ཞུ་ཕྲིན་དགའ་བའི་སེམས་གཏམ། །
ཤེས་གྲོགས་རྟོགས་སད་ལྷ་མོ་ལ་ཕུལ། །
ཚེ་སྔོན་གྱི་ལས་དབང་ཞིག་གིས། །
རྒྱུས་མེད་ཀྱི་ཁྱེད་དང་ང་གཉིས། །
གདོང་དམར་བའི་གནས་མཆོག་ལྷ་སར། །
མ་གྲོས་ཀྱང་མཉམ་དུ་འཛོམས་སོང་། །
དམིགས་ཡུལ་དང་ཕུགས་མདུན་གཅིག་པས། །
རང་ལུགས་ཀྱི་གསོ་བ་རིག་པར ། །
ཤེས་བྱའི་བདུད་རྩི་དེ་མཉམ་རོལ་བྱས་ཐལ། །
བརྗེད་དཀའ་བའི་ཤེས་གྲོགས་ཤིག་གྱུར་སོང་། །
རང་རྒྱུད་ནི་ཞི་ཞིང་དུལ་བའི། །
སེམས་པ་དེ་གངས་ལྗོངས་འདིར་དཀར་ཞིང་། །
ཕ་སྐད་མ་ཡིག་ལ་དུངས་བ་ཟབ་པའི། །
ཤེས་གྲོགས་མའི་གཤིས་རྒྱུད་དེ་བཟང་པོ། །
ཚུར་སྨྲས་དེ་གོ་རྒྱུ་མང་བ། །
ཕར་བཤད་དེ་བསམ་གཞིགས་ཤེས་མཁན། །
བསམ་བློ་ཡི་ལམ་ཕྱོགས་བརྟན་པ། །
ཤེས་གྲོགས་མའི་རང་ཚུགས་བརྟན་པ། །
དབྱར་དགུན་གྱི་དབྱེ་བ་མེད་པར། །
བོད་ལཱ་ཞིག་འབྲལ་མེད་གྱོན་ནས། །
རིག་གནས་ལ་འབད་བརྩོན་བགྱིས་ཏེ། །
བོད་མོ་ཚོའི་དམིགས་དཔེ་འོས་སོ། །
དུས་བཟང་གི་ཉིན་མོ་ཞིག་ལ། །
ཁ་པར་དེ་སིང་སིང་གྲགས་བྱུང་། །
ལོ་མང་གི་གྲུབ་འབྲས་ཐོན་འདུག །
ཤེས་གྲོགས་མའི་གཏམ་བཟང་འདི་ཡག་བྱུང་། །
རང་ཉིད་ལ་ཤེས་འཇོན་ལྡན་ཚེ། །
ལས་གཞུགས་ལ་དཀའ་ངལ་གང་ཡོད། །
ཕ་མ་སོགས་རེ་བའི་འདུན་མ། །
ལས་གནས་ཞིག་རྙེད་ན་ལེགས་སྙམ། །
ལས་ཞུགས་ཀྱི་ཡིག་ཚད་ནང་ལ། །
གཡུར་ཟའི་གྲུབ་འབྲས་འདི་ཐོབ་པར། །
དགའ་སྤྲོ་ཚད་མེད་དུ་བརྟས་ཤིང་། །
སེམས་ནང་གང་འདྲན་འདི་ཤོར་ཐལ། །
ཆེད་ལས་འདི་གཙོ་བོར་འཛིན་ནས། །
རྩོམ་འབྲིས་ལ་མ་མཐུད་ཞུགས་ནས། །
རང་རིགས་ལ་ཕན་པ་ཡོད་པའི། །
སྐྱེ་མ་ཞིག་ཡོང་བའི་རེ་སྒུག །
མ་འོངས་པའི་ལོ་ཟླའི་ནང་ལ། །
ནང་མི་རྣམས་ན་ནད་མེད་ཞིང་། །
བུ་ཕྲུག་དག་ཤེས་རིག་འཕེལ་བའི། །
བཀྲ་ཤིས་ཀྱི་ཁ་གཡང་འབོད་དོ། །