བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གྲུབ་མཐའི་ཕྱོགས་ཞེན་ནི་བོད་རྒྱལ་འཇིག་པའི་རྨང་རྡོ་རུ་གྱུར།
[ 2011/5/22 10:34:00 | By: བོན་ནག་ཚང་། ]
 

གྲུབ་མཐའི་ཕྱོགས་ཞེན་ནི་བོད་རྒྱལ་འཇིག་པའི་རྨང་རྡོ་རུ་གྱུར། 

ཕྱོགས་ཞེན་ལས་འཕྲོས་པའི་སེམས་ཀྱི་གསུང་གླེང་ཁག་དང་པོ། 

                                      སྔོན་དུ་གླེང་བའི་གཏམ། 

ང་ཚོ་བོད་པ་ནི་ས་མཐོ་ཡུལ་གཙང་གི་འཇིག་རྟེན་ནས་འཚར་ལོངས་བྱུང་བ་ནས་བཟུང་དགེ་སེམས་ཆེ་ཞིང་བརྩེ་སེམས་རབ་ཏུ་དཀར་བའི་མི་རིགས་ཤིག་ཡིན་ལ།  རང་ཉིད་ཀྱི་དཔྱོད་ཤེས་ལ་བརྟེན་ནས་འཚོ་བ་དང་ཤེས་རིག་གི་འོད་སྟོང་ཡང་རང་ཉིད་ཀྱི་འཚོ་གནས་བྱེད་སའི་ཡུལ་ཀུན་ཏུ་ཁྱབ། 

འདི་ལྟ་བུའི་ལོ་ཟླའི་ཁྲོད་ནས་བོད་རང་ཉིད་ལ་མེད་དུ་མི་རུང་བའི་བོད་འབངས་དང་བོད་རྒྱལ་གྱི་བྱུང་རབས་སྟོབས་དང་ལྡན་ཞིག་མཆིས་པ་ནི།  ང་ཚོ་བོད་ལ་མཐུན་སྒྲིལ་དང་ཕུགས་བསམ་གྱི་ཟིལ་ཤུགས་མངའ་བའི་དད་རྟགས་རེད།  ཡིན་ཡང༌།  ཡིད་སྐྱོ་བ་ཞིག་ལ་སྟོབས་ལྡན་གྱི་བོད་རྒྱལ་དང་བོད་འབངས་དེ་རླུང་ནང་གི་བྱེ་རི་བཞིན་གར་སོང་ཆ་མེད་དུ་གྱུར་བ་གང་ལན་ཞེ་ན།  གྲུང་མཐའི་ཕྱོགས་ཞེན་ལན་པ་སྨོས་མ་དགོས་པ་ཞིག་རེད། 

དངོས་གཞི།

ང་ཚོའི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་རིང་ལ་བོན་ལུགས་དར་ཞིང་བོན་རྫོགས་སོགས་ཉམས་སུ་བླངས་པས་ཕུང་པོ་ལྷག་མེད་དུ་གྲོལ་པ་ལོ་རྒྱུས་ཡིག་ཚང་སོགས་ལས་གསལ་ཞིང་བར་གྱི་ལྡིང་གཉིས་སྐབས་རྒྱལ་བློན་བར་གྱི་ཡ་ང་བའི་དམར་གསོད་ཐེངས་དང་པོ་བྱུང༌། 

དེ་ནི་ཆོས་སྲིད་བར་གྱི་འགལ་བ་དང་པོ་བྱུང་བ་ཡིན་པ་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་མཛད་པའི་ཆོས་སྲིད་ཟུང་འབྲེལ་དང་འདྲེས་མའི་འགལ་འབྲེལ་ཕན་གནོད་ཇི་ལྟ་བུར་བྱུང་ཚུལ་གྱི་ལོ་རྒྱུས་རགས་ཙམ་དཔྱད་པ་ལས་དེ་ནས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ཉེར་བརྒྱད་ཐོག་བོན་སྣུབ་པར་བརྩམས་པ་དེ་ཆོས་སྲིད་བར་འགལ་བ་བྱུང་བ་དང་པོ་ཞེས་བཞེད་དོ། 

བྱུང་རྐྱེན་གཙོ་བོ་ནི་ལྷ་མི་མཐུ་བོ་ཆེ་རྣམས་ཀྱིས་རྒྱལ་པོའི་སེམས་དཀྲུགས་པ་མ་ཡིན་ལ།  རྒྱལ་བོའི་ཁོག་ལ་གནོད་འཚེ་ཡི་ངོ་བོ་ཅན་གྱི་གདོན་ཞུགས་པ་མ་ཡིན།  རྒྱལ་བོའི་སྙན་ལ་ཕྲ་མ་སོང་བ་མང་དྲགས་པའི་རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་གནས་པའི་ཞོ་དཀར་གྱི་མཚོ་མོ་གཏིང་ནས་དཀྲུགས་སོང༌། 

ཕྲ་མ་ཇི་ལྟར་སོང་ཞེ་ན་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས་རྒྱ་གར་གྱི་བན་དེ་རཏྞ་སིདྡྷ་བྱ་བ་ན་རེ།  གཡུང་དྲུང་གི་བོན་འདི་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་མི་འོང༌།  གཙང་རིགས་ཀྱི་ལྷ་ནི་ཡ་ང་ལ་རུ་འཐུར་བས་བློ་བུར་ཡེ་འདྲོག་བྱེད།  གཤེན་པོ་རྣམས་ནི་དབུ་མཐོ་ལ་དྲེགས་པ་ཆེ།  ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་གདའ་སྟེ།  སྲས་དབོན་རྣམས་ཀྱི་སྐུ་རིང་ལ།  རྒྱལ་སྲིད་བོན་གྱིས་ཁྱེར་བར་མཆིས་ཟེར་རོ་ཞེས་པའི་ཚིག(འདི་དང་འདི་འདྲ་མང་པོ་ཞིག་ཡོད)གིས་རྒྱལ་སེམས་དཀྲུགས་ཤིང་རྒྱལ་འབངས་བར་གྱི་ཕྲ་མ་དང་པོ་གྱུར། 

ཚིག་འདི་རྣམས་ཀྱི་རྒྱབ་ལྗོངས་ན་བསྐུང་ཡོད་པ་ནི་གཉེན་པོ་གསང་བ(རྒྱ་གར་གྱི་ཐུབ་བསྟན་རིག་གནས)དང་འདྲེན་བྱེད་འདོད་ཀྱི་འདུ་ཤེས་རེད།  ངས་འདི་ལྟར་ཟེར་དོན་ཡང་བསྒྲགས་པ་རིན་ཆེན་གླིང་གྲགས་ལས་རྒྱལ་གཤེན་བར་དུ་མང་ཁ་ཟེ་མཆུའི་ཕྲ་མ་བྱུང་སྟེ།  ཀྱཻ་རྗེ་བཙན་ཨ་ལགས།  གཡུང་དྲུང་གི་བོན་འདི་ཟབ་ལ་གཏིང་རིང༌།  ཁ་འཛིན་གྱི་བོན་གཤེན་ཤགས་རྣོ།  དཔེར་ན་ནམ་མཁའ་ལ་ཉི་མ་གཉིས་ཤར་ན།  འཇིག་རྟེན་འཚིག་ཉེན།  རྒྱལ་གཉིས་ཀྱི་བསྟན་པ་གཅིག་ལ་མི་འཆི།  བོན་པོའི་བསྟན་པ་འཁྱེར་པའི་རྟགས་སུ་རྗེའི་དབུ་ཐོད་བོན་པོས་བཅིངས།  དར་གྱི་འཇོལ་གོས་དང་འཇོལ་བེར་ཡང་བོན་པོས་ཁྱེར།  གཅན་གཟན་སྤུ་སྡུག་གི་སློགས་པ་ལ་སྟག་གཟིག་གུང་གསུ་མ་གྱི་སླག་སེང་གེ་དཀར་མོའི་གཞུང་འབབ་བཏང་བ་རྣམས་ཀྱང་བོན་པོས་ཁྱེར།  ཁྲི་དང་གདན་དང་མ་ཐ་ཤེལ་གྱི་འགྱིང་དཀར་ཡན་ཆད་ཁྱེར།  ཐ་མ་སྐུ་ལ་བསྡོ་ཞིང་བཀྲོངས་ནས།  སྲས་དབོན་མཐའ་རུ་སྤྱུགས།  རྒྱལ་ས་བོན་པོས་ཁྱེར་ངེས་པ་འདུག  དེ་ལྟར་གྱི་ཕྲ་མ་མང་པོ་སྙན་དུ་ཞུགས་པས།  རྒྱལ་པོའི་ཐུགས་འཁྲུགས།  བདེན་སྙམ་པ་བྱུང༌།  ཞེས་བཞེད་པ་དང་རྒྱལ་གཉིས་ཀྱི་བསྟན་པ་གཅིག་ལ་མི་འཆི་བའི་གནས་ལུགས་ཀྱི་གོ་རྟོགས་ཀྱི་སྒོ་འཕར་ཡངས་པོ་ཕྱེ་སོང༌། 

འདིའི་སྐབས་སུ་རྒྱ་གར་ཕྱོགས་སུ་འབྲེལ་བ་དམ་ཟབ་ཡོད་པ་རྒྱ་གར་རཏྞ་སིདྡྷའི་མཚོན་ནུས་ལ་ཁོས་རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་གནས་པ་ཕུང་དཀྲུགས་བྱེད་འདོད་ཡོད་ལ་དཀྲུགས་བྱེད་དེ་ཐུབ་བསྟན་རིག་གནས་ཡིན་པ་སྨྲས་མ་དགོས་པ་ཞིག་ཡིན་པས་ལས་དབང་ཞིག་གིས་བསམ་དོན་འགྲུབ་མ་སོང༌།  རྒྱལ་པོ་འབངས་ལོ་ངམ་གྱིས་བསད་པ་དང་རྗེས་སུ་སྤུ་ལྡེ་གུང་རྒྱལ་གྱིས་བོན་བསྟན་སྤེལ་བས་གཉན་པོ་གསང་བ་རེ་ཞིག་མི་ལུས་ཐབས་མེད་བྱུང༌།  འདི་ནས་བོད་མི་མགོ་རྨོངས་དང༌།  ལམ་ནོར།  ནོར་འཁྲུལ།  དབྱེན་རྒྱུགས།  རང་ཚུགས་ཤོར་བའི་བྱ་སྤྱོད་དང་པོ་བྱུང༌། 

ཐུབ་བསྟན་རིག་གནས་དར་འགོ་ཚུགས་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐབས་ཡིན་ལ་འབྲོང་བུ་ཚེ་རིང་རྡོ་རྗེས་དེའི་གོང་དུ་ཡོད་འི་བསམ་ཚུལ་བརྗོད་ཡོད།  ཚུལ་ཇི་ལྟར་ན།  ཁོས་བརྩམས་པའི་རྩོད་བཟློག་ཐེམ་སྤུངས་མ་ལས་ལོ་དུས་སུ་བཀའ་བཏགས་ཕྱག་རྒྱ་བཞི་ཡང་བྱོན་ཞེས་གསུངས་པ་དེས་མཚོན་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དེ་ཡང་བོད་དུ་དར་ཡོད་ཚུལ་དེ་ཡིན་པ་དང༌།  གལ་སྲིད་དེ་ལྟ་ཡིན་ན་ནི་སངས་རྒྱས་ཆོས་ལུགས་དེ་བོད་དུ་དར་བའི་དུས་ཚུགས་དངོས་ནི་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་མིན་པར་དེ་ལས་ཀྱང་སྔ་བའི་དུས་རབས་ཤིག་གི་ནང་དར་བ་འདྲ་སྟེ།  ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ནི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་སྙིང་པོ་ཡིན་པ་དང༌།  བསམ་བློ་དེ་ཉིད་དར་བ་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤེས་བྱའི་སྐོར་གྱི་རྨང་གཞི་ལེགས་པོ་མཁོ་བ་དང་རྨང་གཞི་དེ་ཉིད་འདིང་བ་ལ་དུས་ཚོད་རྒྱུན་རིང་བོ་ཞིག་ལ་མཁོ་བས་རེད་ཅེས་བཞེད་འདུག

རྒྱུ་མཚན་གཙོ་བོ་བཀའ་བཏགས་ཕྱག་རྒྱ་བཞི་ཡོད་པ་དེ་ཡིན།  བཀའ་བཏགས་ཕྱག་རྒྱ་བཞི་ཡོད་པ་ཙམ་གྱིས་ཐུབ་བསྟན་དར་བ་ཇི་ལྟར་འགྲུབ།  གཉའ་ཁྲིའི་ཡར་སྔོན་ནས་བོན་གྱི་སྟོན་པ་གཤེན་རབ་བོད་དུ་བྱོན་ནས་བོན་གྱི་མདོ་བཞི་དང་འབྲེལ་བའི་རྒྱུའི་བོན་བཞི་སྤེལ་ཞིང་གཉའ་ཁྲིའི་དུས་སུ་བོན་གཤེན་སྣང་བ་མདོག་ཅན་གྱིས་བོན་མདོ་སྔགས་རྫོགས་གསུམ་སྤེལ་ཞིང་བཀའ་བཏགས་ཕྱག་རྒྱ་བཞི་དང་མ་འབྲེལ་བའི་བོན་གཞུང་ཞིག་གང་ན་མཆིས། 

སྐུ་ཉིད་ཀྱི་འདོད་པ་ཡིན་ན་བོན་མདོ་སྔགས་རྫོགས་གསུམ་ཡང་ཐུབ་པའི་ནང་བསྟན་ཡིན་དགོས་པར་འདོད་ལ་རྒྱུ་མཚན་བཀའ་བཏགས་ཕྱག་རྒྱ་བཞི་དང་ལྡན་པའི་ཐུབ་བསྟན་རིག་གནས་ཀྱི་ཡང་རྩེར་གྲུབ་ཡོད་པ་དཔྱོད་ལྡན་སུས་དཔྱད་ཀྱང་མངོན་སུམ་དུ་གྲུབ་འདུག 

གང་ལྟར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་ཡར་སྔོན་དུ་ཐུབ་བསྟན་ནང་འདྲེན་བྱེད་པའི་ལྟ་བོན་དུ་ཞུགས་ཀྱང་སྤེལ་མ་ཐུབ་པ་ནི་དཔྱད་གཞིའི་ཡིག་ཆ་ལས་གྲུབ་པ་དང༌།  ཐུབ་བསྟན་སྤེལ་འདོད་ཀྱི་བསམ་པ་དེས་རྒྱལ་བློན་དང་རྒྱལ་འབངས་བར་དུ་འཐབ་རྩོད་དྲག་པོ་ཞིག་བྱུང་དུ་བཅུག་པ་དེ་ང་ཚོའི་གོད་ཆག་དང་པོ་རེད། 

མཇུག་གཏམ། 

  ང་ཚོ་ཕུང་སོང་བ་དེ་མངོན་སུམ་རེད།  ཕུང་བྱེད་དེ་གང་རེད་ཅེ་ན་གྲུབ་མཐའི་ཕྱོགས་ཞེན་ཡིན་པ་བློ་ཞིབ་མོས་བསམ་གཞིག་ལེགས་པོ་ཞིག་བཏངས་ན་ཤེས་ཐུབ་ལ་འདི་དང་འབྲེལ་ནས་བསྟན་པ་དེ་གང་ཡིན་ཡང་ཡག་པོ་ཞིག་སྐྱོང་མ་ཐུབ་ན་གནོད་འཚེ་ཡི་ངོ་བོ་ཅན་དུ་འགྱུར་བ་ཡང་གདོད་མི་ཟའོ 

         ༢༠༠༨..༡༠མཚན་གཞུང་དུ་བྲིས་སོ 

 
 
Re:གྲུབ་མཐའི་ཕྱོགས་ཞེན་ནི་བོད་རྒྱལ་འཇིག་པའི་རྨང་རྡོ་རུ་གྱུར།
[ 2011/8/8 11:41:21 | By: སྐུ་མགྲོན་M6It48(སྐུ་མགྲོན) ]
 
སྐུ་མགྲོན་M6It48(སྐུ་མགྲོན)དངོས་ནས་དོན་གྱིས་ཕྱུག་པ་ཞིག་བྲིས་འདུག དགེ་བཤེས་ཚང་གི་མུ་མཐུད་ནས་འདི་དང་འདི་འདྲའི་མི་རིགས་ཤིག་གི་བདེ་སྡུག་སྤྱི་ལ་བསམ་གཞིགས་གནང་ནས་རྩོམ་ལྷུག་པོར་བཀོད་པར་དགའ་བའི་ཐལ་མོ་བར་མེད་དུ་གདབ་བཞིན་ཡོད།
 
 
Re:གྲུབ་མཐའི་ཕྱོགས་ཞེན་ནི་བོད་རྒྱལ་འཇིག་པའི་རྨང་རྡོ་རུ་གྱུར།
[ 2011/5/22 16:35:15 | By: སྐུ་མགྲོན་ptk7NA(སྐུ་མགྲོན) ]
 
སྐུ་མགྲོན་ptk7NA(སྐུ་མགྲོན)ལོ་རྒྱུས་འཆད་དུས་འགོ་ནས་མར་བཤད་དགོས་པ་མ་གཏོགས་མཇུག་ནས་ཡར་རྒྱས་སྤྲོས་བྱེད་དེ་འཆད་ཐབས་མེད་པ་ཞིག་ཡིན་པར་སོང་། རྩ་བའི་གནད་དོན་ཏེ་གྲུབ་མཐའི་ཕྱོགས་ཞེན་དེ་ཉིད་ཇི་ལྟར་ཆགས་ཚུལ་སྐོར་གྱི་ངོ་སྤྲོད་ལོ་རྒྱུས་དང་འབྲེལ་བ་ཞིག་གནང་འདུག་ག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.