༄༅།། ཤེས་དམན་གྱི་རེ་འབོད། །
བསྟན་འཛིན་ཡེ་ཤེས།
ཤ་རུས་གཅིག་ནས་མཆེད་པའི་གདོང་དམར་གྱི་བུ་ཚོ། །
གཏི་མུག་གཉིད་ལས་མ་ཡུར་མགོ་བོ་ཡར་བཏེགས་དང་། །
མི་རིགས་གཞན་དང་འདྲ་བའི་སྐད་ཡིག་ནི་ཡོད་པས། །
མདུན་སྤྱོད་སྤོབས་པ་ནམ་ཡང་སེམས་གཏིང་ནས་མ་ལྷོད། །
ཐོབ་དང་དབང་ཆ་ལྡན་པའི་གངས་ཅན་གྱི་རིགས་རྒྱུད། །
རང་དོན་ཁོ་ནར་མ་བསམ་སྤྱི་དོན་ལ་སོམས་དང་། །
ལྟག་སྒོ་རྒྱབ་རྩའི་བྱ་བ་རྒྱང་རིང་དུ་དོར་ནས། །
མི་འཇིགས་རྡོ་རྗེའི་ཁྲི་ལ་ཡོན་ཏན་གྱི་འཛེགས་རོགས། །
ཤེས་རིག་ཀུན་ལྡན་སློབ་གྲྭའི་སྐྱེད་ཚལ་དུ་ཕྱིན་ཏེ། །
རང་རིགས་འཕེལ་རྒྱས་རང་ཉིད་མདུན་ལམ་དེ་བཅངས་ནས། །
རིག་གནས་ཀུན་མཁྱེན་བརྩེ་ལྡན་བཤེས་གཉེན་དུ་བསྟེན་ཞིང་། །
ཉིན་མཚན་བལྟོས་མེད་འབད་དང་ན་མཉམ་གྱི་གྲོགས་ཚོ། །
སྤྱི་ཚོགས་དཔལ་འབྱོར་ཉིན་བཞིན་ཡར་རྒྱས་སུ་ཕྱིན་ཡང་། །
རང་རེའི་གོམས་སྲོལ་རེ་འགའ་ཉམ་ཞན་དུ་འགྲོ་བ། །
རྒྱུ་མཚན་དེ་ནི་གསར་བུ་ང་ཚོ་ལ་ཐུག་པས། །
མེས་པོའི་སྲོལ་བཟང་མ་ཉམས་གོང་འཕེལ་དུ་གཏོང་རོགས། །
མེས་པོའི་ཤུལ་བཞག་བཅུ་ཕྲག་རིག་གཞུང་ལ་བརྩོན་ནས། །
གཞན་ལུགས་ལེགས་པའི་ཆ་ཡིས་ཟུར་རྒྱན་དུ་བགྱིས་ཤིང་། །
འཛིན་སྐྱོན་སྤེལ་བའི་དུས་ལ་ཡོལ་མེད་ཅིག་བྲེལ་ན། །
དོན་དམ་ལ་རྒྱ་ཞེས་པ་དེ་ཡི་ཡང་ཆོག་སྙམ། །
མཁྱེན་སྤྱོད་ཡངས་པའི་བླ་སྤྲུལ་ཤེས་ལྡན་གྱི་ཚོགས་ལགས། །
ཁ་ཞེ་གཉིས་མེད་རང་རེའི་འཕེལ་རྒྱས་ལ་བསམ་ན། །
བན་བོན་ཞེས་པའི་རྩོད་པ་རྒྱང་རིང་དུ་དོར་ནས། །
གོམས་པ་མཉམ་བྱས་རོགས་ཤེས་དམན་གྱི་རེ་འབོད། །
བགྲེས་པོའི་འབེལ་གཏམ་དགུ་པར་འཁོད།