ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ། །
ང་དང་འདྲ་བའི་སློབ་ཆེན་གྱི་མིང་འཛིན་མཁན་འགའི་བསམ་སྤྱོད་ལ་འབྲི་ཁུལ་བྱས།
སྣང་བ་ནམ་མཁའ་ལས་མཐོ་བའི་ན་གཞོན་ཚོ། །
ཁྱོད་དང་པོ་ནས་འདི་ལྟར་ཤ་དར་ཁྲག་དར་ཞིག་ཡིན་ག་ལ་སྲིད་དེ།
ཁྱོད་ཀྱི་རྒྱང་རིང་གི་ཕ་མ་དང་མིང་སྲིང་ཚོའི།
དཀའ་ངལ་བརྒྱ་ཕྲག་གིས་བསགས་པའི་དངུལ་ལོ་དེ་སྤྱོད་ཐེངས་རེར། ཁོ་ཚོས་དགོང་ཕྱི་ཉལ་དང་ཞོགས་སྔ་ལང་གི་ཤ་ཁྲག་ས་རྡོ་ལ་བགོ་བཞིན་ཁྱོད་ཀྱི་མ་འོང་པའི་དོན་ལ་འབད་བཞིན་ཡོད་པ་བསམ་བློ་བཏང་མྱོང་ངམ།
གསར་བུ་ཚོ། ཁྱོད་ཀྱིས་དགོས་པའི་ཡ་རབས་སློབ་བུ་དག་གི་སློབ་སྦྱོང་འབད་བརྩོན་ལ་མིག་དཔེའམ་འགྲན་བསྡུར་མེད་པར།མ་རབས་སློབ་ངན་འགའི་ཆང་རག་འཐུང་ས་ཆེ་ཆུང་། ཤོ་བག་རྒྱན་འཛུགས། གྱོན་དགོས། དགའ་རོགས་མང་ཉུང་དང་ངོ་གཟུགས་མཛེས་པོ་ཡོད་མེད་འགྲན་བསྡུར་བྱེད་དུས། ཟས་གོས་ངན་ངོམས་ཙམ་གྱིས་ཆོག་ཤེས་ལ་བརྟན་པའི་ཕ་མ་རྒན་རིགས་དག་གི་མགོའི་དབུ་སྐྲ་དུང་ལྟར་དཀར་ཞིང་།
སོ་སུམ་ཅུའི་སོ་གྲལ་འཐོར་ཞིང་། ལུས་པོ་གཞུ་ལྟར་འགུག་པའི་ངང་ཚུལ་དེ་མཐོང་དུས་དྲིན་ཕ་མ་དག་
གི་ལོ་ན་མཐོ་རུ་ཕྱིན་པ་ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ།
གསར་མོ་ཚོ།
ཁྱོད་རང་ཕོ་སར་ཁ་བདེ་ལྕེ་མཁས་དོན་སྟོང་དེ་ཚོའི་མགོ་སྐོར་འོག་ཏུ་ཚུད་ནས་དྲིན་ཕ་མའི་རེ་དོན་དེ་སྣང་མེད་
དུ་བཞག་ནས་ཁོ་ཚོའི་རྗེས་སུ་འགྲེང་སྟེ་ཁོག་ཏུ་རྗིད་ཏིག་ཏིག་གི་འབྲས་བུ་ཞིག་ཐོན་དུས། སྔར་ཁྱོད་ཀྱི་ཕ་མ་
ལས་ལྷག་པའི་མི་དེས་མ་གོ་མ་རིག་གི་ཚུལ་དུ་བཞག་ནས་ཁྱོད་དང་བྲལ་ཞིང་སེམས་ནང་མི་ཤོང་བའི་སྡུག་བསྔལ་
དང་ཁོག་ཏུ་ཡོད་པའི་རྗིད་ཏིག་ཏིག་གི་འབྲས་བུ་དེ་ཁྱེར་ན་རང་ཡུལ་དུ་ལོག་དུས། ཁྱོས་ཕ་མའི་རེ་བ་སྟོང་ཟད་གྱུར་དུ་བཅུག་པ་ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ། །
མདོར་ན་ང་དང་ང་འདྲ་བའི་སློབ་ཆེན་གྱི་མིང་ཁུར་མཁན་སློབ་བུ་ཐ་ཤལ་འགའ་དང་ཕོ་སར་
མོ་སར་དག་གིས་བསམ་བློ་དྲུག་གསུམ་བཅོ་བརྒྱད་དང་། བློ་རྩེ་ཉི་ཤུ་རྩ་ལྔར་བསྐོར་ཏེ་རང་རང་གང་ལ་འབད་བཞིན་ཡང་དག་གི་བྱ་བ་དག་ལ་བརྩོན་ནས།
ད་ལྟ་དྲིན་ཕ་མ་ཟུང་འཛོམས་ཡིན་དུས་ཁོང་གཉིས་པོའི་རེ་བའི་འདུན་མ་གང་འགྲུབ་ཏུ་བྱས་ན་བདེ་སྐྱིད་
ཀྱི་དགོད་སྒྲའི་ཁྲོད་ན་མཐའ་འཁྱོངས་བྱུང་ན་ཚེ་འདིར་དོན་སྙིང་ལྡན་པ་བྱུང་བ་ང་དང་ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ། །
གསལ་བཤད། འདིར་ཡ་རབས་སྤྱོད་བཟང་གི་ལས་ལས་འབད་བཞིན་པའི་མི་བུ་ཟེར་གྱི་མེད།