག་།
ཚད་མེད་འོད་དང་ལྡན་པ་དེས་།
ཟབ་དང་རྒྱ་ཆེའི་བོན་འཆད་ཚེ་།
དེ་ལ་ཉན་ཞིང་ཐོས་གྱུར་ན་།
མྱོང་དང་གྲོལ་བ་ཐོབ་པར་ཤོག་།
བྱེ་རུའི་ས་གཞི་བདལ་པ་ལ་།
གཡུ་ཡི་གཡུང་དྲུང་མིག་མང་རིས་།
མནན་ན་ནེམ་ཞིང་བཏེག་ན་འཕར་།
ངོ་མཚར་གནས་དེར་སྐྱེ་བར་ཤོག་།
རིན་ཆེན་ལས་གྲུབ་དཔག་བསམ་ཤིང་།
དགོས་རྒུ་ནོར་གྱིས་ཡོངས་ཕྱུགས་ཤིང་།
སྤྲུལ་པའི་བྱ་ཚོགས་བོན་སྒྲ་སྒྲོགས་།
བདེ་བའི་གནས་དེར་སྐྱེ་བར་ཤོག་།
ཡན་ལག་བརྒྱད་ལྡན་ཆུ་བོ་དང་།
རྙོགས་མེད་དྲི་བྲལ་རྫིང་བུ་དག་།
རིན་ཆེན་ར་བས་ཡོངས་སུ་བསྐོར་།
དག་པའི་ཞིང་དེར་སྐྱེ་བར་ཤོག་།
དོག་ཀུན་རིན་ཆེན་ནེ་རས་གང་།
དེ་ལ་དེ་རྙེད་འོད་ཟེར་རྩེར་།
སྤྲུལ་པའི་སངས་རྒྱས་མངོན་བཞུགས་པ་།
དེ་དག་མདུན་དུ་བདག་སྐྱེ་ཤོག་།
སྣོ་ནི་ཕྱིན་བཅུའི་ཚུལ་དུ་ཆགས་།
རིན་པོ་ཆེ་ལས་ས་རྡོ་བྲལ་།
དུས་བཞི་ཆ་སྙོམས་ཉིན་མཚན་མེད་།
ཞིང་དག་གནས་དེར་སྐྱེ་བར་ཤོག་།
བཅུད་ནི་ལྷ་དང་ལྷ་མོ་དངོས་།
ཀུན་ཀྱང་མཚན་དང་དཔེ་བྱད་ལྡན་།
ཉོན་མོངས་མེད་ཅིང་སྡུག་བསྔལ་མེད་།
སྐྱེ་འཆི་མེད་པའི་ཞིང་སྐྱེ་ཤོག་།
བདག་དང་གཞན་མེད་ཕྱོགས་རིས་བྲལ་།
ངན་སོང་མཐོ་རིས་སྒྲ་མི་གྲགས་།
ནད་དང་དབུལ་ཕོངས་འཐབ་བཙོད་མེད་།
བདེ་སྐྱིད་ཞིང་དེར་སྐྱེ་བར་ཤོག་།
བུད་མེད་མེད་ཅིང་ལོག་གཡེམ་མེད་།
ཐམས་ཅད་པད་མའི་སྦུག་ནས་འཁྲུངས་།
སྤྱན་ལྔ་རྩལ་དྲུག་ཀུན་ལ་མངའ་།
སྒྲིབ་དག་ཞིང་དེར་སྐྱེ་བར་ཤོག་།
འདུག་ན་རིན་ཆེན་གཞལ་མེད་ཁང་།
གང་འདོད་ལོངས་སྤྱོད་ལག་པའི་མཐིལ་།
རྩོལ་སྒྲུབ་མི་དགོས་ཤུགས་ཀྱིས་འགྲུབ་།
ཕུན་སུམ་ཚོགས་པའི་ཞིང་སྐྱེ་ཤོག་།
མངོན་པར་དགའ་དང་ལས་རབ་རྫོགས་།
དཔལ་ལྡན་མཛེས་དང་སྡུག་པོ་བཀོད་།
ཞིངས་ཁམས་དེ་རྣམས་ལ་ཕྱིན་ནས་།
གསལ་བ་རང་བྱུང་དགེ་ལྷ་ཕྱུགས་།
དགའ་བ་དན་གྲུབ་ཀུན་སྣང་ཁྱབ་།
སངས་རྒྱས་རྣམས་ཀྱིས་ཞལ་ལྟ་ཞིང་།
དབང་དང་བྱིན་རླབས་གདམ་ངག་དང་།
བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག་།
དེ་རྗེས་བདག་གིས་འགྲོ་བའི་དོན་།
གས་རྗེ་བཞི་ཡི་རྒྱུན་བསྲིང་ནས་།
འཁོར་བ་མཐའ་མ་སྟོང་པ་རུ་།
དཔག་ཏུ་མེད་པའི་དོན་བྱེད་ཤོག་།
མཐའ་ནི་རང་གཞན་སེམས་ཅན་ཀུན་།
ཐིག་ལེ་ཉག་ཅིག་དོན་རྟོགས་ནས་།
ཀུན་ཀྱང་རྫོགས་སངས་རྒྱས་གྱུར་ཏེ་།
འཁོར་བཅས་བོན་ཉིད་ངང་མཉམ་ཤོག་།
འོད་དཔག་མེད་ལ་ཕྱག་འཚལ་ལོ་།
བདེ་བ་ཅན་དུ་སྐྱེ་བར་ཤོག་།
ཨོམ་མ་ཏྲི་མུ་ཡེ་ས་ལེ་འདུ་།
མགོན་པོ་ཁྱེད་ལ་བདག་མོས་ཤིང་།
ཤུགས་དྲག་དད་པས་བློ་བཀལ་ནས་།
བདག་གིས་སྨོན་ལམ་གང་བཏབ་པ་།
མྱུར་དུ་འགྲུབ་པར་བྱིན་ཀྱིས་རློབས་།
གསལ་བཤད་། གུས་པ་གློག་ཀླད་ཀྱི་རྒྱུས་དམན་སྟབས་བརྩེགས་ཡིག་འགའ་
ཚུལ་བཞིན་ཡིག་བཏགས་ཤེས་མ་སོང་བས་དེ་ལུགས་ཀྱི་ཐུགས་འཇག་མཚལ།།