བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/3/31 21:51:00 | By: བོན་ནག་ཚང་། ]
 

 

ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།

 

 

བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་ང་ཚོ་ལ་ཡང་དག་པའི་བོན་གཞུང་གཙང་མ་ཞིག་བགོ་སྐལ་དུ་བསྩལ་ཞིང་རྗེས་འཇུག་གི་མཁས་གྲུབ་ཁ་ཤས་ཤིག་གིས་བོན་གཞུང་གཙང་མ་དེའི་ངོ་བོ་གོང་འཕེལ་དུ་བཏང་ནས་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་བ་རེད།བོན་གཞུང་གཙང་མ་དེའི་ཡང་སྙིང་ལས་བརྡོལ་བའི་གཞི་ལམ་འབྲས་གསུམ་གྱི་ངོ་བོ་རང་གསལ་དུ་མངའ་བའི་བོན་ཞྭའམ་ཞྭ་དཀར་གྱི་རིགས་ལ་ང་ཚོས་ཡིད་ཆེས་དང་གོང་བཀུར་བྱེད་ཐུབ། རྒྱུ་མཚན་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་ཞྭ་བཤད་པི་ཝང་དྲུག་འགྱུར་ལས།། བླ་ཆེན་དྲན་པ་ནམ་མཁའ་ངས།། མ་འོངས་སྒྲུབ་པ་དང་སྤྲོ་བ།། གྲུབ་མཐའ་འཆོལ་དུ་མི་སྤྱོད་ཕྱིར།། བོན་གྱི་ཞྭ་དཀར་བཤད་པ་ལ།། ལེགས་བཤད་པི་ཝང་དྲུག་འགྱུར་ཞེས།། ཞྭ་ཞེས་བྱ་བའི་མཚན་ཉིད་ནི།། ཞྭ་འདི་གྱོན་པའི་སྒྲུབ་གཤེན་ལ།། ཞི་ཁྲོ་རིག་འཛིན་མཁའ་འགྲོ་དང་།། གཡུང་དྲུང་བོན་གྱི་ལྷ་ཚོགས་རྣམས།། ལུས་དང་གྲིབ་བཞིན་འཁོར་ནས་ཀྱང་།། བདུད་སྲིན་བག་ལ་ཞ་བའི་ཞྭ།། ཞྭ་མོ་འདི་ཡི་གཟི་བརྗིད་ཀྱིས།། གཡུང་དྲུང་བོན་ལ་ལོག་པ་དང་།། གྲུབ་མཐའ་གཞན་ཚོ་ཟིལ་གྱིས་གནོན།། ཞྭ་འདི་ལས་ལེགས་པའི་ཞྭ་ནི་མེད།། ཅེས་གསུང་ལ་ལྟོས་ན་བོན་ཞྭའམ་ཞྭ་དཀར་ལས་གཞན་པའི་ལེགས་པའི་ཞྭ་ཞིག་མ་མཆིས་པར་བཞད་ན་ཡང་། ཧོར་བ་དྲུང་རམས་པ་ལགས་ཀྱིས་རྩེ་ཞྭའམ་རྔོག་ཞྭ་འདི་བོན་གཞུང་དང་མཐུན་པའི་བརྡ་ཚིག་འདི་ལྟར་བཀོད་ཡོད།

རྩེ་ཞྭ༽བོན་ཀུན་འབྱུང་གནས་བོན་ཉིད་ཡེ་སྟོང་བོན་སྐུའི་བརྡ་རུ་རྩེ་ཞྭའི་ནང་ཤ་མཐིང་མདངས་ཏིང་ངེ་བརྡལ། བསྐལ་བཟང་སངས་རྒྱས་སྤྱི་བོར་རྒྱུན་དུ་བཞེངས་པའི་བརྡ་རུ་གསེར་སྐུད་ཟེར་བ་གཡོ་མེད་རྩེར་རེ་གཟེངས། འཁོར་དུ་གཤེན་ཕྲན་བསམ་ཡས་འདུས་འཚོགས་ཉན་པའི་བརྡ་རུ་གཞི་འགྲམ་གསེར་སྐུད་གྲངས་མེད་གཙངས་སེ་གཤིབས། གང་ཟག་ཟབ་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡ་རུ་རྣ་ཆ་མཉེན་འཇམ་སྙན་ཤ་ཧྲེང་ངེ་སྦྲིང་། ཕྱིན་དྲུག་སྤྱོད་པ་རྣམ་པར་དག་ཅིང་ཚངས་པའི་བརྡ་རུ་ཁུང་འགྱུར་གྲུ་རྣར་ཟུངས་སུ་ཟག་གེ་བཏབ། བསྡུ་དངོས་བཞི་ཡིས་གདུལ་བྱ་བཀྲིད་དྲང་མཛད་པའི་བརྡ་རུ་རྣ་རྩེ་ཟུར་བཞིར་རྣིལ་ཚར་འཇོལ་ལེ་འཛར། བོན་སྒོ་སྣ་ཚོགས་བསྡུ་ན་གཅིག་ཏུ་འདུས་པའི་བརྡ་རུ་མཐའ་ཆག་དམར་པོས་ཏམ་མེ་བསྐོར་བ་ལགས་སོ། །ངེས་ཚིག་ནི། རྒྱ་བྱའི་ཟེ་ལྟར་གཟིངས་པའི་རྩེ། །དབུ་ཡི་རྒྱན་དུ་སྒེག་པའི་ཞྭ། །ཞེས་བོན་རིང་ལུགས་ལ་རྩེ་ཞྭ་ཞིག་ཡོད་པ་གསལ་བཤད་བྱས་ཡོད་ནའང་འདི་ནི་བོན་གཞུང་གཙང་མ་ཞིག་གི་ངོ་བོ་ནས་འཕྲོས་པ་འདོད་དཀའ་བར་སྣང་། ཅི་ཡིན་ན་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་ཞྭ་བཤད་པི་ཝང་དྲུག་འགྱུར་ལས།རྩེ་ཟླུམ་རྩེ་འཁྱོག་རྩེ་གུག་དང་།། ལེབ་མོ་གོར་མོ་པར་བུའི་མགོ། མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན།། དེ་རྣམས་རབ་ཏུ་སྤོང་བར་བྱ།། དེ་རྣམས་གྱོན་ན་བོན་བསྟན་ནུབ།། ཅེས་གསུང་བས་ཡིན།

མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན་གྱི་རྩེ་འཁྱོག་རྩེ་གུག་གི་ཞྭ་ཞིག་སྤྱད་ན་བོན་བསྟན་ནུབ་པའི་བརྡ་རུ་བཞག་ཡོད་ནའང་བོན་པོའི་མཁས་པ་ཚོས་དེ་ཡིན་འདོག་གི་སྒོ་ནས་བོན་བསྟན་ནུབ་པའི་ཆ་རྐྱེན་བརྩོན་ལེན་བྱས་ཏེ་རྩེ་ཞྭ་ཁྱབ་བརྡལ་དུ་བཏང་བ་རེད། ཧོར་བ་དྲུང་རམས་པ་དང་དྲུང་རམས་པ་ལྟ་བུའི་སྨན་རིའི་བླ་མ་ཞིག་གིས་ཀྱང་རྩེ་ཞྭ་བོན་ལུགས་དང་མཐུན་པའི་ཞྭ་ཞིག་ཡིན་པར་གསུང་ཡོད་པ་གོ་ཐོས་བྱུང་ན་ཡང་ཡིད་མགུ་བའི་གཏམ་ཞིག་ཏུ་མ་སྣང་། རྒྱུ་མཚན། བདག་ཅག་གི་སྟོན་པའི་ཐུགས་ཀྱི་ལས་དཔོན་བླ་ཆེན་པོ་དྲན་པ་ནམ་མཁས་གསུང་ཡོད་པས་རེད།

ཕྱོགས་གཅིག་ནས་མཁས་དབང་རྣམ་པ་གཉིས་ཀྱི་ཞྭ་བཤད་འདི་བླ་ཆེན་གྱི་གསུང་མ་ཡིན་པར་འདོད་པ་ཡིན་ནམ་བླ་ཆེན་གྱིས་མ་དྲན་པར་འདོད་པ་ཡིན། འོ་ན་བོན་པོའི་མཁས་པ་ཚོའི་རང་ཚུགས་ཤོར་ནས་མཐུན་ཐབས་སྨྲས་པ་ཡིན། ངོ་མ་འདི་ལྟར་སོང་ན་བོན་པོ་ཚོ་དོང་དུ་ལྷུང་བའི་ཉེན་ཁ་ཡོད། གཞན་བོན་གྱི་རྒྱལ་བར་རློམས་པའི་མཁས་དབང་དག་གི་གསུང་ན་ཡང་བོན་གྱི་བརྡ་ཆད་དང་མི་མཐུན་པའི་ཐ་སྙད་དང་། རང་གི་བླ་མའི་གསུང་ཚིག་དང་མི་མཐུན་པའི་འགལ་གཞུང་ལ་གཞིག་ན་གསུང་ཚིག་དེ་དག་གིས་བོན་ཕྱི་རབས་པ་ལ་ལམ་སྟོན་ཡག་པོ་བྱེད་མ་ཐུབ་པ་ལྟ་བུར་འདུག དོན་ངོ་མ་ང་ཚོ་གཞན་རྗེས་སུ་འགྲོ་མི་དགོས་པའི་རིག་པའི་གཞུང་ལུགས་སྟོབས་དང་ལྡན་པ་ཞིག་ཡོད་པས་ང་ཚོའི་མདུན་ལམ་ཡང་གཤེན་རབ་རིག་གནས་ཀྱི་སྒུལ་ཤུགས་ཀྱིས་བསྲིང་ཡོད།

གང་ལྟར་ཀྱང་གྲུབ་མཐའ་ཞིག་གི་རིག་གནས་ལ་གྲུབ་མཐའ་དེས་ཁྱད་བོན་མངའ་བས་བོན་ཞྭ་ཞྭ་དཀར་རྩེ་རྒྱལ་ལ་མཚོན་ན་ཡང་བོན་གྱི་གཞི་ལམ་འབྲས་གསུམ་གྱི་ངོ་བོ་རང་གསལ་དུ་མཚོན་ཡོད་པ་ནི་ཞྭ་བཤད་ལས། དེ་ནས་རྔམ་པ་ལྕེ་རིང་གིས།། མཁས་པའི་སྒྲ་ཚད་རྩོད་ཅིང་བསྣམས།། མཁས་ཞྭ་དཀར་པོ་རྩེ་རྒྱལ་གྲགས།། ཞེས་དང་། ཡང་དེ་ཉིད་ལས། དེ་ནས་ཞྭ་ཡི་བརྡ་དོན་བཤད།། གཞི་མ་ཕྱིང་དཀར་བྱས་པ་ནི།། བོན་ཉིད་དྲི་མེད་ཀ་དག་བརྡ།། གཞི་ཉིད་ཡེ་སངས་རྒྱས་པའི་དོན།། ཕྱི་གཡོག་དཀར་པོ་བྱས་པ་ནི།། དབྱིངས་ལ་རང་བཞིན་ལྷུན་རྫོགས་བརྡ།། ལམ་ལ་གྲོལ་སངས་རྒྱས་པའི་དོན།། བག་ཕྱེས་འདབས་ཀྱི་སྦྱར་བ་ནི།། དབྱིངས་ཀློང་འབྲེལ་མེད་སྤྲུལ་བའི་བརྡའ།། འབྲས་བུ་མངོན་སངས་རྒྱས་པའི་དོན།། ཞེས་གཞི་ལམ་འབྲས་གསུམ་གྱི་མཚོན་བྱེད་དང་མཚོན་བྱེད་དག་གི་དགོས་ངེས་ཀྱིས་ང་ཚོ་ལ་བོན་གཞུང་ཟབ་མོ་ཞིག་གི་བག་ཆགས་འཇོག་ཐུབ།

ཧོར་བ་དྲུང་རམས་པའི་རྩེ་ཞྭ་ལ་བོན་གྱི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་གྱི་ངོ་བོ་རང་གསལ་དུ་མཚོན་པའི་ལུང་ཁུངས་རྒྱུད་གཞུང་ན་ཡོད་དམ། གལ་ཏེ་མེད་སོང་ན་ཧོར་བ་དྲུང་རམས་པ་དང་དྲུང་རམས་པ་ལྟ་བུའི་མཁས་པ་དག་གིས་བོན་གྱི་གཞུང་ལུགས་འདི་འཆལ་བར་མི་གཏོང་རྒྱུ་མི་ཆུང་བདག་གི་སེམས་ཀྱི་རེ་བ་ཡོན་ནོ།། ཞེས་བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས་འབོད་པས་བོན་བརྒྱ་སྨན་རིའི་གླིང་གི་རང་ཤག་རིག་པའི་སྡིངས་ཀ་ནས་བསྟན་པའི་དགོས་ངེས་ལ་དམིགས་ཁུལ་གྱིས་བྲིས་པའོ།།     

 

 

 

 

 

 

 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2013/1/27 18:30:54 | By: སྐུ་མགྲོན་o63Vna(སྐུ་མགྲོན) ]
 
སྐུ་མགྲོན་o63Vna(སྐུ་མགྲོན)དགེ་བཤེས་ཚང་ལགས་ ད་ལན་གང་འདེབས་ཀི་ཡིན་ ད་ཡིན་ད་
བལ་མཚམས་ནསག
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2013/1/21 18:31:09 | By: སྐུ་མགྲོན་8dt2Wk(སྐུ་མགྲོན) ]
 
སྐུ་མགྲོན་8dt2Wk(སྐུ་མགྲོན)གོང་མའི་གནམ་ཕྲུག་ཅེས་པའི་མཆན་དེ་དངོས་གནས་ཡག་པོ་བྲིས་འདུག་གོ། ཐུགས་རྗེ་ཆེ་ཞུ། བལ་མཚམས་ནས་བྲིས།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/9/24 18:04:58 | By: སྐུ་མགྲོན་M62Tl8(སྐུ་མགྲོན) ]
 
སྐུ་མགྲོན་M62Tl8(སྐུ་མགྲོན)དེ་མ་ཟད་སྨན་མཁན་ ༧སྐུ་མདུན་བསོད་ནམས་བློ་གྲོས་ཀྱིས་མཛད་གནང་ཡོད་པས་བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ཨུ་དཔལ་ཆུན་པོ་ཞེས་པའི་གཞུང་ལས།
རྩེ་ཞྭ་ནི། རྒྱུ་བལ་ལས་གྲུབ་པའི་དུག་པོ་ལྷན་ཆུང་ལྷ་སྐུའི་རྒྱབ་གཡོབ་ཀྱི་དབྱིབས། རིང་ཐུང་ལ་ཁྲུ་གསུམ་གཉིས་ལྡེབ་རྒྱབ་བྱས་པའི་དཔངས་སུ་དཀྱིལ་དུ་མཐོ་གང་། གཡས་གཡོན་མཐའ་སྣ་སོགས་དྲུག ཟེ་ཚར་དཀྱིལ་དུ་སོར་བདུན་མཐའ་སྣ་སོར་གསུམ་ཡོད་པ་ལ་གཉིས་ལྡེབ་བྱེད་ཅིང་རྩེ་ཡི་ཟེ་ཁ་ཚར་སྦྱར་ཏེ་ལེགས་པར་དྲུབ་པས་རྩེ་ཞྭ་ཞེས་བྱུང་། དེ་གྱོན་སྟངས་ཡང་གསལ་པོར་གསལ་འདུག བོན་བསྟན་གཙུག་རྒྱན་གྱི་བླ་མ་སོགས་ཀྱིས་དེ་གྱོན་ན་བོན་བསྟན་ནུབ་པའི་བརྡ་རུ་སྒོ་ནས་བོན་གྱི་འདུལ་བའི་གཞུང་ལས་གསུང་པ་དང་གྱོན་ནས་རྩེ་ཞྭ་དེ་ཁྱབ་བརྡལ་དུ་བཏང་བ་གང་ཡིན།བླ་མ་གོང་མས་ རྩེ་ཞྭ་དེ་བོན་བསྟན་ལ་གནོད་ན་འགྲེལ་མཛད་པ་མིན་ནམ་སྙམས། དཔེར་ན། འགྲོ་བ་མི་སུ་ཡིན་ནའང་རང་ཕྱོགས་དང་རང་ལ་གནོད་པའི་ཅ་ལག་དང་རྫས་ཞིག་ཡོད་ན་རང་གིས་རང་ཕྱོགས་ལ་གཅེས་སྤྲས་སུ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། དེ་གཅེས་སྤྲས་སུ་བྱེད་མཁན་བླུན་པོ་ཞིག་མ་ཟད་དཀའ་ལས་ཁག་པོ་རེད།༧བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དགོངས་པ་དེ་དགེ་བཤེས་ལགས་ཁྱེད་ཀྱི་དགོངས་བཞེད་དེ་ཡིན་ནམ་མིན་ནམ་དཔྱད། སྤྱི་ན་རྗེ་བླ་མའི་ཚད་མ་རང་འགྲེལ་ལས། མཁས་པའི་རིག་པ་ལ་དཔྱད་པ་འོས་ཀྱིས་མོད་པ་བླུན་ནོ།། ཞེས་གསུངས་ཡོད། ཕྲན་རང་ཉིད་ཀྱིས་ཧོར་བ་དྲུང་རམས་པ་དང་རྩེ་ཞྭ་ཞེས་པས་རྩོམ་དེ་མཐོང་ནས་ཚར་གཅིག་བཀླག་རྗེས་ཕྲན་ལ་ཚོར་སྣང་རེ་ཤར་ནས་དེ་འདྲ་བྲིས་མཁན་ནི་གནམ་ཕྲུག་གིས་བྲིས།

༼གོང་དེ་སོགས་ཕྱད་ཀ་ཕྱད་ཀ་མ་གཏོང་ན་འགྲོ་གི་མི་འདུག༽
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/9/24 18:02:22 | By: སྐུ་མགྲོན་M62Tl8(སྐུ་མགྲོན) ]
 
སྐུ་མགྲོན་M62Tl8(སྐུ་མགྲོན)ཧོར་བ་དྲུང་རམས་པས་རྩེ་ཞྭའི་འགྲེལ་བཤད་མཛད་པ་དེ་རང་གཞུང་དང་རང་ལུགས་ལ་མ་འཐད་ནས་འགྲེལ་མཛད་པ་མིན་ནམ་སོན། གང་ཡིན་ཟེར་ན། སྨན་རིའི་མཁན་རབས་ཉེར་གཉིས་པ་༧སྐུ་མདུན་བསོད་ནམས་བློ་གྲོས་ཀྱིས་གསུང་ལྟར་ན་ རང་ལུགས་ཀྱི་འདུལ་བ་པ་རྣམས་ཀྱིས་གྱོན་དགོས་པ་གསུང་ནས་རྩེ་ཞྭའི་འགྲེལ་བའང་གནང་ཡོད།རང་རེ་རྒྱལ་བ་སྨན་རིའི་རྗེས་འཇུག་ཡིན་པ་གསུང་ཙམ་དེའི་ཕྱོགས་ལ་ཡིད་ཆེས་བྱེད་དགོངས་པ་རེད།༧བླ་ཆེན་དྲན་པ་ནམ་མཁས་མཛད་པ་དེ་རྩེ་ཞྭ་ཡིན་ན། ༧རྗེ་རིན་པོ་ཆེ་དང་༧གཤེན་གྱི་རྣལ་འབྱོར་བ་ཉི་མ་རྒྱལ་མཚན་ གཉིས་གྲུབ་རྟགས་ཀྱི་རྩལ་འགྲན་དུས་རྗེ་རིན་པོ་ཆེས་རྩེ་ཞྭ་གྱོན་ནས་གནམ་ལ་འཕུལ་དུས་རྩེ་ཞྭ་དེ་ཉི་མས་ཚིགས་ཡོད་པས་རྣམ་པ་ཆགས་པས་ད་ལྟའི་ཆ་མཇལ་ཡུལ་དུ་ཡོད།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/9/24 18:00:52 | By: སྐུ་མགྲོན་M62Tl8(སྐུ་མགྲོན) ]
 
སྐུ་མགྲོན་M62Tl8(སྐུ་མགྲོན)བོན་ནག་ཚང་གི་དགེ་བཤེས་ལགས། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་རང་འདོད་པ་ལྟར་ན་རྩེ་ཞྭ་དེ་བོན་གཞུང་གཙང་མ་ཞིག་གི་ངོ་བོ་ནས་འཕྲོས་པ་འདོད་དཀའ་བར་སྣང་ཡོད་པ་༼ཧོར་བ་དྲུང་རམས་པ་དང་རྩེ་ཞྭ་༽ཞེས་པ་ནས་གསལ་པོར་གསུང་འདུག སྤྱི་ན་དེང་དུས་གཡུང་དྲུང་བོན་གྱི་བསྟན་པ་ཉི་ཟླ་ཟུང་འབྲེལ་འདི་ལ་ཉམས་སུ་ལེན་པའི་སྐྱེས་པུ་མཐའ་དག སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་༧རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱི་རྗེས་འཇུག་ཡིན་པ་འདོད་པ་ནི་ཡོངས་གྲགས་སུ་ཆགས་ཡོད།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/4/2 13:05:38 | By: སྐུ་མགྲོན་017Hy4(སྐུ་མགྲོན) ]
 
སྐུ་མགྲོན་017Hy4(སྐུ་མགྲོན)ཤར་བ་དགེ་མིང་བས་བརྗོད་དོན་གླེང་མ་ཐུབ་པར་མཚང་འབྱིན་ཞིག་བྱས་ནས་བུད་སོང་བ་ནི་ངོ་མ་ཡིད་ཕམ་པ་ཞིག་རེད།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/4/2 12:12:18 | By: སྐུ་མགྲོན་rw48Qd(སྐུ་མགྲོན) ]
 
སྐུ་མགྲོན་rw48Qd(སྐུ་མགྲོན)དགེ་བཤེས་ཡིན་ཡང་ཆོག་ལ་མིན་ཡང་རུང་གི་གཙོ་བོ་བརྗོད་དོན་དེ་དང་འབྲེལ་བའི་གཏམ་ཞིག་བཤད་ན་མི་བཟང་ངམ། ཚིག་རྩུབ་ཀྱིས་ཅི་བྱ། གཤེན་ཕྲུག་ནས།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/4/2 10:09:59 | By: ཤར་པ་དགེ་མིང་བས།(སྐུ་མགྲོན) ]
 
ཤར་པ་དགེ་མིང་བས།(སྐུ་མགྲོན)འཽཽཽཽཽཽཽཽཽཽཽཽཽཽཽཽ་་་་་་་་་་་སaསྙིང་རྗེ། མདོ་དང་སྔགས་ཀྱི་ས་མཚམས་དང་ཁྱད་པར་ཙམ་ལ་ཡང་དཔྱད་ཤེས་མེད་པའི་དགེ་བཤེས་མིང་འཁུར་ཁྱོད། ཁ་བཙུམ་ན་དགའ དེ་ཙམ་ལ་ཡང་དཔྱོད་ཤེས་མེད་པར་དྲ་ངོས་སུ་དགེ་བཤེས་ཡིན་ལབ་ནས་སྐད་ཅོར་བརྒྱག་པར་ངོ་མི་གནོང་ངམ།
མ་གཞི་ཅོལ་ཆུང་གི་བསམ་བློ་དེ་འདྲ་མ་མཁུར་ན་ཡག་ཚོད་རེད།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/4/1 21:28:31 | By: སྐུ་མགྲོན་8CSf73(སྐུ་མགྲོན) ]
 
སྐུ་མགྲོན་8CSf73(སྐུ་མགྲོན)བོན་པོ་རྣམས་ཀྱི་མཚན་ཉིད་དམ་བཅའ་འཚོགས་པས་སྐབས་སུ་རྩེ་ཞྭ་དེ་གྱོན་དགོས་པའི་རྒྱུ་མཚན་རི་བོ་དགེ་ལྡན་པ་ལ་ལད་མོ་ལས་གཞན་ཅི་ཡོད།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/4/1 20:20:51 | By: སྐུ་མགྲོན་tx5Bsf(སྐུ་མགྲོན) ]
 
སྐུ་མགྲོན་tx5Bsf(སྐུ་མགྲོན)བོན་པོ་རྣམས་ཀྱི་མཚན་ཉིད་དམ་བཅའ་འཚོགས་པས་སྐབས་སུ་རྩེ་ཞྭ་དེ་གྱོན་དགོས་པའི་རྒྱུ་མཚན་ཅི་ཡོད་དམ། དབྱངས་བཞི་ཚང་པས།
 
 
Re:ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
[ 2012/4/1 20:01:47 | By: vyugjbo ]
 
vyugjboའདི་རིགས་མུ་མཐུན་ཞིབ་འཇུག་བྱེད་དགོས། དྲྭ་གྲོགས་ལགས་བཀྲ་ཤིས་བདེ་ལེགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.