སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སློབ་མའི་བསླབ་བྱ། ༼   འོས་སྦྱོར།  ༽
[ 2011/12/22 15:10:00 | By: ལྷ་གཡག་དར་མ། ]
 
སློབ་མའི་བསླབ་བྱ།
 
མཁན་པོ་བསོད་དར་རྒྱས་ནས་བསྒྱུར།
སྤྱིའི་སྡོམ་ཚིག

སློབ་མའི་བསླབ་བྱ་འདི། །
འཕགས་པའི་སྐྱེ་བོའི་གསུང་། །
སྲི་ཞུ་གུས་བཀུར་དང༌། །
བག་ཡོད་ཡིད་རྟོན་བྱ། །
ཀུན་ལ་བྱམས་པས་སྐྱོང༌། །
བཤེས་གཉེན་དམ་པ་བསྟེན། །
ད་དུང་སྒྲུབ་ནུས་ན། །
ཤེས་བྱ་གཞན་ཀྱང་སློབ། །
 
དང་པོ། ནང་དུ་ཕ་མར་སྲི་ཞུའི་སྐོར།

ཕ་མས་འབོད་པའི་དུས། །
མྱུར་དུ་ཨ་ལན་བྱ། །
ཕ་མས་མངག་པའི་ལས། །
ཕྱིར་འགྱངས་མེད་པར་བསྒྲུབ། །
ཕ་མའི་བསླབ་བྱ་དག །
གུས་པས་མཉན་པར་བྱ། །
ཕ་མས་བཀའ་བཀྱོན་སྐབས། །
བཀུར་བས་དང་ལེན་བྱ། །

དབྱར་དགུན་ཕ་མ་ལ། །
དྲོད་བསིལ་གང་དགོས་སྦྱིན། །
ནངས་ནུབ་ཕ་མ་ལ། །
ཁམས་འདྲི་བསྙེན་བཀུར་ཞུ། །

ཕར་འགྲོ་ཕ་མར་ཞུ། །
ཚུར་སླེབས་སྙན་གསན་དབུལ། །
སྡོད་གནས་གཏན་འཁེལ་དང༌། །
ལས་ཀ་བརྟན་པོ་བྱ། །

བྱ་བ་ཆུང་ན་ཡང༌། །
རང་དགར་བྱེད་མི་རུང༌། །
རང་དགར་བྱས་གྱུར་ན། །
ཡ་རབས་ལུགས་དང་འགལ། །
དངོས་པོ་ཆུང་ན་ཡང༌། །
རང་དགར་སྦ་མི་རུང༌། །
རང་དགར་སྦས་གྱུར་ན། །
ཕ་མའི་སེམས་པ་གསོད། །

ཕ་མ་དགའ་བའི་གནས། །
ཅི་ནུས་བསྒྲུབ་པར་བྱ། །
ཕ་མ་མི་དགའི་རིགས། །
བག་ཡོད་སྒོ་ནས་འདོར། །

ལུས་ལ་སྙད་བྱུང་ན། །
ཕ་མས་སེམས་ཁྲལ་བྱེད། །
ཀུན་སྤྱོད་ཉམས་གྱུར་ན། །
ཕ་མར་ངོ་ཚ་སྐྱེ། །

ཕ་མ་དགའ་ན་བདག །
བཀུར་སྟི་ཅི་ཞིག་དཀའ། །
ཕ་མ་སྡང་ཡང་བདག །
གུས་བཀུར་དེ་ནི་མཆོག །

ཕ་མའི་ཉེས་སྐྱོན་ལ། །
ཞི་དུལ་འཛུམ་མདངས་བཅས། །
འཇམ་པོའི་ངག་ཚིག་གིས། །
བསྐུལ་ཏེ་བཅོས་པར་བྱ། །

སྐྱོན་དངོས་མི་ལེན་ན། །
ཕ་མ་དགའ་བའི་དུས། །
ངུས་ཏེ་སླར་ཡང་ཞུ། །
བརྡུང་ཡང་འཁོན་མི་བྱ། །

ཕ་མ་ན་བའི་དུས། །
སྨན་བྲོ་རང་གིས་བལྟ། །
ཉིན་མཚན་བསྙེན་བཀུར་ཞུ། །
གམ་ནས་འབྲལ་མི་བྱ། །

ཕ་མ་གཤེགས་རྗེས་སུ། །
ལོ་གསུམ་མྱ་ངན་བྱེད། །
འཚོ་བ་སྟབས་བདེའི་ངང༌། །
ཤ་ཆང་སོགས་མི་བསྟེན། །
ལྷག་བསམ་དག་པའི་ངང༌། །
སྲོལ་བཞིན་འདས་མཆོད་བྱ། །
འདས་རྗེས་བྱ་གཞག་རྣམས། །
འཚོ་གཞེས་སྐབས་ལྟར་བྱ། །

གཉིས་པ། རྒན་ལ་གུས་བཀུར་གྱི་སྐོར།

ཕུ་བོས་ནུ་བོ་སྐྱོང༌། །
ནུ་བོས་ཕུ་བོར་གུས། །
ཕུ་ནུ་ནང་མཐུན་ན། །
ཕ་མའི་སྲི་ཞུ་ལགས། །

ནོར་ལ་ཞེན་ཆུང་ན། །
འཁོན་པ་གང་ནས་འབྱུང༌། །
གཏམ་ངན་ལ་བཟོད་ན། །
ཁྲོ་སེམས་རང་སར་ཞི། །

བཟའ་བཏུང་བྱེད་པ་དང༌། །
འགྲོ་འདུག་སོགས་ཀྱང་རུང༌། །
རྒན་རབས་སྔོན་ལ་སྟེ། །
གཞོན་པས་རྗེས་ནས་བྱ། །
རྒན་པས་གཞན་འབོད་ན། །
མྱུར་དུ་འཚོལ་རོགས་བྱ། །
མི་དེ་མེད་གྱུར་ན། །
རང་ཉིད་དེའི་ཚབ་འགྲོ །

རྒན་ལ་ཞེ་ས་བགྱི། །
ཐད་ཀར་མིང་མི་གཟུང༌། །
རྒན་རབས་དག་གི་མདུན། །
རང་ཆེ་གདོན་མི་བྱ། །

ལམ་འཕྲད་རྒན་རབས་ལ། །
མྱུར་དུ་གུས་འདུད་ཞུ། །
གསུང་གླེང་མེད་གྱུར་ན། །
གུས་པས་གམ་ནས་གཟུར། །

རྒན་རབས་ལ་འཕྲད་སྐབས། །
ཁྱོགས་རྟ་སོགས་ལས་འབབ། །
གོམ་བརྒྱ་ཙམ་ཕེབས་རྗེས། །
གཟོད་ནས་ལམ་དུ་ཞུགས། །
རྒན་པ་བཞེངས་པའི་དུས། །
གཞོན་པ་འདུག་མི་རུང༌། །
རྒན་པ་བཞུགས་པའི་རྗེས། །
གནང་ན་གཟོད་ནས་འདུག །

རྒན་པ་རྣམས་ཀྱི་དྲུང༌། །
སྐད་སྒྲ་ཆེ་མི་རུང༌། །
ཆུང་ནས་མི་ཐོས་པ། །
དེ་ཡང་མ་ཡིན་ནོ། །

མདུན་ལ་མྱུར་བོས་གཅར། །
དལ་གྱིས་ཕྱིར་ལ་འོངས། །
ཐད་ཀར་དྲིས་ལན་ལྡོན། །
ལྟ་སྟངས་བསྒྱུར་མི་བྱ། །

ཉེ་བའི་རྒན་རབས་ལ། །
རང་གི་ཕ་ལྟར་བཀུར། །
ཉེ་བའི་སྤུན་ཟླ་ལ། །
རང་གི་སྤུན་ལྟར་གཅེས། །
གསུམ་པ། བག་ཡོད་ཚུལ་མཐུན་གྱི་སྐོར།

ཞོགས་པར་སྔ་ནས་ལངས། །
དགུང་མོར་ཕྱི་ནས་ཉལ། །
རྒ་བ་འོང་སླ་བས། །
དུས་ལ་གཅེས་སྤྲས་བྱ། །

སྔ་མོར་ཡར་ལངས་ཏེ། །
ངོ་འཁྲུད་ཁ་བཤལ་ཞིང་། །
བཤང་གཅི་དོར་བའི་རྗེས། །
ལག་པ་བཀྲུ་བར་བྱ། །

ཞྭ་མོ་དྲང་མོར་གྱོན། །
སྒྲོག་གུ་ལེགས་པར་སྒྲོག །
གོས་ལྷམ་ཆ་འགྲིག་པོ། །
འོས་འཚམས་ཡིད་འོང་བྱ། །

ཞྭ་གོས་སོགས་ཕུད་རྗེས། །
གཏན་ཁེལ་གནས་སུ་འཇོག །
གང་མོས་སར་གཡུག་ན། །
དེ་ལས་བཙོག་པར་འགྱུར། །
གོས་ནི་གཙང་བ་གཙོ། །
ཁྲ་བོ་སོགས་མ་ཡིན། །
རང་གི་ཐོབ་ཐང་དང༌། །
ཁྱིམ་གྱི་རྒྱུ་ལ་བསྟུན། །

བཟའ་བཏུང་སྤྱོད་པའི་དུས། །
འདེམ་ག་བྱེད་མི་རུང༌། །
ཟས་སྤྱོད་རན་པ་ལས། །
ཚད་ལས་འདས་པ་མིན། །

ན་ཚོད་གཞོན་དུས་ནས། །
ཆང་ནི་བཏུང་མི་རུང༌། །
ཆང་གིས་བཟི་བའི་མིའི། །
ཀུན་སྤྱོད་ཆེས་ཐ་ཆད། །

འགྲོ་ན་གོམ་སྟབས་རན། །
འགྲེང་དུས་ལུས་པོ་དྲང༌། །
ཕྱག་ལ་ལུས་སྒུར་ཏེ། །
གུས་འདུད་བརྩི་བཀུར་བྱ། །

སྒོ་ཐེམ་ཐོག་མི་བརྫི། །
རྐང་གཅིག་གིས་འགྲེང་དང༌། །
རྐང་གཉིས་བགྲད་དེ་འདུག །
བརླ་གཡུག་སོགས་མི་བྱ། །

ཡོལ་བ་དལ་གྱིས་ཕྱེ། །
སྒྲ་ཆེན་སོགས་མི་འབྱིན། །
ཁ་འཁོར་རྒྱང་ནས་བསྐོར། །
སྣེ་ཟུར་ཕོག་མི་བྱ། །

སྣོད་སྟོང་གཟུང་བའི་སྐབས། །
བཅུད་ལྡན་གཟུང་བཞིན་གཟབ། །
ཁང་སྟོང་ནང་ཞུགས་དུས། །
ཁྱིམ་བདག་ཡོད་བཞིན་བྱ། །

བྱ་བ་བྲེལ་མི་རུང༌། །
བྲེལ་ན་ནོར་འཁྲུལ་འབྱུང༌། །
དཀའ་ལ་སྐྲག་པ་དང༌། །
སླ་ལ་བརྙས་མི་བྱ། །
འཐབ་རྩོད་གཡེང་བའི་གནས། །
ནམ་ཡང་འགྲོ་མི་རུང༌། །
ཚུལ་མིན་ལོག་པའི་དོན། །
ནམ་ཡང་འདྲི་མི་བྱ། །

གཞན་ཁྱིམ་འགྲོ་བའི་དུས། །
ཁྱིམ་བདག་ཡོད་མེད་འདྲི། །
ཁང་པར་ཞུགས་པའི་ཚེ། །
སྐད་བརྡ་གཏོང་བར་བྱ། །

བདག་པོས་ཚུར་འདྲི་ན། །
རང་གི་མིང་ནས་བརྗོད། །
ང་ཡིན་ཞེས་པའི་སྒྲས། །
སུ་ཡིན་འབྱེད་མི་ནུས། །

གཞན་ནོར་ལ་སྤྱོད་ན། །
དྲིས་ཏེ་གནང་བ་དགོས། །
མ་དྲིས་བཞིན་སྤྱད་ན། །
བརྐུས་དང་ཁྱད་པར་མེད། །
བདག་གིས་གཡར་བའི་ནོར། །
དུས་ཐོག་ཕར་ལ་སྤྲད། །
གཞན་ལ་གཡར་དགོས་ན། །
སེར་སྣ་མེད་པས་གཡར། །

བཞི་པ། ཡིད་རྟོན་དྲང་བདེན་གྱི་སྐོར།
སྐད་ཆ་གང་བཤད་ཀྱང༌། །
དྲང་བདེན་ཡིད་རྟོན་གཙོ། །
རྫུན་དང་གཡོ་སྒྱུའི་ཚིག །
ནམ་ཡང་སྨྲ་མི་བྱ། །

འཆོལ་གཏམ་མང་བ་ལས། །
སྐད་ཆ་ཉུང་ན་དགའ། །
ཁ་ཚིག་དོན་གནས་ལས། །
བསླུ་ཚིག་སྨྲ་མི་བྱ། །

ཁ་ཡག་ཚིག་སྙན་དང༌། །
མ་རབས་ཐ་ཆད་པའི། །
གྲོང་ཚིག་གཏམ་ངན་སོགས། །
ནམ་ཡང་སྨྲ་མི་བྱ། །
གནས་ལུགས་མ་མཐོང་བར། །
གང་འདོད་བཤད་མི་རུང༌། །
ཁུངས་དག་མ་ཤེས་པར། །
གཞན་ལ་བསྒྲག་མི་བྱ། །

ཡང་དག་མིན་པའི་དོན། །
རང་དགར་ཁས་མི་བླངས། །
རང་དགར་ཁས་བླངས་ན། །
འཇུག་ལྡོག་གཉིས་ཀ་དཀའ། །

སྐད་ཆ་འཆད་པའི་དུས། །
གསལ་དག་ལྷོད་ཆགས་དགོས། །
ཧ་ཅང་མགྱོགས་པ་དང༌། །
ལྡབ་ལྡིབ་སོགས་མི་བྱ། །

འདི་བཟང་འདི་ངན་ཞེས། །
སྐྱོན་ཡོན་མི་བརྗོད་ཅིང༌། །
རང་དང་འབྲེལ་མེད་པའི། །
བྱ་བར་འཇུག་མི་བྱ། །
གཞན་ཡོན་མཐོང་བའི་ཚེ། །
དེ་ཡི་རྗེས་བསྙེག་བསམ། །
ད་དུང་ཐག་རིང་ཡང་། །
རིམ་གྱིས་དེ་རྗེས་ཟིན། །

གཞན་སྐྱོན་མཐོང་བའི་ཚེ། །
རང་ལ་ཡོད་མེད་བརྟག །
རང་སྐྱོན་ཡོད་ན་བཅོས། །
མེད་ན་བག་ཟོན་བྱ། །

སྤྱོད་བཟང་ཤེས་རིག་དང༌། །
ལག་རྩལ་ཡོན་ཏན་རྣམས། །
གཞན་ལྟར་མི་ལྡན་ན། །
རང་ལ་བསྐུལ་ཏེ་བསྐྲུན། །

ལུས་ཀྱི་ཆས་གོས་དང༌། །
བཟའ་བཏུང་ཡོ་བྱད་སོགས། །
གཞན་ལྟར་མི་ལྡན་ན། །
སེམས་པ་སྐྱོ་མི་བྱ། །
སྨད་ན་ཁྲོ་འགྱུར་ཞིང༌། །
བསྟོད་ན་དགའ་འགྱུར་བའི། །
མི་ལ་གྲོགས་ངན་འདུ། །
གྲོགས་བཟང་བྲེད་ནས་འགྲོ །

བསྟོད་ན་སྐྲག་འགྱུར་ཞིང༌། །
སྨད་ན་དགའ་འགྱུར་བའི། །
མི་ལ་དམ་པ་རྣམས། །
རིམ་གྱིས་འདུ་བར་འགྱུར། །

མ་བརྟགས་བྱ་ངན་བྱས། །
དེ་ལ་ནོར་འཁྲུལ་ཟེར། །
བསམ་བཞིན་བྱ་ངན་བྱས། །
དེ་ནི་མི་དགེ་ཡིན། །
རང་སྐྱོན་བཅོས་གྱུར་ན། །
ཡོན་ཏན་འཕེལ་བར་འགྱུར། །
རང་སྐྱོན་བཀབ་གྱུར་ན། །
ཉེས་པ་ཇེ་ཆེར་འགྲོ །
ལྔ་པ། ཀུན་ལ་བྱམས་སྐྱོང་གི་སྐོར།
གང་ཟག་སུ་ཡིན་ཡང༌། །
ངེས་པར་བྱམས་པས་སྐྱོང༌། །
ས་སྟེང་གནམ་འོག་ན། །
མཉམ་དུ་གནས་པས་སོ། །

སྤྱོད་བཟང་ལྡན་པའི་མིའི། །
མཚན་སྙན་ངང་གིས་འཕེལ། །
མི་རྣམས་དེ་ལ་གུས། །
མཛེས་པའི་གཟུགས་ཀྱིས་མིན། །

ཤེས་ཡོན་ལྡན་པའི་མིའི། །
མཚན་སྙན་ངང་གིས་རྒྱས། །
མི་རྣམས་དེ་ལ་དགའ། །
རང་བསྟོད་བསྔགས་པས་མིན། །

རང་གི་ཡོན་ཏན་གྱིས། །
རང་དོན་བསྒྲུབ་མི་བྱ། །
གཞན་གྱི་ཡོན་ཏན་ལ། །
ཁྱད་གསོད་བྱེད་མི་རུང༌། །
ཕྱུག་པོར་ངོ་བསྟོད་དང༌། །
དབུལ་པོར་ཁེངས་དྲེགས་མིན། །
གྲོགས་རྙིང་འདོར་བ་སྤང༌། །
གྲོགས་གསར་དགའ་ཞེན་མིན། །

གཞན་དག་བྲེལ་བའི་དུས། །
ལས་འགོག་བྱེད་མི་རུང༌། །
གཞན་སེམས་སྐྱོ་བའི་དུས། །
གཏམ་ཉོག་སྨྲ་མི་བྱ། །

གཞན་གྱི་སྐྱོན་ཆ་རྣམས། །
ངེས་པར་བསྒྲག་མི་རུང༌། །
གཞན་གྱི་གསང་བ་རྣམས། །
ནམ་ཡང་སྨྲ་མི་བྱ། །

གཞན་གྱི་ཡོན་ཏན་རྣམས། །
བརྗོད་ན་དགེ་བ་ཡིན། །
གཞན་གྱིས་ཤེས་པའི་རྗེས། །
བརྩོན་པས་ཇེ་བཟང་འགྲོ །
གཞན་གྱི་ཉེས་སྐྱོན་རྣམས། །
བསྒྲགས་ན་མི་དགེའི་ལས། །
བརྗོད་པ་ཐལ་དྲགས་ན། །
ཉེར་འཚེ་རང་ལ་འབྱུང༌། །

གྲོགས་ལ་ཕན་ཚུན་བསྐུལ། །
མཉམ་དུ་ཤེས་ཡོན་བསྐྲུན། །
ཚུལ་མིན་ལམ་ཞུགས་ན། །
ཐ་མ་གཉིས་ཀ་ཕུང་། །

དངོས་རྫས་གཏོང་ལེན་ལ། །
དབྱེ་འབྱེད་གསལ་བོར་བྱ། །
ཕར་གཏོང་མང་བ་དང༌། །
ཚུར་ལེན་ཉུང་ན་ལེགས། །

གཞན་ལ་བཅོལ་པའི་ལས། །
ཐོག་མར་རང་ལ་འདྲི། །
རང་གིས་མི་འདོད་ན། །
མྱུར་དུ་མཚམས་འཇོག་བྱ། །
དྲིན་ལ་གཟོ་སེམས་དང༌། །
འཁོན་ལ་བརྗེད་སེམས་དགོས། །
གནོད་ལན་ཡུན་ཐུང་ཙམ། །
དྲིན་ལན་ཡུན་རིང་གཟོ། །

རང་གི་གཡོག་འཁོར་ལ། །
དྲང་བདེན་སྤྱོད་པས་སྐྱོང༌། །
དྲང་ཞིང་བདེན་ལས་ཀྱང༌། །
བྱམས་བརྩེ་ཁོག་ཡངས་གཙོ། །

དབང་ཆས་གཞན་མནན་ན། །
སྙིང་ནས་དང་ལེན་མེད། །
རྒྱུ་མཚན་ལྡན་གྱུར་ན། །
དེ་ལ་ལེ་བརྡ་མེད། །

དྲུག་པ། སྐྱེ་བོ་དམ་པ་བསྟེན་པའི་སྐོར།
མི་རྣམས་འདྲ་ན་ཡང༌། །
རིགས་ལ་སྣ་ཚོགས་ཡོད། །
ཐ་ཤལ་དམན་པ་མང༌། །
དམ་པའི་སྐྱེ་བོ་ཉུང༌། །
ཤེས་ལྡན་དམ་པ་ལ། །
ཐམས་ཅད་གུས་ཤིང་སྐྲག །
དེས་ཀྱང་རྫུན་ཚིག་དང༌། །
གཡོ་སྒྱུས་བསླུ་མི་སྲིད། །

དམ་པ་བསྟེན་བྱས་ན། །
ལེགས་ཚོགས་དཔག་མེད་འབྱུང༌། །
ཡོན་ཏན་ཉིན་བཞིན་འཕེལ། །
ཉེས་སྐྱོན་ཉིན་བཞིན་འགྲིབ། །

དམ་པ་དོར་གྱུར་ན། །
ཉེས་ཚོགས་དཔག་མེད་འབྱུང༌། །
དམན་པས་གླགས་རྙེད་ནས། །
དོན་ཀུན་བརླག་པར་འགྱུར། །

བདུན་པ། ཤེས་རིག་གཞན་བསླབ་པའི་སྐོར།
ལག་བསྟར་མི་བྱེད་པའི། །
རིག་པ་སློབ་པ་ཙམ། །
གསོབ་པའི་རང་བཞིན་ལས། །
བཟང་པོར་འགྱུར་མི་སྲིད། །
ལག་ལེན་ཁོ་ན་ལས། །
རིག་པ་མི་སློབ་ན། །
རང་ལྟ་མཁྲེགས་བཟུང་དེས། །
གནས་ལུགས་མཐོང་མི་སྲིད། །

ཡི་གེ་སློབ་པའི་སྐབས། །
གནད་གསུམ་ཚང་དགོས་ཏེ། །
སེམས་གཏད་མིག་གིས་བལྟ། །
ཁ་ནས་གདོན་པར་བྱ། །

དཔེ་གང་ཀློག་པའི་ཚེ། །
དཔེ་གཞན་བཀླག་མི་བྱ། །
འདི་ཉིད་མ་རྫོགས་པར། །
དེ་ཉིད་འགྲུབ་མི་འགྱུར། །

སློབ་ཡུན་རིང་བ་དང༌། །
སློབ་དུས་དམ་འཛིན་བྱ། །
བརྩོན་འགྲུས་རྒྱུན་བསྐྱངས་ན། །
དཀའ་གནད་མ་ལུས་རྟོགས། །
སེམས་ཀྱི་དོགས་པ་རྣམས། །
དུས་སུ་ཟིན་ཐོར་བཀོད། །
གཞན་ལ་དྲིས་ནས་སུ། །
དེའི་དོན་རྟོགས་པར་བྱ། །

ཁང་ཁྱིམ་རྩིག་པ་དག །
ཕྱི་ནང་གཙང་སྦྲ་བྱ། །
མདུན་ཅོག་སྣག་སྨྱུག་སོགས། །
ཡིད་འོང་གྲ་འགྲིག་བཞག །

བརྡར་སྣག་ཡོ་གྱུར་ན། །
བློ་སེམས་གཡེང་བ་ཡིན། །
ཡིག་གཟུགས་མི་འགྲིག་ན། །
སེམས་ཉིད་རྙོག་པའི་རྟགས། །

དཔེ་དེབ་གོ་རིམ་བཞིན། །
གཞག་ས་གཏན་ཁེལ་བྱ། །
དེབ་གང་བཀླགས་ཚར་རྗེས། །
སླར་ཡང་རང་སར་གཞག །
བྲེལ་བའི་དོན་བྱུང་ཡང༌། །
དཔེ་དེབ་ཚགས་འགྲིག་བྱ། །
དེབ་ལ་སྙད་བྱུང་ན། །
མྱུར་དུ་གསོ་བར་བྱ། །

འཕགས་པའི་གཞུང་མིན་པར། །
ལྟ་ཀློག་བྱེད་མི་རུང༌། །
བྱས་ན་ཤེས་རབ་བསྒྲིབ། །
ཕུགས་འདུན་བརླག་པར་འགྱུར། །

རང་ཉིད་དམའ་འབེབས་དང༌། །
གཉོམ་ཆུང་བྱེད་མི་རུང༌། །
རིམ་གྱིས་བརྩོན་བྱས་ན། །
མཁས་པའི་གོ་སར་སླེབས། །

སྤྱིའི་སྡོམ་ཚིག

སློབ་མའི་བསླབ་བྱ་འདི། ། འཕགས་པའི་སྐྱེ་བོའི་གསུང་། །
སྲི་ཞུ་གུས་བཀུར་དང༌། ། བག་ཡོད་ཡིད་རྟོན་བྱ། །
ཀུན་ལ་བྱམས་པས་སྐྱོང༌། ། བཤེས་གཉེན་དམ་པ་བསྟེན། །
ད་དུང་སྒྲུབ་ནུས་ན། ། ཤེས་བྱ་གཞན་ཀྱང་སློབ། །
 
སློབ་མའི་བསླབ་བྱ་ཞེས་པ་འདི་ནི་སྔོན་གྱི་འཕགས་པའི་སྐྱེ་བོ་དམ་པ་ཁུང་ཙི་སོགས་ཀྱི་གསུང་རབ་གདམས་པ་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ཞིང༌། གཞུང་འདིའི་ནང་དོན་གཙོ་བོ་ནི་ཕ་མ་ལ་སྲི་ཞུ་བྱ་བ་དང་གཅིག  རྒན་པ་དང་ཕུ་ནུ་ལ་གུས་བཀུར་བྱ་བ་དང་གཉིས། དུས་རྒྱུན་འཚོ་བའི་ཁྲོད་དུ་བག་ཡོད་དོགས་ཟོན་བྱ་བ་དང་གསུམ། བྱ་བ་གང་ལ་ཡང་བློ་བརྟན་ཡིད་རྟོན་འཁེལ་བ་དང་བཞི། སྐྱེ་བོ་ཀུན་ལ་འདྲ་མཉམ་བྱམས་པས་སྐྱོང་བ་དང་ལྔ། རང་ལས་ལྷག་པའི་ཡོན་ཏན་ཅན་གྱི་བཤེས་གཉེན་དམ་པ་བསྟེན་པ་དང་དྲུག་ཡིན་ནོ། །གལ་ཏེ་ད་དུང་ནུས་པ་དང་དུས་སོགས་ལྷག་པོ་ཡོད་ན་སྒྱུ་རྩལ་དྲུག་སོགས་རང་ལ་ཕན་པའི་གནས་གཞན་ལ་ཡང་བསླབ་པར་བྱའོ། །
དང་པོ། ནང་དུ་ཕ་མར་སྲི་ཞུའི་སྐོར།

ཕ་མས་འབོད་པའི་དུས། །
མྱུར་དུ་ཨ་ལན་བྱ། །
ཕ་མས་མངག་པའི་ལས། །
ཕྱིར་འགྱངས་མེད་པར་བསྒྲུབ། །
ཕ་མས་རང་ལ་འབོད་པའི་དུས་སུ་དེ་ལ་དལ་དལ་ལྷོད་ལྷོད་ཀ་རེ་ཀོ་རེ་མ་ཡིན་པར་མྱུར་བ་མྱུར་དུ་ཨ་ལན་གདབ་པར་བྱའོ། ། ཕ་མས་མངག་པའི་ལས་གང་ཡོད་ན། དེ་མ་ཐག་ཏུ་ཕྱིར་འགྱངས་ཅུང་ཟད་ཀྱང་མེད་པར་སྒྲུབ་པར་བྱེད་དགོས། །

ཕ་མའི་བསླབ་བྱ་དག །
གུས་པས་མཉན་པར་བྱ། །
ཕ་མས་བཀའ་བཀྱོན་སྐབས། །
བཀུར་བས་དང་ལེན་བྱ། །
ཕ་མས་རང་ལ་མི་ཆོས་དང་ལྷ་ཆོས་ཀྱི་ཕན་པའི་བསླབ་བྱ་གང་ཞིག་གནང་བ་དེ་ལ་ཤིན་ཏུ་གུས་པའི་སྒོ་ནས་རྩེ་གཅིག་ཏུ་མཉན་པར་བྱ་དགོས། གལ་ཏེ་རང་གིས་ནོར་འཁྲུལ་ཅན་གྱི་བྱ་བ་བྱས་ཏེ་ཕ་མས་བཀའ་བཀྱོན་དྲག་པོ་བྱེད་སྐབས། དེ་ལ་ཁེངས་དྲེགས་མེད་པའི་བཀུར་སེམས་ཀྱིས་དང་ལེན་བྱ་བ་ལས་མི་བདེན་བདེན་ཚུལ་གྱིས་ལན་ལྡོན་པ་སོགས་མི་བྱའོ། །
དབྱར་དགུན་ཕ་མ་ལ། །
དྲོད་བསིལ་གང་དགོས་སྦྱིན། །
ནངས་ནུབ་ཕ་མ་ལ། །
ཁམས་འདྲི་བསྙེན་བཀུར་ཞུ། །
ཕ་མ་གཉིས་ལ་དབྱར་ཚ་བའི་དུས་སུ་བསིལ་ཕབ་པ་དང་དགུན་གྲང་བའི་དུས་སུ་དེ་དག་ལ་དྲོད་སྟེར་བ་སོགས་བྱ། ནངས་མོ་ཡར་ལངས་ནས་ཐོག་མར་ཕ་མའི་གམ་དུ་སོང་སྟེ་ཁམས་འདྲི་བ་དང་ནུབ་མོ་ཉལ་ཁེབ་འགེབས་པ་སོགས་བསྙེན་བཀུར་བྱའོ། །

ཕར་འགྲོ་ཕ་མར་ཞུ། །
ཚུར་སླེབས་སྙན་གསན་དབུལ། །
སྡོད་གནས་གཏན་འཁེལ་དང༌། །
ལས་ཀ་བརྟན་པོ་བྱ། །
རང་ཁྱིམ་ནས་ཕར་ཡུལ་ཁམས་གཞན་སོགས་སུ་འགྲོ་དགོས་བྱུང་ན་ངེས་པར་ཕ་མ་གཉིས་ལ་ཞུས་ཏེ་འགྲོ་ཞིང༌ཚུར་རང་ཁྱིམ་དུ་སླེབས་དུས་སླར་ཡང་ཕ་མ་ལ་ཁོ་བོ་ཕྱིར་ཐོན་ནོ་ཞེས་སྙན་གསན་ཕུལ་ན་དེ་གཉིས་ཀྱང་སེམས་བདེ་བར་འགྱུར། གལ་ཏེ་རང་གི་འཚོ་བ་དང་སྤྱོད་པ་ལ་འགྱུར་ལྡོག་མང་པོ་བྱས་ན་ཕ་མ་ལ་སེམས་ཁྲལ་ཆེན་པོ་འབྱུང་བས་དུས་རྒྱུན་དུ་རང་གི་སྡོད་གནས་སོགས་འཚོ་བ་ལ་གཏན་འཁེལ་བའི་གོམས་གཤིས་རྒྱུན་ལྡན་ཆགས་པར་བྱ་ཞིང་དོན་དང་ལྡན་པའི་ལས་ཀ་གང་བསྒྲུབས་ཀྱང་ལས་སླ་བོས་འགྱུར་བ་གཏོང་བར་མི་བྱའོ། །

བྱ་བ་ཆུང་ན་ཡང༌། །
རང་དགར་བྱེད་མི་རུང༌། །
རང་དགར་བྱས་གྱུར་ན། །
ཡ་རབས་ལུགས་དང་འགལ། །
བྱ་བ་ཤིན་ཏུ་ཆུང་ན་ཡང་ཕ་མ་སོགས་ལ་མ་དྲིས་པར་རང་འདོད་རང་་འཚམས་ཀྱིས་ཐག་གཅོད་བྱས་ཏེ་སྒྲུབ་པར་བྱེད་མི་རུང༌། གལ་སྲིད་རང་བློ་སྒེར་གཅོད་ཀྱིས་རང་དགར་བསྒྲུབས་ན། དེ་ནི་ཡ་རབས་བུ་ཕྲུག་གི་ལུགས་་བཟང་དང་གཏིང་ནས་འགལ་བར་འགྱུར་རོ། །

དངོས་པོ་ཆུང་ན་ཡང༌། །
རང་དགར་སྦ་མི་རུང༌། །
རང་དགར་སྦས་གྱུར་ན། །
ཕ་མའི་སེམས་པ་གསོད། །
དངོས་པོ་ཤིན་ཏུ་ཆུང་ངུ་ཡང་གཞན་གྱིས་མི་ཚོར་བར་ལྐོག་ཏུ་བདག་གིར་བྱས་ཏེ་སྦ་བར་བྱ་མི་རུང༌། གལ་ཏེ་རང་དགར་སྦས་པའི་དངོས་རྫས་དེ་ནམ་ཞིག་གཞན་གྱིས་ཤེས་པར་གྱུར་ན། དེའི་ཚེ་བུ་ཕྲུག་གི་སྤྱོད་ལམ་ཉམས་་པ་མཐོང་སྟེ་ཕ་མ་ལ་སེམས་སྡུག་ཆེན་པོ་སྐྱེ་བར་འགྱུར་རོ། །

ཕ་མ་དགའ་བའི་གནས། །
ཅི་ནུས་བསྒྲུབ་པར་བྱ། །
ཕ་མ་མི་དགའི་རིགས། །
བག་ཡོད་སྒོ་ནས་འདོར། །
ཕ་མ་དགའ་བའི་གནས་གང་ཡིན་ཡང་དེ་ཅི་ནུས་ཀྱིས་བསྒྲུབ་པར་བྱ། ཕ་མ་མི་དགའ་བའི་གནས་ཅ་ལག་དང་སྤྱོད་ངན་སོགས་ཅི་ཡིན་ཡང་དེ་དག་བག་ཡོད་ཀྱི་སྒོ་ནས་འདོར་བར་བྱའོ། །

ལུས་ལ་སྙད་བྱུང་ན། །
ཕ་མས་སེམས་ཁྲལ་བྱེད། །
ཀུན་སྤྱོད་ཉམས་གྱུར་ན། །
ཕ་མར་ངོ་ཚ་སྐྱེ། །
རང་གི་ལུས་ལ་ན་ཚ་དང་རྨས་སྐྱོན་སོགས་སྙད་ཀ་བྱུང་ན་ཕ་མ་ལ་སེམས་ཁྲལ་ཆེན་པོ་འབྱུང༌། དེ་བཞིན་ཡ་རབས་ཚུལ་ལྡན་གྱི་ཀུན་སྤྱོད་བཟང་པོ་ཉམས་ནས་ལོག་པའི་བྱ་ངན་བསྒྲུབས་ན། ཕ་མ་ལ་གཞན་གྱི་མདུན་དུ་འགྲོར་མི་ཕོད་པ་ལྟ་བུའི་ངོ་ཚ་སྐྱེ་བར་འགྱུར་རོ། །

ཕ་མ་དགའ་ན་བདག །
བཀུར་སྟི་ཅི་ཞིག་དཀའ། །
ཕ་མ་སྡང་ཡང་བདག །
གུས་བཀུར་དེ་ནི་མཆོག །
ཕ་མ་དགའ་བར་གྱུར་ན་བདག་གིས་བཀུར་སྟི་བྱ་བ་ནི་ཅི་ཞིག་དཀའ་སྟེ་་ཤིན་ཏུ་ལས་སླ་བོ་ཡིན་ནོ། །
གལ་ཏེ་ཕ་མ་མི་དགའ་བར་སྡང་བར་གྱུར་བའམ་བཀའ་བཀྱོན་དང་རྡུང་་རྡེག་བྱེད་པ་སོགས་བྱུང་ནའང་།
དེ་ལ་ཞེ་འཁོན་མེད་པར་རང་སྐྱོན་ལ་བརྟགས་ཏེ་མུ་མཐུད་ནས་གུས་བཀུར་ཞུ་བ་ནི་རིན་ཐང་ལྡན་ཞིང་སྲི་ཞུ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །

ཕ་མའི་ཉེས་སྐྱོན་ལ། །
ཞི་དུལ་འཛུམ་མདངས་བཅས། །
འཇམ་པོའི་ངག་ཚིག་གིས། །
བསྐུལ་ཏེ་བཅོས་པར་བྱ། །
ཕ་མ་ལ་ཉེས་སྐྱོན་ནོར་འཁྲུལ་ཡོད་དུས་དེ་མ་ཐག་སྐྱོན་བརྗོད་དྲག་པོ་མི་་བྱེད་པར་ཞི་དུལ་འཛུམ་དམུལ་གྱི་ངང་ནས་འཇམ་པོའི་ངག་ཚིག་གི་སྒོ་ནས་རིམ་གྱིས་བསྐུལ་ཏེ་སྐྱོན་དེ་དག་བཅོས་པར་བྱའོ། །

སྐྱོན་དངོས་མི་ལེན་ན། །
ཕ་མ་དགའ་བའི་དུས། །
ངུས་ཏེ་སླར་ཡང་ཞུ། །
བརྡུངས་ཀྱང་འཁོན་མི་བྱ། །
དེ་ལྟར་སྐྱོན་བཅོས་པར་བསྐུལ་ཀྱང་དེ་ལ་དང་ལེན་ཡེ་མི་བྱེད་ན་ཕ་མ་ཐུགས་དགའ་བའི་དུས་སུ་མདུན་དུ་བཅར་ཏེ་ངུས་ནས་སླར་ཡང་མུ་མཐུད་དུ་ཞུ་བ་ཕུལ། གལ་ཏེ་ཁོང་ཐུགས་ཁྲོས་ཏེ་ལྕ་གིས་བྲབ་པ་སོགས་བརྡུངས་ཀྱང་ཞེ་འཁོན་་གཏན་མི་བྱའོ། །

ཕ་མ་ན་བའི་དུས། །
སྨན་བྲོ་རང་གིས་བལྟ། །
ཉིན་མཚན་བསྙེན་བཀུར་ཞུ། །
གམ་ནས་འབྲལ་མི་བྱ། །
ཕ་མ་ན་བའི་དུས་སུ་ཐང་སྨན་སོགས་ཀྱི་བྲོ་བར་ཚ་བ་དང་ཁ་བ་ཡིན་མིན་བརྟག་ཕྱིར་ཐོག་མར་རང་གིས་བཏུང་སྟེ་གཟོད་ནད་པ་ལ་དྲངས་དགོས། ཉིན་མཚན་ཀུན་ཏུ་ནད་གཡོག་བསྙེན་བཀུར་ཞུ་ཞིང་ནད་པའི་གམ་ནས་ནམ་ཡང་འབྲལ་བར་མི་བྱའོ། །

ཕ་མ་གཤེགས་རྗེས་སུ། །
ལོ་གསུམ་མྱ་ངན་བྱེད། །
འཚོ་བ་སྟབས་བདེའི་ངང༌། །
ཤ་ཆང་སོགས་མི་བསྟེན། །
ཕ་མ་གཤེགས་པའི་རྗེས་སུ་ལོ་གསུམ་གྱི་རིང་ལ་དེའི་བཀའ་དྲིན་དྲན་པ་སོགས་ཀྱི་སྒོ་ནས་མྱ་ངན་གྱི་ལུགས་སྲོལ་འཛིན་པར་བྱེད་ཅིང༌། དེའི་རིང་ལ་རྒྱུན་ལྡན་གྱི་འཚོ་བ་ཡང་སྟབས་བདེ་བབ་ཆགས་ངང་སྐྱེལ་བ་མ་གཏོགས་ཤ་ཆང་འདོད་པ་གླུ་གར་སོགས་རྒོད་གཡེང་གི་རིགས་ཐམས་ཅད་བསྟེན་པར་མི་བྱའོ། །

ལྷག་བསམ་དག་པའི་ངང༌། །
སྲོལ་བཞིན་འདས་མཆོད་བྱ། །
འདས་རྗེས་བྱ་གཞག་རྣམས། །
འཚོ་གཞེས་སྐབས་ལྟར་བྱ། །
གཞན་གྱིས་ཁ་ཟེར་བ་འགོག་ཆེད་ཙམ་མ་ཡིན་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཡུལ་དུས་ཀྱི་ལུགས་སྲོལ་བཞིན་ཕ་མའི་འདས་མཆོད་དེ་མ་ཆགས་པར་བྱ་ཞིང་མདོར་ན་འདས་རྗེས་ཀྱི་བྱ་གཞག་ཅི་ཡོད་རྣམས་ཇི་ལྟར་ཕ་མ་འཚོ་ཞིང་གཞེས་པའི་སྐབས་ལྟར་ནན་གཟབ་ཀྱིས་བསྒྲུབ་པར་བྱའོ། །
གཉིས་པ། རྒན་ལ་གུས་བཀུར་གྱི་སྐོར།

ཕུ་བོས་ནུ་བོ་སྐྱོང༌། །
ནུ་བོས་ཕུ་བོར་གུས། །
ཕུ་ནུ་ནང་མཐུན་ན། །
ཕ་མའི་སྲི་ཞུ་ལགས། །
ཕུ་བོས་རང་གི་ནུ་བོ་དང་ནུ་མོ་སོགས་རྟག་ཏུ་གཅེས་སྐྱོང་བྱེད་པ་དང༌། ནུ་བོ་ནུ་མོ་དག་གིས་ཀྱང་ཕུ་བོ་ལ་གུས་བཀུར་བྱས་ཏེ་ཕུ་ནུ་ནང་ཕན་ཚུན་འགྲན་རྩོད་མེད་པར་མཐུན་པར་གྱུར་ན་ཕ་མ་དག་གི་སེམས་དགའ་བར་འགྱུར་བས་དེས་ན་སྲི་ཞུ་མཐར་ཐུག་ཀྱང་དེ་ལགས་པས་དུས་རྒྱུན་དུ་རང་ལས་གོང་མ་ལ་གུས་བཀུར་དང་འོག་མ་ལ་གཅེས་སྐྱོང༌། རང་དང་མཉམ་པ་ལ་མཛའ་མཐུན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བས་སེམས་ལ་བཅང་བའི་གཅེས་ནོར་ཉག་གཅིག་གོ །

ནོར་ལ་ཞེན་ཆུང་ན། །
འཁོན་པ་གང་ནས་འབྱུང༌། །
གཏམ་ངན་ལ་བཟོད་ན། །
ཁྲོ་སེམས་རང་སར་ཞི། །
ནོར་རྫས་ལོངས་སྤྱོད་ལ་བདག་གིར་བྱེད་པའི་ཞེན་ཆགས་ཆུང་བར་གྱུར་ན་དེ་ལ་བརྟེན་པའི་འཁོན་རྩོད་
སོགས་གང་ལས་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །
གཞན་གྱིས་སྨྲས་པའི་མིང་འདོགས་མཚང་འབྲུ་སོགས་གཏམ་ངན་དག་ལ་བཟོད་བསྲན་ཚུགས་ཤིང་ཁོག་ཡངས་བྱེད་ཐུབ་ན་དེ་ལ་བརྟེན་པའི་ཁྲོ་བའི་སེམས་ཀྱང་མེ་ལ་ཆུ་བཏབ་པ་བཞིན་རང་སར་ཞི་བར་འགྱུར་རོ། །

བཟའ་བཏུང་བྱེད་པ་དང༌། །
འགྲོ་འདུག་སོགས་ཀྱང་རུང༌། །
རྒན་རབས་སྔོན་ལ་སྟེ། །
གཞོན་པས་རྗེས་ནས་བྱ། །
རྒན་གཞོན་གྲལ་རིམ་ལྡན་པའི་ཡ་རབས་ཀྱི་འཚོ་བའི་གོམས་སྲོལ་འདི་ཆུང་ངུའི་དུས་ནས་སློབ་སྦྱོང་བྱེད་པ་གལ་ཆེ་སྟེ། རྒྱུན་དུ་བཟའ་བཏུང་བྱེད་པ་དང་འགྲོ་འདུག་སོགས་སྤྱོད་ལམ་གང་ཡིན་རུང༌། སྔོན་ལ་རྒན་པ་རྣམས་ཀྱིས་ཏེ་དེ་ནས་གཞོན་པ་དག་གིས་བྱའོ། །

རྒན་པས་གཞན་འབོད་ན། །
མྱུར་དུ་འཚོལ་རོགས་བྱ། །
མི་དེ་མེད་གྱུར་ན། །
རང་ཉིད་དེའི་ཚབ་འགྲོ །

རྒན་པས་གཞན་འབོད་ན། །
མྱུར་དུ་འཚོལ་རོགས་བྱ། །
མི་དེ་མེད་གྱུར་ན། །
རང་ཉིད་དེའི་ཚབ་འགྲོ །
རྒན་པས་མི་གཞན་གྱི་མིང་ནས་འབོད་པ་བྱུང་ན་དེ་ལ་འབྲེལ་བ་མེད་དོ་སྙམ་དུ་མ་ཐོས་པ་ལྟར་མི་བྱ་བར་མྱུར་དུ་མི་དེ་འཚོལ་རོགས་བྱ་ཞིང༌། གལ་ཏེ་མི་དེ་ཉེ་འཁོར་ན་མེད་ནས་རྙེད་པར་མ་གྱུར་ན་རང་ཉིད་རྒན་པའི་གམ་དུ་འགྲོ་སྟེ་བྱ་བ་ཅི་ཡོད་དྲིས་ཏེ་སྒྲུབ་པར་ནུས་ན་བསྒྲུབ་རོགས་བྱའོ། །
དེས་ན་རང་ནུས་གང་ཡོད་ཀྱིས་གཞན་ལ་ཕན་པའི་བྱ་བ་ཕྲན་བུ་ཡན་ཆོད་སྒྲུབ་པ་ནི་རིན་ཐང་ཆེ་བའི་ལས་སུ་ཤེས་དགོས་སོ། །
རྒན་ལ་ཞེ་ས་བགྱི། །
ཐད་ཀར་མིང་མི་གཟུང༌། །
རྒན་རབས་དག་གི་མདུན། །
རང་ཆེ་གདོན་མི་བྱ། །
རང་ལས་རྒན་པ་རྣམས་ལ་ཞེ་ས་དང་གུས་བཀུར་བགྱི་བ་ལས་ཐད་ཀར་དེའི་མིང་ནས་བཟུང་སྟེ་འབོད་པ་སོགས་མི་བྱ་ཞིང་རྒན་རབས་དེ་དག་གི་མདུན་དུ་གནས་སྐབས་ཡང་རང་གི་ཡོན་ཏན་བརྗོད་པ་ལྟ་བུའི་རང་ཆེ་གདོན་པ་གཏན་མི་བྱའོ། །
ལམ་འཕྲད་རྒན་རབས་ལ། །
མྱུར་དུ་གུས་འདུད་ཞུ། །
གསུང་གླེང་མེད་གྱུར་ན། །
གུས་པས་གམ་ནས་གཟུར། །
ལམ་དུ་འཕྲད་པའི་རྒན་རབས་རྣམས་ལ་མྱུར་དུ་གུས་འདུད་དང་འཚམས་འདྲི་ཞུ་ཞིང་གལ་ཏེ་ཁོང་ལ་གསུང་གླེང་བཀའ་བཀོད་གཞན་མེད་གྱུར་ན་གུས་བཀུར་བཅས་པས་ལམ་གྱི་གམ་དུ་གཟུར་ནས་ཁོང་སོང་རྗེས་གཟོད་ལམ་དུ་ཆས་པར་བྱའོ། །
རྒན་རབས་ལ་འཕྲད་སྐབས། །
ཁྱོགས་རྟ་སོགས་ལས་འབབ། །
གོམ་བརྒྱ་ཙམ་ཕེབས་རྗེས། །
གཟོད་ནས་ལམ་དུ་ཞུགས། །
རྒན་རབས་དག་ལ་འཕྲད་སྐབས་སུ་གལ་ཏེ་རང་ཉིད་ཁྱོགས་དང་རྟ་ལ་ཞོན་ཡོད་ན་དེ་མ་ཐག་མར་བབས་ནས་རྒན་པ་དག་གོམ་པ་བརྒྱ་ཕྲག་ཙམ་ལ་ལྷགས་ཚར་རྗེས་གཟོད་རྟ་སོགས་ལ་ཞོན་ནས་ལམ་དུ་མུ་མཐུད་དུ་ཞུགས་པར་བྱའོ། །
རྒན་པ་བཞེངས་པའི་དུས། །
གཞོན་པ་འདུག་མི་རུང༌། །
རྒན་པ་བཞུགས་པའི་རྗེས། །
གནང་ན་གཟོད་ནས་འདུག །
རྒན་གཞོན་མཉམ་དུ་གནས་སྐབས་གལ་ཏེ་རྒན་པ་ཡར་བཞེངས་ཡོད་པའི་དུས་སུ་གཞོན་པ་ཡང་དེ་དང་མཉམ་དུ་ཡར་ལངས་བ་ལས་རང་གར་སྡོད་མི་རུང་ཞིང༌། རྒན་པ་བཞུགས་པའི་རྗེས་སུ་བཀའ་གནང་ཐོབ་ན་གཟོད་ནས་གཞོན་པ་ཡང་འདུག་རུང་ངོ༌། །
རྒན་པ་རྣམས་ཀྱི་དྲུང༌། །
སྐད་སྒྲ་ཆེ་མི་རུང༌། །
ཆུང་ནས་མི་ཐོས་པ། །
དེ་ཡང་མ་ཡིན་ནོ། །
རྒན་པ་རྣམས་ཀྱི་དྲུང་དུ་སྐད་ཆ་འཆད་སྐབས་རྣ་བ་འགས་པ་ལྟ་བུའི་སྐད་སྒྲ་ཧ་ཅང་ཆེ་བ་ཡང་མི་རུང༌། སྐད་སྒྲ་ཤིན་ཏུ་ཆུང་ནས་ཕ་རོལ་པོས་མི་ཐོས་པ་ལྟ་བུ་དེ་ཡང་མ་ཡིན་པར་འོས་ཤིང་འཚམ་པོར་བྱ་བའོ། ། དེས་མཚོན་བྱ་བ་གང་ལ་ཡང་ཕྱོགས་སུ་མ་ལྷུང་བ་གལ་ཆེའོ། །

མདུན་ལ་མྱུར་བོས་གཅར། །
དལ་གྱིས་ཕྱིར་ལ་འོངས། །
ཐད་ཀར་དྲིས་ལན་ལྡོན། །
ལྟ་སྟངས་བསྒྱུར་མི་བྱ། །
རྒན་རབས་ཀྱི་མདུན་ལ་གོམ་སྟབས་མྱུར་མོས་ཕར་གཅར་ཞིང༌། དོན་དག་བསྒྲུབས་རྗེས་དལ་གྱིས་གུས་འདུད་བཅས་ཕྱིར་འོང་བར་བྱ། རྒན་པས་དྲི་བ་སོགས་བཀོད་ན་ཐད་ཀར་ལན་ལྡོན་ཞིང༌། ཡོན་པོར་བལྟ་བ་སོགས་ཀྱི་ལྟ་སྟངས་བསྒྱུར་བར་མི་བྱའོ། །

ཉེ་བའི་རྒན་རབས་ལ། །
རང་གི་ཕ་ལྟར་བཀུར། །
ཉེ་བའི་སྤུན་ཟླ་ལ། །
རང་གི་སྤུན་ལྟར་གཅེས། །
ཨ་ཞང་དང་ཨ་ཁུ་སོགས་ཉེ་བའི་རྒན་རབས་གཞན་རྣམས་ལ་རང་གི་ད་ལྟའི་ཕ་རྒན་དངོས་ལྟ་བུའི་གུས་བཀུར་སྲི་ཞུ་བྱ་ཞིང་གཉེན་ཉེ་བའི་སྤུན་ཟླ་གཞན་རྣམས་ལ་ཡང་རང་གི་ཕ་མ་གཅིག་པའི་སྤུན་ཟླ་ལྟ་བུས་གཅེས་སྐྱོང་བྱའོ། །
གསུམ་པ། བག་ཡོད་ཚུལ་མཐུན་གྱི་སྐོར།

ཞོགས་པར་སྔ་ནས་ལངས། །
དགུང་མོར་ཕྱི་ནས་ཉལ། །
རྒ་བ་འོང་སླ་བས། །
དུས་ལ་གཅེས་སྤྲས་བྱ། །
ཉིན་རེ་བཞིན་ཞོགས་པར་སྔ་མོ་ནས་ཡར་ལངས་དགུང་མོ་ཅུང་ཟད་ཕྱི་ནས་ཉལ་བར་བྱ། མི་ཚེ་འདི་ཤིན་ཏུ་ཐུང་བས་མིག་བཙུམ་ཙམ་གྱིས་རྒ་བ་འོང་སླ་བས་ན་མི་སུ་ཡིན་ཡང་དུས་ཚོད་ལ་གཅེས་སྤྲས་བྱས་ཏེ་དོན་དང་ལྡན་པའི་བྱ་བ་རྣམས་བསྒྲུབ་པར་བྱའོ། །
སྔ་མོར་ཡར་ལངས་ཏེ། །
ངོ་འཁྲུད་ཁ་བཤལ་ཞིང་། །
བཤང་གཅི་དོར་བའི་རྗེས། །
ལག་པ་བཀྲུ་བར་བྱ། །
ནངས་དུས་སྔ་མོར་ཡར་ལངས་ཏེ་ཐོག་མར་ཁ་ངོ་ལེགས་པར་བཀྲུ་ཞིང་དེ་ནས་བཤང་གཅི་དོར་བའི་རྗེས་སུ་ལག་པ་བཀྲུ་བ་སོགས་ཆུང་ངུའི་དུས་ནས་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཆགས་པ་ནི་མེད་ཐབས་མེད་པས་རྒྱུན་དུ་གཙང་སྦྲ་ལ་འབད་པར་བྱའོ། །

ཞྭ་མོ་དྲང་མོར་གྱོན། །
སྒྲོག་གུ་ལེགས་པར་སྒྲོག །
གོས་ལྷམ་ཆ་འགྲིག་པོ། །
འོས་འཚམས་ཡིད་འོང་བྱ། །
དུས་རྒྱུན་དུ་ཞྭ་མོ་དྲང་མོར་གྱོན་པ་དང༌། གོས་ཀྱི་སྒྲོག་གུ་ཡང་ལེགས་པར་སྒྲོག་ཅིང༌། མདོར་ན་ཆས་གོས་ལྷམ་འབོབ་སོགས་ཆ་འགྲིག་པོ་བྱས་ཏེ་སུས་བལྟས་ཀྱང་སྨྱོན་པ་ལྟ་བུ་མ་ཡིན་པར་འོས་ཤིང་འཚམ་ལ་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱ་དགོས་སོ། །

ཞྭ་གོས་སོགས་ཕུད་རྗེས། །
གཏན་ཁེལ་གནས་སུ་འཇོག །
གང་མོས་སར་གཡུག་ན། །
དེ་ལས་བཙོག་པར་འགྱུར། །
ནམ་རྒྱུན་ཁྱིམ་ལ་ཐོན་དུས་ཞྭ་གོས་ལྷམ་སོགས་ཕུད་པའི་རྗེས་གཏན་ཁེལ་བའི་གནས་སུ་འཇོག་པར་བྱ། གང་མོས་མོས་སར་གཡུག་པར་བྱས་ན་དེ་ལས་གོས་སོགས་འབག་བཙོག་ཅན་དུ་འགྱུར་བས་རྒྱུན་ལྡན་གྱི་འཚོ་བའི་བྱ་སྤྱོད་རྣམས་ལ་ཡ་རབས་ཚུལ་ལྡན་གྱི་གོམས་སྲོལ་ལེགས་པོ་ཆགས་པ་ཤིན་ཏུ་གཅེས་སོ། །

གོས་ནི་གཙང་བ་གཙོ། །
ཁྲ་བོ་སོགས་མ་ཡིན། །
རང་གི་ཐོབ་ཐང་དང༌། །
ཁྱིམ་གྱི་རྒྱུ་ལ་བསྟུན། །
གོས་གང་གྱོན་ཡང་གཙང་ཞིང་ཡིད་དུ་འོང་བ་བབས་ཆགས་པ་འདི་གཙོ་ཆེ་བ་ལས། ཁ་དོག་ཁྲ་ཁྲ་རིག་རིག་མིང་གྲགས་ཆེ་བ་སོགས་ནི་གཙོ་བོ་མ་ཡིན། དེ་ཡང་གོས་གྱོན་པ་པོ་རང་གི་ཐོབ་ཐང་ལས་རིགས་གང་ཡིན་པར་བསྟུན་པ་དང་ཁྱིམ་གྱི་རྒྱུ་རྫས་ལོངས་སྤྱོད་དབུལ་ཕྱུག་གི་ཆ་རྐྱེན་ལ་བསྟུན་པ་གལ་ཆེ་བ་མ་གཏོགས་གཞན་གྱིས་ཁྲེལ་བའི་གནས་སུ་འགྱུར་སྲིད་པས་རྒྱུན་དུ་རང་གི་སྤྱོད་ལམ་རང་གིས་བརྟག་པར་བྱ་དགོས་སོ། །
བཟའ་བཏུང་སྤྱོད་པའི་དུས། །
འདེམ་ག་བྱེད་མི་རུང༌། །
ཟས་སྤྱོད་རན་པ་ལས། །
ཚད་ལས་འདས་པ་མིན། །
བཟའ་བཏུང་ལ་ལོངས་སུ་སྤྱོད་པའི་དུས་སུ་འགའ་རེ་ཞིམ་པོར་རློམས་ནས་བཟའ་ཞིང་འགའ་རེ་མི་ཞིམ་མོ་ཞེས་འདོར་ལེན་གྱི་གདམ་ཀ་བྱེད་མི་རུང་ཞིང༌། དེ་དག་ཞིམ་མངར་ལྡན་ཡང་ཟས་སྤྱོད་རན་པ་ཙམ་ལས་ཟ་དྲགས་ཏེ། ཚད་ལས་འདས་ན་ལུས་ཀྱི་བདེ་ཐང་ལ་གནོད་པས་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་གང་ཡིན་ཡང་ཚད་ལྡན་ཚུལ་མཐུན་འདི་མེད་དུ་མི་རུང་ངོ༌། །

ན་ཚོད་གཞོན་དུས་ནས། །
ཆང་ནི་བཏུང་མི་རུང༌། །
ཆང་གིས་བཟི་བའི་མིའི། །
ཀུན་སྤྱོད་ཆེས་ཐ་ཆད། །
ཆང་ནི་ཉེས་པ་ཀུན་གྱི་གཞི་ཡིན་པས་ན་ཚོད་གཞོན་པའི་དུས་ནས་བཟུང་རྩྭ་རྩེའི་ཟིལ་པ་ཙམ་ཡང་བཏུང་མི་རུང༌། རྒྱུ་མཚན་ནི་ཆང་གིས་བཟི་བར་གྱུར་པའི་མི་རྣམས་ཀྱི་སྒོ་གསུམ་གྱི་ཀུན་སྤྱོད་ནི་སྲིད་པ་འདི་ན་ཆེས་ཐ་ཆད་པ་ཞིག་ངོམ་པར་འགྱུར་བས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །
འགྲོ་ན་གོམ་སྟབས་རན། །
འགྲེང་དུས་ལུས་པོ་དྲང༌། །
ཕྱག་ལ་ལུས་སྒུར་ཏེ། །
གུས་འདུད་བརྩི་བཀུར་བྱ། །
ལམ་དུ་འགྲོ་བའི་ཚེ་ན་ཧ་ཅང་བྲེལ་བ་དང་དལ་བ་མ་ཡིན་པར་གོམ་སྟབས་ཚོད་ལ་རན་པའི་སྒོ་ནས་འགྲོ་ཞིང༌། ཡར་འགྲེང་བའི་དུས་སུ་ཡང་ལུས་པོ་གཡས་གཡོན་དུ་ཡ་ཡོ་མ་ཡིན་པར་དྲང་པོར་སྲོང་བ་དང༌། གཞན་ལ་ཕྱག་འཚལ་བ་ལ་ལུས་པོ་མར་སྒུར་ཏེ་གུས་འདུད་བརྩི་བཀུར་བྱའོ། ། འདིའི་ཕྱག་འཚལ་སྟངས་སྔོན་རྒྱ་ནག་གི་སྲོལ་རྒྱུན་གྱི་གུས་ཕྱག་ལ་བྱ་ཡི་འུ་ཅག་གི་ཕྱག་དང་ཁྱད་པར་ཡོད་དོ། །
སྒོ་ཐེམ་ཐོག་མི་བརྫི། །
རྐང་གཅིག་གིས་འགྲེང་དང༌། །
རྐང་གཉིས་བགྲད་དེ་འདུག །
བརླ་གཡུག་སོགས་མི་བྱ། །
ཁང་པའི་སྒོ་ཐེམ་ལ་བརྫི་བ་དང༌། རྐང་པ་ཡ་གཅིག་གི་ཐོག་ལ་ལུས་ཡོངས་རྫོགས་ཀྱི་གནད་ཕབ་པའི་སྒོ་ནས་འགྲེང་བ་དང༌། རྐང་པ་གཉིས་ཕར་ཚུར་བགྲད་དེ་འདུག་པ་དང༌། བརླ་གཡུག་བསྒུལ་བྱེད་པ་སོགས་ཤིན་ཏུ་མི་མཛེས་པའི་སྤྱོད་པ་རྣམས་ནི་ཤེས་ཡོན་མེད་ཅིང་ཀུན་སྤྱོད་ཞན་པའི་མི་རྣམས་ཀྱི་རྟགས་ཡིན་ཕྱིར་ནམ་ཡང་མི་བྱའོ། །
ཡོལ་བ་དལ་གྱིས་ཕྱེ། །
སྒྲ་ཆེན་སོགས་མི་འབྱིན། །
ཁ་འཁོར་རྒྱང་ནས་བསྐོར། །
སྣེ་ཟུར་ཕོག་མི་བྱ། །
སྒོ་དང་སྐར་ཁུང་གི་ཡོལ་བ་ཕྱེ་སྐབས་དལ་གྱིས་ཕྱེ་ཞིང་སྒྲ་ཆེན་པོ་སོགས་འབྱིན་པར་མི་བྱ། ལམ་དུ་འགྲོ་སྐབས་ཁ་ཕྱིར་འཁོར་སྟེ་བགྲོད་དགོས་བྱུང་ན་རྒྱང་ཕྱོགས་ནས་བསྐོར་ཞིང་གྱང་དང་ར་བ་སོགས་ཀྱི་སྣེ་ཟུར་ལ་ཕོག་བརྡབ་མི་བྱའོ། །
བྱ་བ་བྲེལ་མི་རུང༌། །
བྲེལ་ན་ནོར་འཁྲུལ་འབྱུང༌། །
དཀའ་ལ་སྐྲག་པ་དང༌། །
སླ་ལ་བརྙས་མི་བྱ། །
བྱ་བ་གང་ལ་ཡང་བྲེལ་འཚུབ་ངང་བྱ་མི་རུང༌གལ་ཏེ་བྲེལ་འཚུབ་ཆེན་པོས་བྱས་ན་ཕལ་ཆེར་ནོར་འཁྲུལ་མང་པོ་འབྱུང་ངོ་། ། ཤིན་ཏུ་དཀའ་བའི་གནས་རྣམས་ལ་འཕྲད་སྐབས་དེ་ཁོ་བོའི་ཡུལ་མ་ཡིན་ནོ་ཞེས་སྐྲག་པར་མི་བྱ་བ་དང་སླ་བའི་གནས་དང་ཐུག་སྐབས་དེ་ལ་མི་ཐུབ་པ་ཅི་ཡོད་སྙམ་དུ་བརྙས་བཅོས་མི་བྱ་བར་དཀའ་སླའི་བྱ་གཞག་ཅི་ཡིན་ཡང་ཐང་ལྷོད་མེད་པར་ནན་ཏན་གྱིས་བསྒྲུབ་པར་བྱའོ། །
འཐབ་རྩོད་གཡེང་བའི་གནས། །
ནམ་ཡང་འགྲོ་མི་རུང༌། །
ཚུལ་མིན་ལོག་པའི་དོན། །
ནམ་ཡང་འདྲི་མི་བྱ། །
འཐབ་མོ་འཛིང་རྩོད་ཆང་ཁང་དང་རྒྱལ་འགྱེད་པ་སོགས་རྣམ་པར་གཡེང་བའི་གནས་ངན་པ་རྣམས་སུ་ནམ་ཡང་འགྲོ་བར་བྱ་མི་རུང་གལ་ཏེ་སོང་ན་ཤུགས་རྐྱེན་ཆེས་མི་ལེགས་པ་ཐེབ་པར་འགྱུར་ཞིང༌། རྐུ་དང་དམེ་བྱེད་པ་སོགས་ཚུལ་མིན་ལོག་པའི་དོན་རྣམས་ནམ་ཡང་གཞན་ལ་འདྲི་རྟོག་ཞིབ་འཇུག་མི་བྱ། གལ་སྲིད་བྱས་ན་དེས་རིམ་གྱིས་རང་གི་གཤིས་ཀ་ལ་དྲི་མས་གོས་པར་འགྱུར་རོ། །

གཞན་ཁྱིམ་འགྲོ་བའི་དུས། །
ཁྱིམ་བདག་ཡོད་མེད་འདྲི། །
ཁང་པར་ཞུགས་པའི་ཚེ། །
སྐད་བརྡ་གཏོང་བར་བྱ། །
གཞན་གྱི་ཁྱིམ་དུ་འགྲོ་བའི་དུས་ན་ཐོག་མར་སྒོ་བརྡུངས་ཏེ་ཁྱོད་ཀྱི་ཁྱིམ་བདག་ཡོད་དམ་མེད་ཅེས་འདྲི་བར་བྱ། དེའི་ཁང་པའི་ནང་ལ་ཞུགས་པའི་ཚེ་ཡང་སྐད་བརྡ་བཏང་ནས་མི་གཞན་འོང་བཞིན་ཡོད་པ་ཤེས་སུ་འཇུག་པ་ལས་རང་གར་གཞན་གྱི་ཁྱིམ་དུ་རྒོད་འཛུལ་མི་བྱའོ། །
བདག་པོས་ཚུར་འདྲི་ན། །
རང་གི་མིང་ནས་བརྗོད། །
ང་ཡིན་ཞེས་པའི་སྒྲས། །
སུ་ཡིན་འབྱེད་མི་ནུས། །
གལ་ཏེ་ཁྱིམ་གྱི་བདག་པོས་ཁྱོད་མི་སུ་ཡིན་ཞེས་འདྲི་ན་བདག་ག་གེ་མོ་ཡིན་ཞེས་རང་གི་མིང་དངོས་ནས་བརྗོད་པར་བྱ། དེ་མིན་པར་ང་ཡིན་ང་ཡིན་ཞེས་པའི་ཚིག་ཙམ་གྱིས་དབྱེ་འབྱེད་བྱེད་མི་ནུས་པས་ལན་ལེགས་པར་གདབ་པར་བྱའོ། །
གཞན་ནོར་ལ་སྤྱོད་ན། །
དྲིས་ཏེ་གནང་བ་དགོས། །
མ་དྲིས་བཞིན་སྤྱད་ན། །
བརྐུས་དང་ཁྱད་པར་མེད། །
གཞན་གྱི་ནོར་རྫས་ལ་ལོངས་སུ་སྤྱོད་དགོས་ན། ཐོག་མར་ངེས་པར་དུ་་བདག་པོ་ལ་དྲིས་ཏེ་འདི་ལྟར་བདག་གིས་བེད་སྤྱོད་བྱས་ན་འགྲིག་གམ་མི་འགྲིག་ཅེས་གནང་བ་ཞུ། དེས་གནང་ན་ད་གཟོད་དེ་ལྟར་སྤྱོད། གལ་ཏེ་མ་དྲིས་བཞིན་དུ་བདག་གིར་སྤྱད་ན་དེ་ནི་རྐུ་བྱས་པའི་སྤྱོད་ངན་དང་ཁྱད་པར་མེད་པས་འདི་ལ་ཧ་ཅང་གཟབ་པར་བྱའོ། །
བདག་གིས་གཡར་བའི་ནོར། །
དུས་ཐོག་ཕར་ལ་སྤྲད། །
གཞན་ལ་གཡར་དགོས་ན། །
སེར་སྣ་མེད་པས་གཡར། །
བདག་གིས་ཚུར་གཡར་བའི་གཞན་གྱི་ནོར་རྫས་ཅི་ཡིན་ཡང་སྔོན་ཁ་ཆད་བྱས་པའི་དུས་ཐོག་དེར་ནན་ཏན་གྱིས་ཕར་ལེགས་པར་སྤྲད་དགོས། དུས་ཚོད་ལ་ཕྱིར་འགྱང་བྱས་སོང་ན་ཕྱིས་སུ་ཡིད་མི་ཆེས་པར་འགྱུར། དེ་བཞིན་དུ་གཞན་གྱིས་བདག་གི་རྒྱུ་རྫས་གཡར་དགོས་པ་བྱུང་ན་རང་གི་བསམ་པ་དག་ཅིང་སེར་སྣ་མེད་པས་དེ་ལ་གཡར་བར་བྱའོ། །
བཞི་པ། ཡིད་རྟོན་དྲང་བདེན་གྱི་སྐོར།

སྐད་ཆ་གང་བཤད་ཀྱང༌། །
དྲང་བདེན་ཡིད་རྟོན་གཙོ། །
རྫུན་དང་གཡོ་སྒྱུའི་ཚིག །
ནམ་ཡང་སྨྲ་མི་བྱ། །
སྐད་ཆ་གང་དང་གང་བཤད་ཀྱང་གནས་ལུགས་དང་མཐུན་པའི་དྲང་བདེན་ཡིད་རྟོན་འོས་པའི་ཚིག་འདི་གཙོ་བོ་ཡིན། གཞན་གྱི་མགོ་སྐོར་བྱེད་པའི་རྫུན་དང་གཡོ་སྒྱུའི་ཚིག་ནི་དུས་ནམ་ཡང་སྨྲ་བར་མི་བྱ་སྟེ། དེས་རང་གཞན་གཉིས་ཀ་བརླག་པར་འགྱུར་བས་སོ། །

འཆོལ་གཏམ་མང་བ་ལས། །
སྐད་ཆ་ཉུང་ན་དགའ། །
ཁ་ཚིག་དོན་གནས་ལས། །
བསླུ་ཚིག་སྨྲ་མི་བྱ། །
སྤྱིར་དོན་དང་ལྡན་པའི་སྐད་ཆ་བཤད་ཐུབ་དགོས། དོན་མེད་ཀྱི་ཉོག་གཏམ་མང་པོ་སུས་ཀྱང་ཉན་པར་མི་འདོད་པས། རྒྱུ་མཚན་མེད་པའི་འཆོལ་གཏམ་མང་པོ་བཤད་པ་ལས་ཁ་རོག་བསྡད་ནས་སྐད་ཆ་ཉུང་ན་དགའ་བ་ཡིན། གཏམ་ཅི་བཤད་ཀྱང་དང་པོ་བརྟག་དཔྱད་བྱས་ཏེ་ཁ་ནས་བཤད་པའི་ཚིག་དོན་ལ་གནས་པ་ལས་གཞན་བསླུ་བྲིད་ཀྱི་ཚིག་ནི་ནམ་ཡང་སྨྲ་བར་མི་བྱ། གལ་ཏེ་བྱས་ན་ཁྭ་ཏ་བཞིན་ཀུན་གྱིས་སྡང་བར་འགྱུར་རོ། །

ཁ་ཡག་ཚིག་སྙན་དང༌། །
མ་རབས་ཐ་ཆད་པའི། །
གྲོང་ཚིག་གཏམ་ངན་སོགས། །
ནམ་ཡང་སྨྲ་མི་བྱ། །
ངོ་ལྐོག་མི་མཚུངས་པའི་ཁ་ཡག་ངོ་བྲ་ཁ་མཁས་ཚིག་སྙན་དང་མ་རབས་ཐ་ཆད་པའི་བཙོག་གཏམ། སྲང་ལམ་གྲོང་འདབས་ཀྱི་ཁ་གཟེར་ཚིག་གནག་གི་གཏམ་ངན་སོགས་ནམ་ཡང་སྨྲ་བར་མི་བྱའོ། །

གནས་ལུགས་མ་མཐོང་བར། །
གང་འདོད་བཤད་མི་རུང༌། །
ཁུངས་དག་མ་ཤེས་པར། །
གཞན་ལ་བསྒྲག་མི་བྱ། །
བྱ་བ་གང་ཡིན་ཡང་དེའི་གནས་ལུགས་ཡང་དག་མ་མཐོང་གི་བར་དུ་གང་བསམ་གང་འདོད་ཀྱིས་རང་གི་ལྟ་ཚུལ་གཞན་ལ་བཤད་པར་མི་བྱ། གནས་ཚུལ་གང་ཐོས་ཀྱང་དེའི་འབྱུང་ཁུངས་ཡང་དག་མ་ཤེས་བར་དུ་གཞན་ལ་བསྒྲག་པར་མི་བྱ། གལ་ཏེ་བསྒྲགས་ན་མཐར་ཡིད་དུ་མི་འོང་བའི་མཇུག་འབྲས་རང་ཉིད་ཀྱི་ཐོག་ཏུ་དབབ་པར་འགྱུར་རོ། །
ཡང་དག་མིན་པའི་དོན། །
རང་དགར་ཁས་མི་བླངས། །
རང་དགར་ཁས་བླངས་ན། །
འཇུག་ལྡོག་གཉིས་ཀ་དཀའ། །
བྱ་བ་གང་ཡིན་ཡང་ཐོག་མར་རང་གི་བློས་བརྟག་དཔྱད་ཞིབ་མོར་བྱ་དགོས། ཡང་དག་པའི་གནས་ལུགས་དང་མི་ལྡན་པའི་དོན་རྣམས་རང་དགར་མནོ་བསམ་མ་བཏང་བར་ཁས་བླངས་བར་མི་བྱ། གལ་ཏེ་རང་དགར་ཁས་བླངས་བར་གྱུར་ན་བྱ་བ་དེ་བསྒྲུབས་ན་འགྲུབ་ཐབས་མེད་ཅིང་མ་བསྒྲུབས་ན་ཁས་བླངས་ཚར་བས་མདུན་འགྲོ་ཕྱིར་ལྡོག་གཉིས་ཀ་ཆེས་དཀའ་བའི་གནས་སུ་ལྷུང་བར་འགྱུར་རོ། །
སྐད་ཆ་འཆད་པའི་དུས། །
གསལ་དག་ལྷོད་ཆགས་དགོས། །
ཧ་ཅང་མགྱོགས་པ་དང༌། །
ལྡབ་ལྡིབ་སོགས་མི་བྱ། །
སྐད་ཆ་ནི་མི་རྣམས་ཀྱི་བར་ལ་འབྲེལ་བ་འཇོག་བྱེད་ཀྱི་ལག་ཆ་ལྟ་བུ་ཡིན་པས་གཞན་ལ་སྐད་ཆ་འཆད་པའི་དུས་སུ་སྒྲ་ཚིག་གསལ་ལ་དག་པ་དང་ལྷོད་ལ་བབས་ཆགས་པའི་སྒོ་ནས་བཤད་དགོས་ཀྱི་ཚིག་དོན་མི་གསལ་བའི་ཧ་ཅང་མགྱོགས་པ་དང་གོ་རྒྱུ་མེད་པའི་ལྡབ་བ་ལྡིབ་བའི་གཏམ་བཤད་སོགས་མི་བྱའོ། །

འདི་བཟང་འདི་ངན་ཞེས། །
སྐྱོན་ཡོན་མི་བརྗོད་ཅིང༌། །
རང་དང་འབྲེལ་མེད་པའི། །
བྱ་བར་འཇུག་མི་བྱ། །
དགོས་པ་ཆེན་པོ་མེད་པར་མི་འདི་ནི་བཟང་ངོ་འདི་ནི་ངན་ནོ་ཞེས་རང་སྣང་གང་ཤར་གྱིས་གཞན་གྱི་སྐྱོན་ཡོན་ལེགས་ཉེས་སོགས་བརྗོད་པར་མི་བྱ་ཞིང་རང་དང་འབྲེལ་མེད་པའི་བྱ་བ་རྣམས་སུ་མ་བརྟགས་མ་དཔྱད་པར་སྨྱོན་པ་འུར་ལངས་ལྟ་བུས་འཇུག་པར་མི་བྱ་སྟེ། གལ་ཏེ་ཞུགས་ན་གཞན་གྱི་བསྒྲུབ་འོས་ཀྱི་བྱ་བ་ལ་འགལ་རྐྱེན་དུ་འགྱུར་ཉེན་ཡོད་ཅིང་རང་གི་ཀུན་སྤྱོད་ཀྱང་ཉམས་པར་འགྱུར་བས་གཏམ་དང་བྱ་བ་གང་ལ་ཡང་ཐོག་མར་ཁ་ནང་དུ་ལོག་སྟེ་བརྟག་དཔྱད་ཞིབ་མོར་བྱ་བ་འདི་གནའ་དེང་གི་དམ་པ་རྣམས་ཀྱི་ལུགས་དྲི་མ་མེད་པའོ། །
གཞན་ཡོན་མཐོང་བའི་ཚེ། །
དེ་ཡི་རྗེས་བསྙེག་བསམ། །
ད་དུང་ཐག་རིང་ཡང་། །
རིམ་གྱིས་དེ་རྗེས་ཟིན། །
གཞན་གྱི་ཡ་རབས་སྤྱོད་བཟང་གི་ཡོན་ཏན་ཕུལ་དུ་ཕྱིན་པ་མཐོང་བའི་ཚེ། རང་གིས་དེ་མ་ཐག་ཏུ་དེ་ཡི་རྗེས་སུ་ངེས་པར་བསྙེག་པར་བྱའོ་སྙམ་དུ་དམ་བཅའ་བརྟན་པོས་བརྩོན་ལེན་བྱེད་དགོས། དེ་ཡང་རང་གི་ནུས་པ་ཞན་པ་དང་ཤེས་རབ་དམན་པ་སོགས་ད་དུང་དེ་ཡི་སྤྱོད་བཟང་ལ་བར་ཐག་རིང་ཡང་སྙིང་སྟོབས་ལྡན་པས་མུ་མཐུད་དུ་འབད་བརྩོན་བྱས་ན་ནམ་ཞིག་དེ་ཡི་རྗེས་སུ་ཟིན་པར་འགྱུར་ཏེ་མཁས་པ་གོང་མ་དག་གི་རྣམ་ཐར་བཞིན་ནོ། །
གཞན་སྐྱོན་མཐོང་བའི་ཚེ། །
རང་ལ་ཡོད་མེད་བརྟག །
རང་སྐྱོན་ཡོད་ན་བཅོས། །
མེད་ན་བག་ཟོན་བྱ། །
གཞན་གྱི་མ་རབས་སྤྱོད་ངན་གྱི་སྐྱོན་ཆ་མཐོང་བའི་ཚེ་རང་གིས་དེ་མ་ཐག་ཏུ་སྐྱོན་དེ་དག་རང་གི་རྒྱུད་ལ་ཡོད་མེད་བརྟག་དཔྱད་བྱ་གལ་ཏེ་རང་ལ་ཡང་སྐྱོན་དེ་རྣམས་ཡོད་ན་མྱུར་དུ་བཅོས་པའི་ཐབས་ལ་འབད་པར་བྱ། གལ་ཏེ་མེད་ན་ཕྱིན་ཆོད་མི་འབྱུང་བའི་ཆེད་དུ་རང་ཉིད་ལ་དྲན་བསྐུལ་ཡང་ཡང་བྱས་ཏེ་རྒྱུན་དུ་བག་ཡོད་དོགས་ཟོན་བྱ་དགོས་སོ། །
སྤྱོད་བཟང་ཤེས་རིག་དང༌། །
ལག་རྩལ་ཡོན་ཏན་རྣམས། །
གཞན་ལྟར་མི་ལྡན་ན། །
རང་ལ་བསྐུལ་ཏེ་བསྐྲུན། །
ཀུན་སྤྱོད་བཟང་པོ་དང་ཤེས་རིག་ཕུན་སུམ་ཚོགས་པ་རང་གཞན་ལ་ཕན་པའི་ལག་རྩལ་སོགས་ཡོན་ཏན་རྣམས་གཞན་ལྟར་དུ་རང་ཉིད་ལ་མི་ལྡན་ན་རང་གིས་རང་ལ་བསྐུལ་མ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཡོན་ཏན་དེ་དག་བསྐྲུན་པར་བྱས་ནས་གཞན་གྱི་གྲལ་དུ་སླེབས་པར་བྱ་དགོས། །
ལུས་ཀྱི་ཆས་གོས་དང༌། །
བཟའ་བཏུང་ཡོ་བྱད་སོགས། །
གཞན་ལྟར་མི་ལྡན་ན། །
སེམས་པ་སྐྱོ་མི་བྱ། །
ནང་ལུས་ཀྱི་ཆས་གོས་དང་ཕྱི་བཟའ་བཏུང་ཡོ་བྱད་ལ་སོགས་མི་གཞན་ལྟར་དུ་མི་ལྡན་ན་དེས་རང་གི་སེམས་པ་སྐྱོ་བར་མི་བྱ་སྟེ་སྐྱེས་བུ་དམ་པ་རྣམས་ནི་མི་ཚེ་ཡི་དམིགས་འདུན་མཐར་ཐུག་ཟས་གོས་ཙམ་ལ་མི་བྱེད་པས་སོ། །
སྨད་ན་ཁྲོ་འགྱུར་ཞིང༌། །
བསྟོད་ན་དགའ་འགྱུར་བའི། །
མི་ལ་གྲོགས་ངན་འདུ། །
གྲོགས་བཟང་བྲེད་ནས་འགྲོ །
རང་གི་སྐྱོན་ཡོན་ལ་བསམ་བློ་མི་གཏོང་བར་གཞན་གྱིས་སྨད་པར་ཐོས་ན་དེ་མ་ཐག་ཁྲོ་བར་འགྱུར་ཞིང༌། གཞན་གྱིས་བསྟོད་པར་ཐོས་ན་དེ་བཞིན་དགའ་བར་འགྱུར་བ་སྟེ། དགའ་སྡུག་སླ་བ་སོས་ཀའི་གནམ་གཤིས་ལྟ་བུའི་མི་དེ་ལ་ལུགས་གཉིས་ལ་མི་མཁས་པའི་གྲོགས་ངན་རྣམས་མཁའ་ལ་སྤྲིན་བཞིན་འདུ་བར་འགྱུར་ཞིང་གྲོགས་བཟང་དམ་པ་དག་དེ་ལ་བྲེད་དངངས་ཀྱི་སྒོ་ནས་རིང་དུ་འགྲོ་བར་བྱེད་དོ། །
བསྟོད་ན་སྐྲག་འགྱུར་ཞིང༌། །
སྨད་ན་དགའ་འགྱུར་བའི། །
མི་ལ་དམ་པ་རྣམས། །
རིམ་གྱིས་འདུ་བར་འགྱུར། །
གཞན་གྱིས་བསྟོད་པར་ཐོས་ན་རང་ལ་དེ་ལྟའི་ཡོན་ཏན་མེད་སྙམ་དུ་སྐྲག་པར་འགྱུར་ཞིང་སྨད་པར་ཐོས་ན་དེ་བསླབ་བྱར་ཤེས་ཏེ་དགའ་བར་འགྱུར་བའི་མི་དེ་ལ་སྐྱེ་བོ་དམ་པ་རྣམས་པད་ཚལ་ལ་བུང་བ་བཞིན་འདུ་བར་འགྱུར་རོ། །
མ་བརྟགས་བྱ་ངན་བྱས། །
དེ་ལ་ནོར་འཁྲུལ་ཟེར། །
བསམ་བཞིན་བྱ་ངན་བྱས། །
དེ་ནི་མི་དགེ་ཡིན། །
མ་བརྟགས་མ་བསམས་བཞིན་བྱ་བ་ངན་པ་བྱས་ཤོར་བ་དེ་ལ་ནི་ནོར་འཁྲུལ་ཞེས་ཟེར་ཞིང༌། བསམ་བཞིན་གོ་བཞིན་དུ་བྱ་བ་ངན་པ་བྱས་པ་དེ་ནི་མི་དགེ་བ་ཞེས་པ་ཡིན་ཏེ་ཉེས་པ་ཤིན་ཏུ་ཆེའོ། །
རང་སྐྱོན་བཅོས་གྱུར་ན། །
ཡོན་ཏན་འཕེལ་བར་འགྱུར། །
རང་སྐྱོན་བཀབ་གྱུར་ན། །
ཉེས་པ་ཇེ་ཆེར་འགྲོ །
རང་གི་སྐྱོན་ལ་ངོས་ཟིན་བྱས་ཏེ་བསྒྱུར་བཅོས་བྱས་ན་རིམ་གྱིས་དགེ་ཆོས་ཀྱི་ཡོན་ཏན་གོང་དུ་འཕེལ་བར་འགྱུར། གལ་ཏེ་གཡོ་སྒྱུ་སྣ་ཚོགས་ཀྱིས་རང་སྐྱོན་བཀབ་པར་བྱས་ན་ཉེས་པ་སྔར་བས་ཆེས་ཇེ་ཆེར་འགྲོའོ། །
ལྔ་པ། ཀུན་ལ་བྱམས་སྐྱོང་གི་སྐོར།
གང་ཟག་སུ་ཡིན་ཡང༌། །
ངེས་པར་བྱམས་པས་སྐྱོང༌། །
ས་སྟེང་གནམ་འོག་ན། །
མཉམ་དུ་གནས་པས་སོ། །
འཇིག་རྟེན་ཁམས་འདིའི་མི་སུ་ཡིན་ཡང་དེ་ཐམས་ཅད་ལ་ངེས་པར་དུ་ཕན་ཚུན་བྱམས་པས་སྐྱོང་ཞིང་བརྩི་བཀུར་བྱེད་དགོས་ཏེ། ཚང་མ་གནམ་སྔོན་པོའི་འོག་མཉམ་དུ་གནས་ན་འཚོ་བ་སྐྱེལ་བ་ཡིན་པས་སོ། །
སྤྱོད་བཟང་ལྡན་པའི་མིའི། །
མཚན་སྙན་ངང་གིས་འཕེལ། །
མི་རྣམས་དེ་ལ་གུས། །
མཛེས་པའི་གཟུགས་ཀྱིས་མིན། །
ཡ་རབས་སྤྱོད་བཟང་ལྡན་པའི་མི་ཡི་མཚན་སྙན་ནི་མ་བསྒྲགས་ངང་གིས་འཕེལ་བར་འགྱུར་ལ། དེ་ཡང་མི་རྣམས་ཀྱིས་ཀུན་སྤྱོད་གཙང་ཞིང་ཤེས་རིག་ལྡན་པའི་མི་ལ་རྟག་ཏུ་གུས་པར་བྱེད་པ་ལས། ཕྱི་རོལ་མཛེས་པའི་གཟུགས་ཙམ་ལྡན་པ་ལ་ནི་དེ་ལྟར་བཀུར་བ་མ་ལགས་སོ། །
ཤེས་ཡོན་ལྡན་པའི་མིའི། །
མཚན་སྙན་ངང་གིས་རྒྱས། །
མི་རྣམས་དེ་ལ་དགའ། །
རང་བསྟོད་བསྔགས་པས་མིན། །
ཤེས་རིག་ཡོན་ཏན་ལྡན་པའི་མི་ཡི་མཚན་སྙན་ནི་མ་བསྒྲགས་ཤུགས་ཀྱིས་ཕྱོགས་ཀུན་ཏུ་རྒྱས་པར་འགྱུར་ལ། དེ་ཡང་མི་རྣམས་ཤེས་ཡོན་ཅན་ལ་རྟག་ཏུ་དགའ་བ་ལས་རང་གིས་རང་ཉིད་ཐབས་ཚུལ་དུ་མས་བསྟོད་བསྔགས་བྱས་པ་ལ་དེ་ལྟར་དགའ་བ་མ་ཡིན་ནོ། །
རང་གི་ཡོན་ཏན་གྱིས། །
རང་དོན་བསྒྲུབ་མི་བྱ། །
གཞན་གྱི་ཡོན་ཏན་ལ། །
ཁྱད་གསོད་བྱེད་མི་རུང༌། །
རང་ལ་བདོག་པའི་ནུས་པ་དང་ཤེས་ཡོན་ཀྱིས་ཤིན་ཏུ་དམན་པའི་རང་དོན་ཁོ་ན་བསྒྲུབ་པར་མི་བྱ་དེས་གཞན་སྤྱི་ཚོགས་དང་སེམས་ཅན་ལ་ཕན་པའི་བྱ་བ་དོན་ལྡན་བསྒྲུབ་དགོས། གཞན་ལ་ཡོན་ཏན་ཡོད་པ་མཐོང་སྐབས་དེ་ལ་ཕྲག་དོག་གིས་ཁྱད་གསོད་སྨ་འབེབ་སོགས་བྱེད་མི་རུང་ངོ་། །
ཕྱུག་པོར་ངོ་བསྟོད་དང༌། །
དབུལ་པོར་ཁེངས་དྲེགས་མིན། །
གྲོགས་རྙིང་འདོར་བ་སྤང༌། །
གྲོགས་གསར་དགའ་ཞེན་མིན། །
ཕྱུག་པོ་མཐོན་པོ་རྣམས་ཀྱི་དྲུང་དུ་ཁ་ཡག་ངོ་བསྟོད་དང་དབུལ་པོ་ཉམ་ཐག་གི་མདུན་དུ་ཁེངས་དྲེགས་ང་རྒྱལ་མི་བྱ། དེ་བཞིན་སྔོན་གྱི་གྲོགས་པོ་རྙིང་པ་རྣམས་རྒྱང་ཏུ་འདོར་བ་དང་གྲོགས་གསར་དག་ལ་ཨ་གསར་བྱས་ཏེ་དགའ་ཞེན་ཆེ་བ་ཡང་མི་བྱའོ། །
གཞན་དག་བྲེལ་བའི་དུས། །
ལས་འགོག་བྱེད་མི་རུང༌། །
གཞན་སེམས་སྐྱོ་བའི་དུས། །
གཏམ་ཉོག་སྨྲ་མི་བྱ། །
གཞན་ལ་བརྟེན་ནས་བྱ་བ་བསྒྲུབ་པའམ་སྐད་ཆ་བཤད་དགོས་ན་དེའི་གནས་ཚུལ་ལ་བལྟ་བ་གཅེས་ཏེ། གལ་ཏེ་མི་གཞན་པ་ལས་ཀ་ཤིན་ཏུ་བྲེལ་ཚབས་ཆེ་བའི་དུས་སུ་དེའི་ལས་ཀ་ལ་བཀག་འགོག་བྱེད་པའི་ལས་གཙབ་གཏོང་མི་རུང་ཞིང༌། དེ་བཞིན་གཞན་ལུས་སེམས་མི་བདེ་བར་སྡུག་བསྔལ་གྱིས་ནོན་སྐབས་དེ་ལ་རང་དོན་སོགས་གཏམ་ཉོག་མང་པོ་སྨྲ་བར་མི་བྱའོ། །
གཞན་གྱི་ཡོན་ཏན་རྣམས། །
བརྗོད་ན་དགེ་བ་ཡིན། །
གཞན་གྱིས་ཤེས་པའི་རྗེས། །
བརྩོན་པས་ཇེ་བ, , , ཟང་འགྲོ །
གཞན་གྱི་ཡོན་ཏན་རྣམས་མི་ཀུན་ལ་བརྗོད་ན་དེ་ནི་ནམ་ཡང་དགེ་ཞིང་ཕུལ་ཕྱིན་གྱི་སྤྱོད་པ་བཟང་པོ་ཞིག་ཡིན། མི་གཞན་པས་དེ་དག་ཤེས་པའི་རྗེས་སུ་བསྐུལ་མ་ཐེབས་ནས་སྤྱོད་པ་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་འགྱུར་རོ། །
གཞན་གྱི་ཉེས་སྐྱོན་རྣམས། །
བསྒྲགས་ན་མི་དགེའི་ལས། །
བརྗོད་པ་ཐལ་དྲགས་ན། །
ཉེར་འཚེ་རང་ལ་འབྱུང༌། །
གཞན་གྱི་ཉེས་སྐྱོན་རྣམས་བརྟག་དཔྱད་མེད་པར་ཀུན་ལ་བསྒྲགས་པར་བྱས་ན་དེ་ནི་ཐ་ཆད་མི་དགེ་བའི་ལས་ངན་པ་ཞིག་ཡིན། དེའི་སྐྱོན་བརྗོད་ལ་ཚོད་བཟུང་མེད་པར་ཧ་ཅང་ཐལ་དྲགས་ན་ཐ་མ་ཉེར་འཚེ་མང་པོ་རང་ཉིད་ལ་འབྱུང་བར་གདོན་མི་ཟའོ། །
གྲོགས་ལ་ཕན་ཚུན་བསྐུལ། །
མཉམ་དུ་ཤེས་ཡོན་བསྐྲུན། །
ཚུལ་མིན་ལམ་ཞུགས་ན། །
ཐ་མ་གཉིས་ཀ་ཕུང་། །
གྲོགས་པོ་ལ་ཕན་ཚུན་བསྐུལ་མ་བྱས་ཏེ་ཡ་རབས་སྤྱོད་བཟང་ལྡན་པའི་ཤེས་ཡོན་ངེས་ཅན་ཞིག་སྐྲུན་པར་བྱ་དགོས། གལ་ཏེ་ཚུལ་བཞིན་མ་ཡིན་པའི་ལམ་ལ་ཞུགས་ན་དེའི་ཀུན་སྤྱོད་ལ་སྐྱོན་ཤོར་ནས་མཐར་རང་གཞན་གཉིས་ཀ་ཕུང་བར་འགྱུར་རོ། །
དངོས་རྫས་གཏོང་ལེན་ལ། །
དབྱེ་འབྱེད་གསལ་བོར་བྱ། །
ཕར་གཏོང་མང་བ་དང༌། །
ཚུར་ལེན་ཉུང་ན་ལེགས། །
རྒྱུ་ནོར་དངོས་རྫས་རྣམས་ཕན་ཚུན་གཏོང་ལེན་བྱེད་སྐབས་དབྱེ་འབྱེད་གསལ་བོ་བྱ་དགོས་ཏེ། དེ་ཡང་ཕར་ལ་གཏོང་བ་མང་ན་བཟང་ཞིང༌། ཚུར་ལ་ལེན་པ་ཉུང་ན་ལེགས། དེ་ལྟར་བྱས་ན་རང་འདོད་རྔམ་ཆུང་བར་མཚོན་ཞིང་ཕན་ཚུན་ཡིད་ཆེས་ལ་མཛའ་མཐུན་ཡུན་དུ་བརྟན་པའི་དགོས་པ་ཡོད་དོ། །
གཞན་ལ་བཅོལ་པའི་ལས། །
ཐོག་མར་རང་ལ་འདྲི། །
རང་གིས་མི་འདོད་ན། །
མྱུར་དུ་མཚམས་འཇོག་བྱ། །
གཞན་ལ་བཅོལ་བའི་ལས་གང་ཡིན་ཡང་ཐོག་མར་རང་གིས་རང་ཉིད་ལ་འདྲི་བར་བྱ་སྟེ་བྱ་བ་འདི་རང་ཉིད་ཀྱིས་བསྒྲུབ་དགོས་ན་འདོད་དམ་མི་འདོད་བརྟག་པར་བྱ། གལ་ཏེ་རང་གིས་བསྒྲུབ་པར་འདོད་ན་དེ་གཞན་ལ་བསྒྲུབ་ཏུ་བཅུག གལ་ཏེ་རང་གིས་ཀྱང་མི་འདོད་ན་དེ་ཉིད་གཞན་ལ་བྱེད་དུ་བཅུག་ན་ཚུལ་དང་མི་མཐུན་པས་མྱུར་དུ་མཚམས་འཇོག་བྱ་དགོས། འུ་ཅག་གི་གཞུང་ལས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་དང༌། མཁས་པ་ཁུང་ཙིས་ཀྱང༌། རང་ཉིད་མི་འདོད་པ། ། གཞན་ལ་བྱིན་མི་བྱ། །ཞེས་པ་ལྟར་རོ། །

དྲིན་ལ་གཟོ་སེམས་དང༌། །
འཁོན་ལ་བརྗེད་སེམས་དགོས། །
གནོད་ལན་ཡུན་ཐུང་ཙམ། །
དྲིན་ལན་ཡུན་རིང་གཟོ། །
རང་ལ་བཀའ་དྲིན་ཆེ་བ་དག་ལ་དུས་རྒྱུན་དུ་དྲིན་དྲན་པ་དྲིན་གཟོ་བའི་བསམ་པ་དང་རང་ལ་གནོད་པ་བྱེད་པ་ལ་དེའི་འཁོན་འཛིན་བརྗེད་པའི་བསམ་པ་དགོས། དེ་ལྟར་མ་ནུས་ན་གནོད་ལན་ཡུན་ཐུང་ངུ་གྲངས་ཉུང་ཙམ་འཇལ་ནས་ཆོག་པར་བྱ། དྲིན་ལ་དེ་ལྟར་མ་ཡིན་པར་བཀའ་དྲིན་ཡུན་རིང་དུ་མི་བརྗེད་ཅིང་དྲིན་ལན་ཐེངས་མང་དུ་གཟོ་བར་བྱའོ། །
རང་གི་གཡོག་འཁོར་ལ། །
དྲང་བདེན་སྤྱོད་པས་སྐྱོང༌། །
དྲང་ཞིང་བདེན་ལས་ཀྱང༌། །
བྱམས་བརྩེ་ཁོག་ཡངས་གཙོ། །
རང་གི་གཡོག་པོ་གཡོག་མོ་དང་ཉེ་འཁོར་སུ་ལ་ཡང་ཐོག་མར་རང་ཉིད་ཀྱི་སྤྱོད་ལམ་ལ་བརྟག་དཔྱད་བྱས་ཏེ་ཕྱོགས་ལྷུང་མེད་པའི་དྲང་བདེན་དང་དྲི་མ་མེད་པའི་ཀུན་སྤྱོད་གཙང་མས་སྐྱོང་བར་བྱ། དྲང་ཞིང་བདེན་པ་ལས་ཀྱང་དེ་དག་ལ་དུས་རྒྱུན་དུ་བྱམས་བརྩེའི་སྒོ་ནས་ཁོག་ཡངས་བྱེད་པ་འདི་ཤིན་ཏུ་གལ་ཆེའོ། །
དབང་ཆས་གཞན་མནན་ན། །
སྙིང་ནས་དང་ལེན་མེད། །
རྒྱུ་མཚན་ལྡན་གྱུར་ན། །
དེ་ལ་ལེ་བརྡ་མེད། །
གལ་ཏེ་སྟོབས་ཤུགས་ལ་བརྟེན་ནས་དབང་ཆའི་སྒོ་ནས་གཞན་དྲག་གནོན་བྱས་ན་དེ་ལ་ཁ་ཙམ་མ་གཏོགས་སྙིང་ནས་དང་ལེན་བྱེད་པ་ནི་མེད། རྒྱུ་མཚན་སྟོབས་ལྡན་ཡོད་པར་གྱུར་ན་དེ་ལ་ཐམས་ཅད་ཀྱིས་དགའ་བས་དང་དུ་ལེན་པ་ལས་ལེ་ལན་བརྡ་བ་ཅི་ཡང་མེད་དོ། །
དྲུག་པ། སྐྱེ་བོ་དམ་པ་བསྟེན་པའི་སྐོར།

མི་རྣམས་འདྲ་ན་ཡང༌། །
རིགས་ལ་སྣ་ཚོགས་ཡོད། །
ཐ་ཤལ་དམན་པ་མང༌། །
དམ་པའི་སྐྱེ་བོ་ཉུང༌། །
འཇིག་རྟེན་འདི་ན་འཚོ་བའི་མི་རྣམས་སྤྱི་ཁྱབ་ནས་བལྟས་ན་ཐམས་ཅད་ཕལ་ཆེར་འདྲ་ན་ཡང་ནང་གསེས་ཀྱི་རིགས་ལ་རིག་པ་རྣོ་རྟུལ་གཤིས་ཀ་འཇམ་རྩུབ་ཀུན་སྤྱོད་བཟང་ངན་སོགས་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་ལ། དེ་དག་ལས་ཚེ་འདི་ཕྱི་གཉིས་ཀྱི་དོན་ལ་མི་སེམས་པར་དོན་མེད་རྣམ་གཡེང་གི་དུས་འདའ་བའི་སྐྱེ་བོ་ཐ་ཤལ་དམན་པ་ནི་ཆེས་མང་ཞིང༌། དད་པ་དང་ཤེས་རབ་སྙིང་རྗེའི་ཡོན་ཏན་ལྡན་པའི་སྐྱེ་བོ་དམ་པ་ནི་ཉིན་མོའི་སྐར་མ་བཞིན་ཆེས་ཉུང་བ་མངོན་སུམ་གྱིས་མཐོང་བས་ཤེས་སོ། །
ཤེས་ལྡན་དམ་པ་ལ། །
ཐམས་ཅད་གུས་ཤིང་སྐྲག །
དེས་ཀྱང་རྫུན་ཚིག་དང༌། །
གཡོ་སྒྱུས་བསླུ་མི་སྲིད། །
ཀུན་སྤྱོད་གཙང་ཞིང་ཤེས་རབ་དང་ལྡན་པའི་དམ་པ་རྣམས་ལ་ཆོས་ཉིད་ཀྱིས་མི་ཐམས་ཅད་གུས་ཤིང་སྐྲག་པར་འགྱུར། དེས་ཀྱང་དེ་དག་ལ་གནས་སྐབས་མཐར་ཐུག་གི་ཕན་པ་སྒྲུབ་པ་ལས་གནས་ལུགས་དང་མི་མཐུན་པའི་རྫུན་ཚིག་དང་ཁ་གསེག་སོགས་གཡོ་སྒྱུས་བསླུ་བ་གཏན་མི་སྲིད་ཏེ། དེ་དམ་པའི་ངང་ཚུལ་མ་ཡིན་པའི་ཕྱིར་རོ། །
དམ་པ་བསྟེན་བྱས་ན། །
ལེགས་ཚོགས་དཔག་མེད་འབྱུང༌། །
ཡོན་ཏན་ཉིན་བཞིན་འཕེལ། །
ཉེས་སྐྱོན་ཉིན་བཞིན་འགྲིབ། །
ཡོན་ཏན་ཅན་གྱི་སྐྱེ་བོ་དམ་པ་བསྟེན་པར་བྱས་ན་ཇི་སྐད་དུ། གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། ཟེར་བ་ལྟར་ཆོས་འཇིག་རྟེན་གྱི་ལེགས་ཚོགས་དཔག་ཏུ་མེད་པ་ཞིག་མ་འབད་ངང་གིས་འབྱུང་བར་འགྱུར། རང་རྒྱུད་ཀྱི་ཡོན་ཏན་རྣམས་ཡར་ངོའི་ཟླ་བ་ལྟར་ཉིན་རེ་བཞིན་གོང་དུ་འཕེལ་ཞིང༌། ཉེས་སྐྱོན་ཐམས་ཅད་མར་འགྲིབ་པར་འགྱུར་བས་གྲོགས་བཟང་བསྟེན་པ་འདི་ཡོན་ཏན་ཀུན་གྱི་གཞི་རྩ་ཡིན་པས་སེམས་ལ་འཆང་བར་བྱའོ། །
དམ་པ་དོར་གྱུར་ན། །
ཉེས་ཚོགས་དཔག་མེད་འབྱུང༌། །
དམན་པས་གླགས་རྙེད་ནས། །
དོན་ཀུན་བརླག་པར་འགྱུར། །
གལ་ཏེ་དམ་པའི་སྐྱེ་བོ་རྣམས་རིང་དུ་དོར་བར་བྱས་ན་ཡོན་ཏན་གསར་བ་མི་སྐྱེ་ཞིང་སྔར་ཡོད་ཀྱང་ཉམས་པར་གྱུར་ཏེ་ཉེས་ཚོགས་དཔག་མེད་ཅིག་ངམ་ངམ་ཤུགས་ཀྱིས་འབྱུང་ཞིང༌། ལྟ་སྤྱོད་དམན་པའི་སྐྱེ་བོ་རྣམས་ཀྱང་དེ་ལ་གླགས་རྙེད་ནས་མཐར་རང་གཞན་གཉིས་ཀའི་དོན་ཀུན་ཐལ་བ་རླུང་གིས་གཏོར་བ་བཞིན་བརླག་པར་འགྱུར་བས་འདིའི་དོན་ལ་ཡང་ཡང་སེམས་པ་ཤིན་ཏུ་གལ་ཆེ་བར་སྣང་ངོ༌། །
བདུན་པ། ཤེས་རིག་གཞན་བསླབ་པའི་སྐོར།

ལག་བསྟར་མི་བྱེད་པའི། །
རིག་པ་སློབ་པ་ཙམ། །
གསོབ་པའི་རང་བཞིན་ལས། །
བཟང་པོར་འགྱུར་མི་སྲིད། །
དོན་དངོས་གནས་ཀྱི་ལས་ཆོད་ཡོད་པའི་བྱ་བ་ལག་བསྟར་ཅི་ཡང་མི་བྱེད་པར་རང་ཁར་རིག་གནས་མང་པོ་སློབ་ཁུལ་དང་ཡི་གེ་མང་པོར་བལྟ་བ་ཙམ་གྱིས་ནི་སྙིང་པོ་མེད་པའི་གསོག་གསོབ་ཀྱི་རང་བཞིན་ལས་གཞན་ལ་ཕན་ཐོགས་ཡོད་པའི་མི་བཟང་པོར་འགྱུར་མི་སྲིད་དོ། །
ལག་ལེན་ཁོ་ན་ལས། །
རིག་པ་མི་སློབ་ན། །
རང་ལྟ་མཁྲེགས་བཟུང་དེས། །
གནས་ལུགས་མཐོང་མི་སྲིད། །
བྱ་བ་རྣམས་ལ་ལག་ལེན་ཁོ་ན་རྩལ་འདོན་བྱེད་པ་ལས་རིག་པ་ཅི་ཡང་མི་སློབ་ན་མཐར་རང་ལྟ་མཁྲེགས་བཟུང་གིས་རང་ཉིད་ཤེས་རབ་བསྒྲིབས་ནས་བྱ་བ་དེས་གནས་ལུགས་ཡང་དག་ནམ་ཡང་མཐོང་མི་སྲིད་དེ། མཁས་པ་ཁུང་ཙིས་ཀྱང༌། སློབ་ལ་མི་སེམས་པ་ནི་རྣམ་པར་འཁྲུལ། །སེམས་ལ་མི་སློབ་པ་ནི་ཉེན་ཁ་ཆེ། །ཞེས་པ་ལྟར་རོ། །

ཡི་གེ་སློབ་པའི་སྐབས། །
གནད་གསུམ་ཚང་དགོས་ཏེ། །
སེམས་གཏད་མིག་གིས་བལྟ། །
ཁ་ནས་གདོན་པར་བྱ། །
ཡི་གེ་སློབ་པའི་སྐབས་སུ་མེད་ཐབས་མེད་པའི་གནད་གསུམ་ངེས་པར་ཚང་དགོས་ཏེ་དེ་ཡང་སེམས་གཞན་དུ་མི་གཡེང་བར་ཡི་གེ་ལ་སེམས་རྩེ་གཅིག་ཏུ་གཏད་པ་དང་ཁ་གཡེང་མིག་གཡེང་མི་བྱེད་པར་མིག་གིས་དཔེ་ཆ་ལ་བལྟ་ཞིང་ཁ་ནས་ཀྱང་སྒྲ་ཚིག་དག་མོས་གདོན་པར་བྱ་བའོ། ། དེས་ན་དགེ་རྒན་རྣམས་ཀྱིས་སློབ་མ་སྐྱོང་སྐབས་ཡང་འདི་ལྟ་བུས་སློབ་གསོ་བྱས་ཏེ་ཆུང་ངུའི་དུས་ནས་ཤེས་ཡོན་སྦྱང་སྟངས་ཀྱི་གོམས་གཤིས་ལེགས་པོར་ཆགས་པ་དེ་མེད་དུ་མི་རུང་ངོ༌། །
དཔེ་གང་ཀློག་པའི་ཚེ། །
དཔེ་གཞན་བཀླག་མི་བྱ། །
འདི་ཉིད་མ་རྫོགས་པར། །
དེ་ཉིད་འགྲུབ་མི་འགྱུར། །
ལུགས་གཉིས་ཀྱི་བྱ་བ་གང་བསྒྲུབས་ཀྱང་མགོ་མཇུག་ཚང་ཞིང་གོ་རིམ་ལྡན་པ་འདི་གལ་ཆེ་བས་དཔེ་དེབ་གང་ཞིག་ཀློག་པའི་ཚེ་དེ་ཉིད་མཐར་མ་ཕྱིན་བར་དེབ་གཞན་དག་བཀླག་པར་མི་བྱ། དེའི་རྒྱུ་མཚན་ཡང་བྱ་བ་འདི་ཉིད་མ་རྫོགས་པར་བྱ་བ་དེ་ཉིད་དམ་གཞན་ཉིད་འགྲུབ་པར་མི་འགྱུར་བས་སོ། །
སློབ་ཡུན་རིང་བ་དང༌། །
སློབ་དུས་དམ་འཛིན་བྱ། །
བརྩོན་འགྲུས་རྒྱུན་བསྐྱངས་ན། །
དཀའ་གནད་མ་ལུས་རྟོགས། །
ཤེས་རིག་གི་གྲུབ་འབྲས་གཡུར་དུ་ཟ་བ་ནི་དུས་ཚོད་ཐུང་ངུའི་ཡུན་ལ་མངོན་མི་ཐུབ་པས་སློབ་ཡུན་ཅི་ནུས་སུ་རིང་བོར་བྱ་བ་དང༌། སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱས་པ་བཞིན་དམ་འཛིན་ལེགས་པོ་བྱ་དགོས། དེ་ལྟའི་བརྩོན་འགྲུས་ཀྱི་རྒྱུན་ཡུན་དུ་བསྐྱངས་ན་ཤིན་ཏུ་དཀའ་བའི་གནད་རྣམས་ཀྱང་དཀའ་ཚེགས་མེད་པར་རྟོགས་པར་འགྱུར་ཏེ། བརྩོན་འགྲུས་ལྡན་པའི་སྐྱེ་བོ་ལ། །མི་འགྲུབ་བྱ་བ་གང་ཡང་མེད།།ཅེས་གསུངས་པ་ལྟར་རོ། །

སེམས་ཀྱི་དོགས་པ་རྣམས། །
དུས་སུ་ཟིན་ཐོར་བཀོད། །
གཞན་ལ་དྲིས་ནས་སུ། །
དེའི་དོན་རྟོགས་པར་བྱ། །
དཔེ་ཀློག་བྱེད་དུས་སམ་འཚོ་བའི་ཁྲོད་དུ་བྱུང་བའི་དགྲོལ་བར་དཀའ་བའི་སེམས་ཀྱི་དོགས་པ་རྣམས་དུས་སུ་ཟིན་ཐོ་བཀོད་དེ་ཉར་ཚགས་བྱ། ནམ་ཞིག་མཁས་པ་དང་ཉམས་མྱོང་ཅན་ལ་འཕྲད་པའི་གོ་སྐབས་བྱུང་དུས་དེ་ལ་དྲིས་ཏེ་སྒྲོ་འདོག་བཅད་ནས་དེ་དག་གི་དོན་ཐམས་ཅད་རྟོགས་པར་བྱའོ། ། རྒྱ་ནག་པ་སོགས་མི་རིགས་གཞན་གྱི་འཚོ་བའི་ནང་དུ་དར་བའི་སྲོལ་ལྟར་རང་གི་བྱ་བ་རྣམས་ཉིན་ཐོའམ་ཟིན་ཐོ་བཀོད་པ་འདི་མི་ཚེའི་བགྲོད་ལམ་རིང་མོ་ལ་ཕྱིར་བལྟས་བྱས་ཚེ་ཆེས་མཁོ་གལ་ཆེ་ལ་རིན་ཐང་ཅན་ཞིག་ཀྱང་ཡིན་པར་སེམས་སོ། །
ཁང་ཁྱིམ་རྩིག་པ་དག །
ཕྱི་ནང་གཙང་སྦྲ་བྱ། །
མདུན་ཅོག་སྣག་སྨྱུག་སོགས། །
ཡིད་འོང་གྲ་འགྲིག་བཞག །
རང་གིས་ཉལ་ཤག་ཐབ་ཚང་ཡིག་ཁང་སོགས་ཁང་ཁྱིམ་རྣམས་དང་སྒོ་ཁྱམས་རྩིག་པ་ར་བ་སློབ་ཁང་དང་གཞུང་ལས་ཁང་སོགས་ཕྱི་ནང་གི་ཁོར་ཡུག་ཐམས་ཅད་དུས་རྒྱུན་དུ་གཙང་སྦྲ་ལེགས་པོ་བྱ་དགོས། དེ་བཞིན་སློབ་ཁང་དང་གཞུང་ལས་ཁང་སོགས་ཀྱི་འདུག་སྟེགས་མདུན་ཅོག་སྣག་ཚ་སྨྱུ་གུ་སོགས་ཀྱང་ཡིད་དུ་འོང་ལ་གྲ་འགྲིག་པོར་གཞག ཁོར་ཡུག་ཡིད་འོང་མཛེས་སྡུག་ལྡན་པས་ནི་སྣང་བ་སྤྲོ་ཞིང་རིག་པ་དྭངས་ལ་གཞན་གྱི་ཡིད་དབང་འཕྲོག་པ་སོགས་ཡོན་ཏན་དུ་མ་ལྡན་པར་གནའ་དེང་གི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་་འཐོར་བ་ཡིན། དེས་ན་རང་གི་སྡོད་ཁང་དག་ཀྱང་ཁྱི་ཕག་གི་ཚང་ལྟ་བུ་མ་ཡིན་པར་ཕྱག་བདར་བྱས་ཏེ་གཙང་ཞིང་ཡིད་དུ་འོང་བར་བྱ་བ་གཅེས་སོ། །
བརྡར་སྣག་ཡོ་གྱུར་ན། །
བློ་སེམས་གཡེང་བ་ཡིན། །
ཡིག་གཟུགས་མི་འགྲིག་ན། །
སེམས་ཉིད་རྙོག་པའི་རྟགས། །
སྔོན་གྱི་སྲོལ་བཞིན་སྣག་རྡོ་བདར་ནས་སྣག་ཚ་བཟོ་སྐབས་ཡ་ཡོས་སུ་གྱུར་ན་དེའི་བློ་སེམས་རྣམ་པར་གཡེང་བ་ཡིན་པ་དང་ཡི་གེ་འབྲི་སྐབས་ཡིག་གཟུགས་རབ་རིབ་མི་གསལ་བ་གྲ་མི་འགྲིག་ན་འབྲི་བ་པོའི་སེམས་ལ་རྣམ་རྟོག་མང་པོའི་དྲི་མས་རྙོག་པའི་རྟགས་ཡིན་པས་ལུས་ངག་གི་བྱ་བ་ལས་ཀྱང་ནང་སེམས་ཀྱི་རྣམ་པ་མཚོན་ཐུབ་བོ། །

དཔེ་དེབ་གོ་རིམ་བཞིན། །
གཞག་ས་གཏན་ཁེལ་བྱ། །
དེབ་གང་བཀླགས་ཚར་རྗེས། །
སླར་ཡང་རང་སར་གཞག །
དཔེ་དེབ་མང་ན་དེ་དག་རིགས་དབྱེ་སྟེ་གོ་རིམ་བཞིན་ཡིག་སྟེགས་སམ་ཅོག་ཙེའི་སྟེང་དུ་གཞག གལ་ཏེ་ཡི་གེ་མང་པོ་མེད་ན་ཡང་དེ་དག་ཡར་འཕེན་མར་འཕེན་མི་བྱེད་པར་གཞག་ས་གཏན་ཁེལ་བྱས་ཏེ་གྲ་འགྲིག་པོ་སྒྲོས་གཙང་བར་བྱ། དཔེ་དེབ་གང་རུང་བཀླགས་ཚར་རྗེས་སླར་ཡང་སྔོན་གང་ནས་བླངས་བའི་རང་ཤུལ་དུ་གཞག་དགོས། འདི་ཡང་ཤེས་ཡོན་པ་རྣམས་ལ་ད་ལྟའི་བར་དར་བའི་ཆེས་ལེགས་པའི་སྲོལ་རྒྱུན་ཞིག་གོ །

བྲེལ་བའི་དོན་བྱུང་ཡང༌། །
དཔེ་དེབ་ཚགས་འགྲིག་བྱ། །
དེབ་ལ་སྙད་བྱུང་ན། །
མྱུར་དུ་གསོ་བར་བྱ། །
རྟག་ཏུ་ཡི་གེ་ལ་གཅེས་སྤྲས་བྱ་བ་ནི་མཁས་པའི་ཚུལ་ཡིན་པས། གང་ཞིག་དཔེ་ཀློག་བྱེད་སྐབས་གལ་ཏེ་བྲེལ་འཚུབ་ཆེ་བའི་དོན་དག་བྱུང་ཡང་ཐོག་མར་དཔེ་དེབ་རྣམས་ཉར་ཚགས་དང་བསྡུ་གསོག་གྲ་འགྲིག་བྱས་ཏེ་གཟོད་བྱ་བ་དེར་འཇུག་པར་བྱ། གཞན་ཡང་དཔེ་དེབ་དག་ལ་ལྡེབ་ཆད་དང་ནག་ནོག་སོགས་སྙད་ཀ་བྱུང་ན་ཅི་མི་སྙམ་དུ་མི་གཞག་པར་མྱུར་དུ་བསྐྱར་གསོ་བྱ་དགོས་སོ། །

འཕགས་པའི་གཞུང་མིན་པར། །
ལྟ་ཀློག་བྱེད་མི་རུང༌། །
བྱས་ན་ཤེས་རབ་བསྒྲིབ། །
ཕུགས་འདུན་བརླག་པར་འགྱུར། །
སྔོན་བྱོན་འཕགས་པའི་སྐྱེ་བོས་གསུངས་པའི་གཞུང་བཟང་མིན་པར་རང་ཁར་མི་རྣམས་ཀྱིས་རང་གི་རྣམ་རྟོག་རི་མོར་སྤེལ་བའི་ཡི་གེ་དག་ནི་ལྟ་སྣང་ལ་ཚིག་དོན་སྙན་སྙན་ལེགས་ལེགས་ལྟར་ཡོད་ཀྱང་དོན་དུ་རང་གཞན་ལ་ཕན་པའི་རིན་ཐང་ཅི་ཡང་མེད་པས་དེ་དག་ལ་རང་གིས་བལྟ་བ་དང་གཞན་ལ་བལྟ་བསྐུལ་ཀློག་འདོན་འཛིན་འཆད་སོགས་བྱ་མི་རུང་སྟེ། གལ་ཏེ་བྱས་ན་བླང་དོར་གྱི་ཤེས་རབ་བསྒྲིབ་པར་འགྱུར་ཞིང་མ་འོངས་བའི་ཕུགས་འདུན་རྣམས་ཀྱང་ངེས་པར་དུ་བརླག་པར་འགྱུར་རོ། །འདིའི་འཕགས་པ་ཞེས་པའི་དོན་སྔོན་གྱི་ཁུང་ཙི་ལྟ་བུའི་མཁས་པ་རྣམས་མཚོན་པ་ཡིན་ཡང་སྤྱིར་ནང་པའི་གཞུང་ལས་བདེན་ཚིག་གྲུབ་པའི་འཕགས་པའི་གསུང་མིན་པར་བྱིན་རླབས་ནུས་པ་དེ་ཙམ་མེད་ཅེས་པའི་དོན་དང་ཆ་འདྲ་ཞིང་འདིས་མཚོན་ནས་རང་གི་ལུས་སེམས་བདེ་ཐང་ལ་གནོད་པའི་གློག་བརྙན་དང་བརྙན་འཕྲིན་གློག་རྡུལ་རོལ་རྩེད་ལ་སོགས་རྒྱུན་དུ་བལྟ་བ་སྤང་དགོས་སོ། །

རང་ཉིད་དམའ་འབེབས་དང༌། །
གཉོམ་ཆུང་བྱེད་མི་རུང༌། །
རིམ་གྱིས་བརྩོན་བྱས་ན། །
མཁས་པའི་གོ་སར་སླེབས། །
འཇིག་རྟེན་འདིར་རང་ལ་ཡིད་ཆེས་དང་བརྩོན་འགྲུས་སྙིང་སྟོབས་མེད་ན་བྱ་བ་ཆུང་ངུ་ཡང་འགྲུབ་པར་དཀའ་བས། རང་ཉིད་ལ་རང་གིས་དམའ་འབེབ་དང་ང་ལྟ་བུས་བྱ་བ་བསྒྲུབ་མི་ནུས་སྙམ་དུ་མཐོང་ཆུང་གཉོམ་ཆུང་བྱེད་མི་རུང༌། ཇི་སྐད་དུ། རང་ལ་དགོས་པའི་བསྟན་བཅོས་རྣམས། །ཉི་མ་རེ་ལ་ཚིག་རེ་ཟུང་། །ཞེས་པ་ལྟ་བུའི་རིམ་གྱིས་སློབ་སྦྱོང་དང་འབད་བརྩོན་ཆེན་པོ་བྱས་ན་རིང་པོར་མི་ཐོགས་པར་འགྲན་ཟླ་བྲལ་བའི་མཁས་པ་དང་གྲུབ་པའི་གོ་སར་སསླེབས་པར་འགྱུར་རོ། ། དེ་ལྟའི་སློབ་མའི་བསླབ་བྱ་ཞེས་པ་འདི་གཞན་ལ་ཅུང་ཟད་ཕན་དུ་རེ་ནས་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དུ་བསོད་ནམས་དར་རྒྱས་ཀྱིས་བོད་སྐད་དུ་བསྒྱུར་ཞིང་ཚིག་འགྲེལ་བསྡུས་པ་ཞིག་ཀྱང་བྱས་པ་དགེ་བར་གྱུར་ཅིག །

                                                     སྤྱི་ལོ་༢༠༠༩ ཟླ་༦ ཚེས་༥ ལའོ།། །།
 
ཚངས་དབྱངས་དྲྭ་བ་ནས་བརྒྱུད་འགོད་བྱས།
 
གུས་པས་ཕན་ཤུལ་གྱི་སྙན་ངག་གི་གླིང་ཕྲན་ནས་བརྒྱུད་འགོད་བྱས།
 
 
Re:སློབ་མའི་བསླབ་བྱ། ༼   འོས་སྦྱོར།  ༽
[ 2011/12/23 22:05:41 | By: སྐུ་མགྲོན་Nsi7My(སྐུ་མགྲོན) ]
 
སྐུ་མགྲོན་Nsi7My(སྐུ་མགྲོན)





གྲོགས་ལྷ་གཡག་ལགས། ཁྱེད་ལ་གུས་པའི་དངོས་གནས་སྙིང་ཁོང་རུས་པའི་ལྡིང་ནས་གུས་ཀུར་དང་ཁྱེད་ལ་དགའ་སུ་ཡོད། རྒྱུ་མཚན་ནི།

སྤྱོད་བཟང་ལྡན་པའི་མིའི། །

མཚན་སྙན་བཟང་གི་འཕེལ། །

མི་རྣམས་དེ་ལ་གུས། །

མཛེས་པའི་གཟུགས་ཀྱི་མིན། །



ཤེས་ཡོན་ལྡན་པའི་མའི། །


མཚན་སྙན་ངང་གི་རྒྱས། །


མི་རྣམས་དེ་ལ་དགའ། །


རང་བསྟོད་བསྔགས་པ་མིན། །



རང་གི་ཡོན་ཏན་གྱིས། །


རང་དོན་སྒྲུབས་མི་བྱ། །


གཞན་གྱི་ཡོན་ཏན་ལ། །


ཁྱད་གསོད་བྱ་མི་རུང། །



ཕྱུག་པོར་ངོ་བསྟོད་དང་། །


དབུལ་པོར་ཁེངས་དྲེགས་མིན། །


གྲོགས་རྙིང་འདོར་བ་སྤོང་། །


གྲོགས་གསར་དགའ་ཞེན་མིན། །

གྲོགས་ལྷ་གཡག་ལགས་བཀྲ་ཤིས་བདེ་ལེགས། དྲེད་མོང་ནས།

གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
དྲེད་མོང་མིང་ཅན་ལགས། །
གུས་པར་དགའ་བསུ་དང་། །
གུས་བཀུར་བྱེད་པ་ལ། །
སེམས་ཀྱི་གདིང་ཁོང་ནས། །
བཀའ་དྲིན་ལན་བརྒྱར་ཡོད། །
ཁྱེད་ཀྱི་འདི་བཞིན་དུ། །
གུས་པའི་ཟིན་བྲིས་སུ། །
དུས་ལྟར་དུ་ལ། །
ཕེབས་པར་དགའ་སྤྲོ་ཆེ། །
ད་དུང་མི་འདང་སར། །
སྐྱོན་མང་ཡོད་སྲིད་པས། །
བཀའ་སློབ་སྐྱོན་བརྗོད་དང་། །
མ་ནོར་ལམ་གཏོང་རེ། །
འདུན་པ་ཤིན་ཏུ་ཆེ། །
ཁྱེད་ཀྱིས་མི་རིང་བར། །
ཧི་བོན་ཟིན་བྲིས་ནང་། །
ཟིན་ཚོམ་ཞིག་བཟུང་ནས། །
རྩོམ་ཡིག་གང་མང་རེ། །
སྤེལ་བའི་རེ་བ་ཡོད། །

ལྷ་གཡག་དར་མས།


 
 
Re:སློབ་མའི་བསླབ་བྱ། ༼   འོས་སྦྱོར།  ༽
[ 2011/12/23 20:11:19 | By: danzengyixi ]
 
danzengyixiམཁྱེན་སྤྱོད་ཡངས་པའི་བཤེས་གཉེན་རྣམ་གཉིས་གུས་པའི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་ཞུའོ། །
 
 
Re:སློབ་མའི་བསླབ་བྱ། ༼   འོས་སྦྱོར།  ༽
[ 2011/12/22 21:39:13 | By: སྐུ་མགྲོན་816Fwj(སྐུ་མགྲོན) ]
 
སྐུ་མགྲོན་816Fwj(སྐུ་མགྲོན)




ལྷ་གཡག་དར་མ། ལྷ་གཡག་དར་མ།

ཀའི་ཧའི་ཧའི། ཀའི་ཧའི་ཧའི།

ཕོ་ལྷ་བསོ། ཕོ་ལྷ་བསོ།


ཁྱོད་དགྲ་ལྷ་བསོ།

བསོ་བསོ་བསོ།

ཀའི་ཧའིཧའི་ཧའི།

ཁྱེད་ལ་འདྲ་ལེ་བརྒྱ་བརྒྱ།

ཁྱེད་ལ་འདྲ་ལེ་སྟོང་སྟོང།

ཁྱེད་ལ་འདྲ་ལེ་ཁྲི་ཁྲི།


ཁྱེད་ལ་འདྲ་ལེ་གྲངས་མེད་ཡོང་བར་ཤོག་

ཉེར་གཅིག་པའི་དུས་རབ་འདི་ལ་ན་གཞོན་ཁྱེད་དང་འདྲ་པོ་ང་ཚོའི་བསོད་ནམས་རང་ཡིན་ལ། ཡང་དགོས་སུ་ཁམས་པའི་བསོད་ནམས་རེད། དགོས་སུ་ཁྱུང་པོའི་བསོད་རེ་རང་རེད། ཁྱེད་དང་འདྲ་པོ་དངོས་གནས་ཉུང་ཉུང་རེད་ལ། ང་ཚོ་ཁྱུང་པོ་སྟེང་ཆེན་ན་གཞོན་དེ་ཚོ་ཡིན་ན་ཉིན་མོ་ཇ་ཁང་དང་མཚན་མོ་ནང་མ་ཁང་དང་། ད་དུང་ཨར་ཁང་དེ་ཚོ་ནང་ལ་ཉིན་མཚན་མེད་པ་མགོ་བོ་འཁོར་འདུག་ནས་ད་དུང་ན་གཞོན་དེ་ཚོས་ཁ་ནས་ང་ཚོ་གསོན་ཚེ་དགའ་ན་དགའ་ལེ་རེད། ནམས་ཤུ་འགྲོ་ཤེས་ལེ་མ་རེད་གྲོགས་པོ་ང་ཚོ་ད་ལྟ་དགའ་དགའ་གཏོང་དགོས་ལེ་རེད་ཨ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཁ་ནས་ད་དུང་དེ་འདྲ་རང་ཤོད་ནས་སྡད་ཡོད་རེད། དེ་དངོས་གནས་དུད་འགྲ་ོདང་ཁྱེད་མི་འདུག་གམ། དེ་འདྲ་མཐོང་ཡོང་དུས་དངོས་ནས་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ལས་མི་ཐོབ་ན་དགའ་མི་སྙོམ། ང་ཚོ་ལ་མི་རིག་གཞན་ལ་མ་འདྲ་པའི་བོད་སྐད་ཡིག་འདི་ཡོད་བའི་ཚེ་འདི་ལ་གཅེས་སྤྲས་མ་བྱས་ན་ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱིས་སེན་མགོ་ཁྲག་དང་སེན་རྩ་རྣག་བྱས་པའི་དཀའ་ངལ་རྒྱབ་པ་འདི་དོན་མེད་དུ་དབྱུག་ན་ང་ཚོ་དངོས་གནས་ཡིད་ཕམ་པ་རང་རེད་འདུག་གམ། གོང་གི་མཁན་པོ་བསོད་རྒྱས་ཁོང་གི་ [སློབ་མའི་བསླབ་བྱ་] ཞེས་པ་དེ་ ཕོ་རྒོད་ལྷ་གཡག་དར་མའི་འོས་སྦྱོར་གནང་བ་ལ་བཀའ་དྲིན་ཆེ་ཞུ་བའི་མ་ཟད། ད་དུང་ངའི་རེ་བ་ལ་གྲོགས་ཁྱེད་ཀྱི་ང་ཚོའི་ཁྱུང་ཕྲུག་དེ་ཚོ་ལ་མ་འོང་པའི་ལམ་སྟོན་བསླབ་བྱ་ཞིག་ཧི་བོན་ཟིན་བྲིས་ཐོག་སྤེལ་ཡོང་བའི་རེ་བ་ཆེན་པོ་ཡོད་ལགས། དྲེད་མོང་ནས།








གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་དྲེད་མོང་མི་ཅན་ལགས་དུས་ལྟར་ཁོ་བོའི་ཟིན་བྲིས་སུ་ཕེབས་ནས་བསམ་ཚུལ་དང་སྐུལ་མ་བྱེད་པར་དགའ་བསུ་དང་སྣེ་ལེན་གང་ལེགས་བྱས་ཡོད། །
ངས་བསམ་ན་ཁྱེད་ཀྱི་འདི་ལྟར་བསྟོད་བསྔག་བྱེད་དུས་སེམས་ནང་དགའ་པོ་འདུག་ལ་སེམས་ནད་ལྗིད་པོ་ཞིག་འདུག །
རྒྱུ་མཚན་ནི་གུས་པས་དེ་སྔོན་གཞན་གྱི་དམིག་དཔེ་འོས་པའི་ལས་དོན་ཞིག་སྒྲུབ་མ་ཐུབ་པས་ཡིན།
ཁྱེད་ཀྱིས་ཡང་ཧི་བོན་ཟིན་བྲིས་ནང་ཟིན་ཚོམ་ཞིག་བཟུང་ནས་རང་རྩོམ་དང་ལེགས་རྩོམ་འོས་སྦྱོར་བྱས་པར་རེ་བ་ཆེའོ། །
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.