བོད་ཀྱི་སྙན་ངག་གི་གནད་དོན་ཁྲོད་ཀྱི་རྩ་བའི་
ནོར་འཁྲུལ་ཞིག
ཁྲི་བློ་གྲོས།
དེ་ཡང་ས་མཐོ་ཞིང་ཡུལ་གཙང་བའི་གངས་ཅན་བོད་ཡུལ་གྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་སྙན་ངག་གི་བསྟན་པ་ཧ་ཅང་དར་རྒྱས་ཆེ་བའི་དུས་སྐབས་འདིར། དཔྱད་བརྗོད་པ་མང་པོ་ཞིག་གིས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས། སྙན་ངག་གི་ཐོག་མའི་བྱུང་ཁུངས་དང་། སྙན་ངག་གི་ལེགས་ཉེས་བླང་དོར་གྱི་ཆ་ལ་རང་རང་གི་བསམ་ཚུལ་གསོང་བོར་བརྗོད་དེ། བཟང་པོ་ལ་མཐེ་བོང་སྒྲེང་བ་དང་ཞན་ཆ་དང་ངན་སྐྱོན་ལ་མཛུབ་མོ་ཀེར་བ་འདི། སྤྱིར་ན་སྙན་ངག་དར་བའི་གོ་རིམ་ཁྲོད་ཡོད་སྲིད་པ་ཞིག་དང་ཡོད་འོས་པ་ཞིག་ཡིན་མོད་ཀྱི། ཡིན་ནའང་རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་དང་། རང་ཉིད་གང་ལ་གོམས་ལོབས་སུ་སོང་བ་རྒྱུ་མཚན་དུ་བྱས་ནས། ངེས་དོན་མཁས་དབང་རྣམས་ཀྱིས་མཛད་པའི་ཕུལ་དུ་བྱུང་བའི་སྙན་ངག་གི་གཞུང་ལུགས་སོགས་ལ་མི་བརྟེན་པར་གང་དྲན་དུ་སྨྲ་བའང་མང་ལ། ལྷག་དོན་བོད་ཀྱི་རང་མོས་སྙན་ངག་གི་དར་ཚུལ་ལ་ནོར་འཁྲུལ་ཆེན་པོ་ཞིག་བྱུང་འདུག་པས། ཁོ་བོས་ནི་དཔྱད་བརྗོད་པ་དེ་དག་གི་རྩ་བའི་ནོར་འཁྲུལ་དེ་གླེང་བར་བྱ།
དེང་སྐབས་ཞིབ་འཇུག་སློབ་མ་དང་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ཆེན་མོ་སོགས་སྨྱུག་ཐོགས་པ་མང་པོས་མགྲིན་པ་གཟེངས་སུ་བཏེགས་ནས། དུས་སྐབས་འདིར་བོད་ཡུལ་ན་དར་ཁྱབ་ཆེ་བའི་ཚེག་བར་དོ་མི་མཉམ་པའི་སྙན་ངག་སྟེ་རང་མོས་སྙན་ངག་འདི་དུས་རབས་བཅུ་དགུ་བའི་ནང་ཨ་མེ་རི་ཁེའི་དམངས་གཙོ་རིང་ལུགས་ཀྱི་སྙན་ངག་པ་ཧོས་ཐེ་མེན༼སྤྱི་ལོ༡༨༡༩--༡༨༩༢༽གྱིས་ཆེས་ཐོག་མར་གསར་གཏོད་མཛད་ཅིང་། རང་རྒྱལ་གྱི་རྒྱ་རིགས་ལ་ལྔ་བཞིའི་ལས་འགུལ་གྱི༼༡༩༡༩,༥,༤༽རྗེས་ནས་རིམ་བཞིན་དར་བ་ལགས་ལ། རང་རེའི་བོད་ལ་ཡང་དགུ་རོང་རང་གྲོལ་གྱི་རྩོམ་ཡིག༼ལང་ཚོའི་རྦབ་ཆུ༽ཞེས་པ༼༡༩༨༣༽ལོའི༼སྦྲང་ཆར༽དེབ་གཉིས་པའི་སྟེང་སྤེལ་བ་ནས་བཟུང་གསར་དུ་དར་བ་ཡིན་ཟེར།
ང་ཚོས་ཨ་རིའི་སྙན་ངག་པ་ཧོས་ཐེ་མེན་རླབས་ཆེན་མ་རེད་ཟེར་མི་ཕོད་ལ། དགུ་རོང་རང་གྲོལ་མཁས་པ་མ་རེད་ཅེས་ཀྱང་སྨྲ་མི་སྤོབས། འོན་ཀྱང་འདི་ལྟའི་རྩོམ་རིག་གི་རྣམ་པ་ནི་བོད་རང་ལ་སྔ་མོའི་དུས་ནས་དར་ཡོད་བཞིན་དུ། ང་ཚོས་རང་གི་རིག་གནས་ཀྱི་ཁུངས་དེ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་གཏུགས་དགོས་དོན་ཅི་ལ་ཡོད། འོ་ན་ཁྱེད་ལ་སྙན་ངག་དེ་སྔར་ནས་དར་ཡོད་པའི་ལུང་རིགས་ཀྱི་སྒྲུབ་བྱེད་ཅི་ཡོད་ཟེར་ན་ལོས་ཡོད་དེ།མཁས་དབང་གཉའ་བློ་གྲོས་རྒྱལ་མཚན་མཆོག་གི༼མཚོ་བྱུང་ངག་གི་ཕོ་ཉ་བྱོན་ཚུལ༽ལས༼དེང་སང་ཤུགས་ཆེར་དར་བཞིན་པའི་རྐང་བའི་ཚེག་ཁྱིམ་མི་མཉམ་པའི་འབྲི་ཚུལ་འདི་ལ་ཁ་ཅིག་སྔོན་མེད་རང་མོས་སྙན་ངག་ཟེར་ཏེ། འདིའི་རྣམ་པ་སྔོན་ཆད་བོད་ལ་མེད་ཟེར་ན་མི་བདེན་ཁོ་ཐག་བཅད་ཆོག་ལ།མི་ལ་སྐལ་ལྡན་མགུར་མའི་ནང་གི་རིང་ཐུང་ཅན་དེ་རྣམས་ལ་མི་རིག་ཞྭ་མོ་བསྐོན་ཐབས་ཨེ་ཡོད། ཡོད་ན་ངས་རང་ལ་མིག་འཁྲུལ་བྱུང་བ་ཁས་ལེན༽ཞེས་དང༼རྦབ་ཆུ་ནི་མགུར་གླུའི་མི་མཉམ་པའི་རྐང་བའི༼ཚེག་བར་མི་མཉམ་པ༽རྣམ་པ་དང་འདྲ་བར་བརྩམས་པ་ཡིན་ཞིང་། བོད་ལ་མཚོན་ན་འདི་ནི་གསར་རྐྱང་གི་རྣམ་པ་ཞིག་མ་ཡིན་པར་གནའ་སྔ་མོ་ནས་ཡོད་པ་ཞིག་རེད། ༼རྦབ་ཆུའི༽མཁན་པོས་རྣམ་པ་འདི་ཇེ་གསལ་ལ་བཏང་སྟེ་ལེགས་པར་སྤྱད་པས། ད་ལྟ་རྒྱུགས་ཆེ་བར་བྱུང་བ་འདི་ཡིན༽ཞེས་གསུངས་པ་ཤིན་ཏུ་མད་དེ། ༼ལང་ཚོའི་རྦབ་ཆུ༽ནི་གནའ་བོའི་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཁྲོད་དར་བའི་མགུར་གླུའི་ཚེག་བར་མི་མཉམ་པའི་རྣམ་པ་ལྟར་བརྩམས་པའི་སྙན་ངག་ཅིག་ཡིན་ལ། དེ་ཡང་རྩོམ་པ་པོ་སྐུ་ཞབས་རང་གྲོལ་ལགས་ཀྱིས༼མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས༽སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་པའི་ཉམས་མྱོང་དང་ལག་ལེན་ཁྲོད་བྱུང་བའི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཀྱང་རེད། དེ་མ་ཟད་དགུ་རོང་དོན་གྲུབ་རྒྱལ་རང་ཉིད་གྱི་ཞལ་ནས་ཀྱང༼ད་ལྟའི་རྒྱ་ཡིག་གི་སྙན་ངག་རིང་ཐུང་ཅན་ཡོད་པ་དེ་དག བོད་ཡིག་ཏུ་བསྒྱུར་སྐབས། ཚེག་བར་དོ་མི་མཉམ་པའི་ལུས་དེ་བེད་སྤྱད་ན། མ་ཡིག་གི་རྩོམ་ཉམས་དེ་རྒྱུད་འཛིན་བྱེད་ཐུབ་པ་དང་། བརྗོད་བྱའི་དོན་རྣམས་ཀྱང་མ་ཉམས་པར་སྟོན་ཐུབ་པར་མ་ཟད། རྗོད་བྱེད་ཚིག་རྣམས་ཀྱང་སྙན་པོ་ཡོང་བ་ལ་ཕན་པ་ཆེ་བར་སྙམ། རྩོམ་ཉམས་དེ་ལྟ་བུ་ནི་བོད་རང་དུ་སྔ་མོའི་དུས་ནས་དར་བ་ཡིན་ལ། དམངས་ཁྲོད་ཀྱི་གླུའི་ནང་དུའང་བྱུང་བས། ཚེག་བར་དོ་མི་མཉམ་པའི་ལུས་འདི་ཡང་། ཚེག་བར་དོ་མཉམ་པའི་ལུས་དང་འདྲ་བར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད༽ཅེས་གསུངས་པས། ང་ཚོས་གཡག་སྣ་ཁུ་ཚུར་བཞིན་ཨུ་ཚུགས་ཀྱིས་བླུན་རྟགས་དེ་འདྲ་བསྟན་ནས་ཅི་བྱེད། ཡང་ཁ་ཅིག་གིས༼མགུར་གླུ༽ནི་གླུ་དང་འདྲ་བས། ད་ལྟའི་སྙན་ངག་དང་ཡེ་མི་འདྲ་ཟེར། ང་ཚོས་མགུར་གླུ་སྤྱི་དང་ལྷག་པར་ཚེག་བར་མི་མཉམ་པའི་མགུར་གླུ་ཡོད་ཚད་སྙན་ངག་རེད་ཅེས་ཀྱང་སྨྲ་མི་ཕོད་དེ། དེ་ལ་ཡང་ཚིག་གི་སྡེབ་སྦྱོར་དང་དོན་གྱི་ཟབ་ཚད། དེ་མིན་རྒྱན་གྱི་ཉམས་ལེགས་པརཐོན་ཡོད་མེད་སོགས་ཀྱིས་མགུར་གླུ་ཡིན་ན་མཐའ་གཅིག་ཏུ་སྙན་ངག་ཡིན་པའི་ངེས་པ་མེད་མོད། འོན་ཀྱང་མགུར་གླུ་ཕལ་ཆེར་བ་མཚོན་ན། མི་རིགས་རང་བཞིན་དང་། སྒྱུ་རྩལ་རང་བཞིན། བསམ་བློའི་རང་བཞིན། གསར་གཏོད་རང་བཞིན་བཅས་དང་ལྡན་པའི་བོད་རིགས་ཀྱི་སྙན་ངག་དཔེ་མེད་ཅིག་རེད་ཅེས་བརྗོད་ཆོག་ཆོག་ཡིན་ལ། ལྷག་པར་མགུར་གླུ་བར་དར་དང་ཕྱི་དར་གྱི་སྐབས་སུ་བྱུང་བའི་མགུར་གླུ་ལ་མཚོན་ན་དེ་འདྲ་ཞིག་རེད། དེ་ལ་ཡང་སྐུ་ཞབས་རང་གྲོལ་གྱིས༼ང་ཚོས༼ཏུན་ཧོང་ཡིག་ཚང༽ལས་བྱུང་བའི་མགུར་གླུ་དེ་དག་ལ་ཞིབ་འཇུག་བྱས་ན། གནའ་དུས་ཀྱི་མགུར་གླུ་དེ་དག་ནི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པའི་བོད་ཀྱི་སྙན་ངག་ཅིག་ཡིན་པ་ཤེས་ཐུབ༽ཅེས་གསུངས་པ་ལྟར་ལགས།
ལྷག་པར་དུ་ཚེག་བར་མི་མཉམ་པའི་སྙན་ངག་འདི་ལ་རང་མོས་སྙན་ངག་ཟེར་བ་རྒྱའི༼自由诗༽དང་འདྲ་མཚུངས་སུ་སོང་ཡོད་ནའང་། བོད་རང་ལ་མཚོན་ན་འདི་ལྟ་བུའི་སྙན་ངག་གི་རྩོམ་སྲོལ་ལ་རང་མོས་སྙན་ངག་ཟེར་བ་ནི་དོན་ལ་གནས་པའི་གཏམ་ཞིག་རེད། འདི་ལྟ་བུའི་རྐང་བའི་ཚེག་ཁྱིམ་མི་མཉམ་པའི་སྙན་ངག་འབྲི་ཚུལ་ནི་བོད་ཀྱི་མགུར་གླུའི་རྣམ་པ་དང་འདྲ་ལ། བོད་ཀྱི༼མགུར་གླུ་ལ་ནི་རྩོམ་ཉམས་རང་མོས་ཅན་མང༽བས་འདི་ལྟ་བུ་འབྲི་ཚུལ་ལ་རང་མོས་སྙན་ངག་ཟེར་བར་མི་འཐད་དགོས་དོན་ཅི་ཡང་མེད། དེས་ན་བོད་ཀྱི་མཁས་པ་རྒན་པ་རྣམས་ཀྱིས་འདི་ལྟ་བུའི་སྙན་ངག་ལ༼རྐང་ཆག་མ༽ཞེས་མི་སྨོད་ཅིང་ལོ་ཆུང་གསར་བུ་རྣམས་ཀྱིས་ཀྱང་འདི་ལ༼གསར་དར་སྙན་ངག༽གམ་ཡང་ན༼དེང་རབས་སྙན་ངག༽ཅེས་ཁུངས་མེད་ཀྱི་ཅོལ་གཏམ་མི་སྨྲ་བར་ཞུ། སྙན་ངག་དང་ལྷག་པར་སྲོལ་རྒྱུན་སྙན་ངག་ཡིན་ན་ངེས་པར་དུ་རྒྱ་གར་གྱི་སྙན་ངག་གི་རིག་པའི་གཞུང་ལུགས༼མེ་ལོང་མ༽ལྟར་རྩོམ་དགོས་ཁྱབ་པ་གཏན་ནས་མེད་ལ་འདི་ལྟ་བུའི་རྩོམ་ཉམས༼མེ་ལོང་མའི༽ནང་བསྟན་མི་འདུག་སྙམ་ནས་སྨོད་པར་བྱེད་པའམ་དོར་བར་བྱ་བའི་གནས་ཤིག་ཀྱང་དེ་བས་མ་ཡིན། བོད་ཀྱི་རང་མོས་སྙན་ངག་འབོད་པའི་རྐང་བའི་ཚེག་ཁྱིམ་མི་མཉམ་པའི་སྙན་ངག་འདི་ནི། ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་བཟུང་བོད་ཡུལ་དུ་དར་བའི་སྙན་ངག་ཅིག་ཡིན་པས། དགུ་རོང་བས༼རྣམ་པ་འདི་ཇེ་གསལ་ཇེ་རྒྱས་སུ་བཏང༽བ་མ་གཏོགས། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་སྙན་ངག་ལ་དཔེ་བྱས་ཏེ་གསར་གཏོད་མཛད་པ་ཞིག་གཏད་ནས་མིན། འོན་ཀྱང༼མགུར་གླུ༽ལ་སྙན་ངག་གི་ལུས་སྲོག་རྒྱན་གསུང་ཚང་མིན་དང་། ཚེག་བར་མི་མཉམ་པའི་མགུར་གླུ་བྱུང་ཚུལ། དེ་མིན། སྙན་ངག་དང་མགུར་གླུའི་ཁྱད་འབྲེལ་སོགས་ནི། སྐུ་ཞབས་རང་གྲོལ་ལགས་ཀྱིས་བརྩམས་པའི༼མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས༽ཞེས་པའི་ནང་གསལ་བས་འདིར་རེ་རེ་བཞིན་འགོད་པའི་ངལ་བ་མ་མཆིས་པས་དེར་གཟིགས་ཤིག། །། །།
ཀློག་པ་པོ་རྣམས་ལ་སྙན་ཞུ། འདི་ནི་རྩོམ་པ་པོ་ཁོང་སྐུ་གཤེགས་ཁའི་དཔྱད་རྩོམ་ཞིག་ཡིན་ལ་དཔྱད་རྩོམ་གྱི་མཇུག་ཡོངས་སུ་ད་རུང་གྲུབ་ཚར་མེད་ན་ཡང་ཁོང་གི་འཆར་བཀོད་དག་ཁྲི་འཇམ་ལ་ཆ་ཚང་བར་གསལ་བརྗོད་བྱས་པ་ཁྲི་འཇམ་ལགས་ཀྱི་བདག་ལ་བཤད་པ་ཡིན། དེ་དག་ལ་གཞིག་ན་རིན་ཐང་ལྡན་པ་ཞིག་ཡིན་ན་ཡང་ཡིད་ཕམ་པ་ཞིག་ལ་ཁོང་འདི་ལྟར་ང་ཚོ་དང་གྱེས་སོང་། རྩོམ་ཡིག་འདི་དྲ་བདག་དང་འབྲེལ་བ་དམ་པོ་ཡོད་པས་རྐུ་བཤུ་བྱས་མི་ཆོག རྩོམ་ཡིག་འདི་ནི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽དེ་དང་པོ་ལས་བཤུས། ཁྲི་བློ་རྩེ་ནས།