བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2012/12/15 21:34:00 | By: བོན་ནག་ཚང་། ]
 

 

 

 

 

 

བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།

 

 

སྟོན་པ་གཤེན་རབ་ཐར་བའི་འདྲེན་པ་མཆོག།

ཤྰཀྱ་མུ་ནེ་རྩེ་གཅིག་དད་པའི་ཡུལ།།

རང་སེམས་དག་ན་ཀུན་ཀྱང་དཀོན་པའི་མཆོག།

འདི་བཞིན་སྣང་ན་བསྟན་འཛིན་སྐྱེས་བུ་ལགས།།

 

སེམས་འདི་དང་པོ་མ་རིག་གདོན་གྱིས་བཟུང་།།

བར་དུ་གྲུབ་མཐའི་ཕྱོགས་ཞེན་ཕྱི་རུ་མངོན།།

མཐའ་མར་གཞན་བསྟན་གཏོར་ཞིང་རང་རྒྱུད་ཚིག།

འདི་ནི་ཆོས་པ་འགའ་ཡི་གཟུགས་བརྙན་ལགས།།

 

ཐུབ་པའི་བསྟན་ལ་མཁན་སློབ་ཆོས་གསུམ་དད།།

དད་པའི་རྐྱེན་གྱིས་གྱེར་སྒོ་ཀུན་ཀྱང་བརླགས།།

བརླགས་པའི་ཤུལ་དུ་སེམས་ཅན་ལས་སྨོན་དབང་།།

དབང་གིས་བོན་བསྟན་ཉི་གཞོན་སླར་ཡང་བཞད།།

 

བརྡོལ་འཁྱར་བསྒྱུར་གསུམ་བོན་གྱི་གཞུང་ན་མེད།།

སྐྱོབ་པ་མགོན་པོས་རྫུན་གྱི་ཕུང་པོ་བརྩེགས།།

གཞི་ལམ་འབྲས་བུའི་ཐེག་སྒོ་ཀུན་ཀྱང་ཕྱེ།།

དབུ་སེམས་སྔགས་རྫོགས་གཤེན་བསྟན་ཁོ་ན་ལགས།།

 

འགྲོ་མགོན་འཕགས་པའི་སློབ་མ་གྲྭ་ཆེན་བཞིས།།

མདོ་སྨད་ཕྱོགས་ཀྱི་བོན་བསྟན་སྟབས་གཅིག་བརླགས།།

ཞིབ་ཏུ་བསམ་ན་ཆགས་སྡང་མེ་ལྕེ་འདི།།

འདོད་རྔམ་ཧམ་སེམས་ཁྲོད་ནས་འབར་མིན་ནམ།།

 

ཆོས་རྗེ་དོན་གྲུབ་ཉིད་ཀྱི་མཐུ་སྔགས་ལས།།

བོན་གྱོང་བྱ་བའི་མིང་གི་རྡོ་རིང་བཙུགས།།

བྲག་དམར་བྱ་ཁྱུང་ཡངས་པའི་ཐེམ་ཀ་ནས།།

གཤེན་གྱི་བསྟན་པ་མིང་གི་ལྷག་མར་གནས།།

 

གཤེན་རབ་སྟོན་པ་ལོའུ་ཀྱུན་ཡིན་ཞེས་གསུངས།།

ཀོང་ཙེ་འཕྲུལ་རྒྱལ་ཁུང་ཕུ་ཙི་རུ་བཞེད།།

ལྕང་སྐྱའི་སྒྲོ་འདོགས་ཚིག་གི་མདའ་མོ་དེས།།

དྲང་པོའི་ལོ་རྒྱུས་མ་རྨས་གསོན་པོར་གྲུབ།།

 

བོན་གྱི་གནས་ཆེན་གཡུང་དྲུང་ལྷ་སྡིངས་མཆོག།

གྱེར་སྒོ་འཛོམ་པའི་ཉི་ཟླ་ཆ་གཅིག་ལགས།།

རོལ་བའི་རྡོ་རྗེ་ཉིད་ཀྱི་ཟློས་གར་གྱིས།།

གསལ་བའི་སྣང་བ་ནུབ་རིའི་ཕག་ཏུ་བརྫངས།།

 

ཀོང་ཙེས་བཞེངས་པའི་གཤེན་རབ་སྐུ་བརྙན་ཞིག།

རྨ་ཆུའི་འགྲམ་ན་གཟི་བྱིན་འོད་དུ་འཚེར།།

ཀུན་དགའ་རྣམ་སྲས་མཆོག་གི་སྒྱུ་འཕྲུལ་ལས།།

གཙུག་ཏོར་བཀབ་ནས་བྱམས་སྐུའི་རྣམ་པར་བསྒྱུར།།

 

བརྗོད་ན་ཐུབ་པའི་གཞུང་ན་མང་ཡོད་གསུངས་།།

ཐོས་པ་དཔྱད་ན་ཐེག་ཆེན་བཀའ་མེད་ཟེར།།

ཀླུ་སྒྲུབ་བདུད་ཀྱི་སྤྲུལ་བ་མ་ཡིན་ལ།།

ཐེག་ཆེན་བཀའ་འབུམ་ཀླུ་ཡི་ཡུལ་ནས་དྲངས།།

 

མོ་རྩིས་གཏོ་གསུམ་ངན་པར་སྨོད་ཀྱང་རུང་།།

གཡང་ལེན་གཡང་འགུགས་བཟང་པོར་བགྲང་ཡང་ཆོག།

འདི་ནི་གཤེན་རབ་སྟོན་པའི་གཞུང་ལགས་ཀྱང་།།

ཐུབ་པའི་གཞུང་དང་གཞུང་གཞན་བཟུང་བར་གྲགས།།

 

པད་འབྱུང་ཤྰཀ་ཐུབ་བསྣོལ་བའི་གདན་སྟེང་ན།།

ཁྲོ་བོའི་རྒྱལ་བོ་སྟག་ལ་མེ་འབར་བཞེངས།།

ཞེས་པའི་ཚིག་དང་བསྐུར་འདེབས་འཆལ་གཏམ་འགའ།།

མི་སེམས་ཚལ་བར་གཤེགས་པའི་མཚོན་ཆ་ཉིད།།

 

བོན་པོ་ལྟ་བ་གང་ཡང་ལོག་མེད་ཀྱང་།།

ལྟ་ལོག་བོན་པོའི་མགོ་ལ་ཚལ་མདའ་རྒྱོབས།།

ཞེས་སོགས་ཕྱོགས་ཞེན་ཕྱོགས་སུ་ལྷུང་བའི་ཚིག།

ཕྱི་རུ་མངོན་པ་ཐེངས་གཅིག་མ་ཡིན་ནོ།།

 

སྲོང་བཙན་སྔོན་དུ་བོད་ཡུལ་མུན་པའི་གླིང་།།

ཞེས་པའི་གཏམ་འདི་ཀུན་ལ་འུད་པོ་ཆེ།།

གསལ་བྱེད་སུམ་ཅུ་ཐོན་མིས་གསར་གཏོད་མཛད།།

ཅེས་པ་དེ་ཡིས་ཡང་སྙིང་ཅི་ཞིག་མཚོན།།

 

བོན་འདི་བརླགས་ན་བོད་འདི་གཏོར་དང་མཚུངས།།

བོད་ཀྱི་རིག་གནས་ཕྱི་མོ་བོན་ལགས་པས།།

བོད་དང་བོན་གཉིས་ངོ་བོ་གཅིག་ཏུ་གྲུབ།།

བོན་བོད་དབྱེ་འབྱེད་ངལ་བའི་རྒྱུར་ཟད་དོ།།

 

༢༠༡༢, ༨, ༥ ཉིན་བྲིས།

 

༢༠༡༢ ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་ཕྲེང་དགུ་བ་ལས་བཏུས།

 
 
Re:བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2013/2/18 22:15:08 | By: སྐུ་མགྲོན་u05Ctg(སྐུ་མགྲོན) ]
 
སྐུ་མགྲོན་u05Ctg(སྐུ་མགྲོན)写的真不错,继续,加油啊
 
 
Re:བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2013/2/9 23:43:08 | By: 668888k ]
 
668888kབོན་པོ་རྣམས་ཀྱི་བོན་གླེང་བ་ནི་བོད་གླེང་བ་དང་ཁྱད་པར་མེད་དེ། བོན་གྱི་ལོ་རྒྱུད་ཡང་དག་པ་ཡིན་ན་བོད་ཀྱི་ལོ་རྒྱུད་ཀྱང་ཡང་དག་པ་ཡིན་ནོ། གཡུ་བུན་སྤྲུལ་སྐུ་ནས་སྤེལ།
 
 
Re:བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2012/12/25 15:25:27 | By: སྐུ་མགྲོན་r74Yp1(སྐུ་མགྲོན) ]
 
སྐུ་མགྲོན་r74Yp1(སྐུ་མགྲོན)དྲི་བ་ཞིག་ལ། བོན་དང་བོད་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པར་མ་ཟད། བོན་པོ་རྣམས་ནས་དེ་བཞིན་ངོས་འཛིན་གནང་ཀི་ཡོད་དམ། གྲོགས་བླ་མིང་ནས།
 
 
Re:བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2012/12/21 21:24:35 | By: སྐུ་མགྲོན་Imd5GT(སྐུ་མགྲོན) ]
 
སྐུ་མགྲོན་Imd5GT(སྐུ་མགྲོན)གྲོགས་བླ་རུ་དགེ་བཤེས་ཕེབས་པར་དགའ་པོ་འདུག ངས་ཤེས་པ་བོད་ནི་བོན་ལས་བྱུང་བོད་ཀྱི་བླ་སྲོག་བོན་ཡིན་པ་དེ་རེད། ཁྲི་བློ་རྩེ་ནས།
 
 
Re:བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2012/12/21 13:14:33 | By: སྐུ་མགྲོན་K52Riv(སྐུ་མགྲོན) ]
 
སྐུ་མགྲོན་K52Riv(སྐུ་མགྲོན)རྩོམ་ཡིག་འདིས་བདག་ལ་ཟེར་མི་ཤེས་པའི་ཚོར་སྣང་ཞིག་སྟེར་སོང་བས་གྲོགས་དམ་པ་བོན་ནག་ཚང་ལ་ཆེད་དུ་བཀའ་དྲིན་ཞུ་བ་ཡིན། གོང་གི་བླ་མིང་བ་ཞེས་པ་དེས་བདག་གི་མིང་གཡར་བ་མིན་ཀྱང་སྲིད་མོད། སྤྱིར་བཏང་བདག་གིས་ནི་བོད་བཤད་ན་ངེས་པར་དུ་བོན་བཤད་དགོས་པ་དང་། བོན་བཤད་ན་བོད་ཀྱང་བཤད་པ་ཡིན་པར་མ་ཟད། བོད་ཅེས་པའི་ཐ་སྙད་འདི་ནི་བོན་ཞེས་པའི་མིང་འགྱུར་ཞིག་མ་ཡིན་ཐབས་མེད་རེད་བསམ་གི་ཡོ། གྲོགས་བླ་རུ་ཚོ་ཨ་ཀུན་གསར་ཟླ་བ་ནས།
 
 
Re:བོན་གྱི་གོད་ཆག་ལས་འཕྲོས་པའི་བོད་ཀྱི་བརྡབས་གསིགས།
[ 2012/12/19 19:12:43 | By: སྐུ་མགྲོན་pt3Wnb(སྐུ་མགྲོན) ]
 
སྐུ་མགྲོན་pt3Wnb(སྐུ་མགྲོན)བོན་པོ་རྣམས་ནས་བོན་མ་གཏོགས་བོད་སྐོར་གླེང་རྒྱུ་མེད་པ་འདི་བན་གྱིས་བོན་ལ་བཟོས་ཆེ་བས་ཡིན་ནམ་བོན་པོ་རྣམས་མཐོང་རྒྱ་ཆུང་བའི་སྐྱོན་གང་ཡིན་ལན་ཞིག་གནང་དང་། དྲྭ་གྲོགས་བླ་མིང་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.