ཤུག་ཏོག་བླ་མའི་ཕྱི་ནང་།
----ངེས་དོན་གྱི་བྱ་བྲལ་བ་གྲུབ་རྗེ་ནམ་མཁའ་རྒྱལ་མཚན་གྱི་མཛད་འཕྲིན་ཅུང་ཙམ་གླེང་བ།
ཀ་དག་ལྟ་བའི་རྫོགས་ཆེན་རྗེན་པ་རུ་རྟོགས་པས།།
ཁ་དོག་གཟུགས་མཛེས་འདོད་པའི་མཆོད་ཡོན་ལ་མ་ཞེན།།
ག་ས་གང་དུ་ཕྱིན་ཀྱང་རྫ་བྲག་གི་གནས་ནས།།
ང་རྒྱལ་བདེན་འཛིན་བཅོམ་བཞིན་སྣང་བཞི་ལ་འབད་དོ།།
ཅ་ག་ལོངས་སྤྱོད་ལྡན་པའི་འབྱོར་བ་ཡང་མེད་ལ།།
ཆ་ལུགས་ལྔ་ལྡན་ཚང་བའི་ཕྱག་བརྒྱ་ལ་གནས་ཏེ།།
ཇ་ཆང་ཁ་ཟས་དོར་ནས་སྒོམ་སྒྲུབ་དང་ཉམས་ལེན།།
ཉ་མོ་མཚོ་ལ་འཇུག་བཞིན་དུས་རྒྱུན་དུ་སྐྱོང་ངོ་།།
ཏ་ལེན་ཕྲག་པ་བཟུང་ནས་རང་དོན་དུ་མ་ཆས།།
ཐ་མེད་སྐྱེ་བོའི་ཚོགས་ཀྱང་ལྷ་སྐུ་རུ་མཐོང་ནས།།
ད་ལྟ་སྣང་སེམས་ལྷན་འདྲེས་ངོ་བོ་ལ་གཞིག་ན།།
ན་ནིང་ད་ལོ་དེ་འདྲའི་ཆོས་པ་ཡང་དཀའ་འོ།།
པ་སངས་ལྟ་བུའི་སེམས་བསྐྱེད་རྣམ་དག་གི་འདུན་པས།།
ཕ་རོལ་འཁོར་གནས་འཕྱན་པའི་རིགས་དྲུག་གི་སྡུག་བསྔལ།།
བ་མོས་བེའུ་ལ་གཅེས་བཞིན་རང་རྒྱུད་དུ་བླངས་ནས།།
མ་དག་ལྟ་བ་ཞིག་གི་ལྡོག་ཕྱོགས་ནས་འགྲེང་ངོ་།།
ཙ་རི་སྟོད་ནས་མི་ལོ་གང་མང་གི་རིང་ལ།།
ཆ་གྲང་ཁྱད་བསད་ཟས་བཅད་དཀའ་ཐུབ་འབད་པས།།
ཛ་ལང་གཏུམ་དྲག་ཅན་གྱི་སྐྱེ་བོ་ཡང་དད་སོང་།།
ཝ་མོའི་གཡོ་ཟོལ་མེད་པ་ངོ་མཚར་དེ་ཆེའོ།།
ཞྭ་བཟང་ལྷམ་ངན་ལྟ་བའི་འདུ་ཤེས་ནི་ཆུང་ཞིང་།།
ཟ་མ་གཏན་དུ་སྤངས་ནས་བཅུད་ལེན་ལ་བཞུགས་པ།།
འ་ཅག་ཆོས་པ་འདི་འདྲ་གངས་ཅན་ན་དཀོན་པས།།
ཡ་མེད་གྲུབ་རྗེ་འདི་ནི་མཆོག་ལྡན་དུ་བརྩིའོ།།
ར་ལུག་མ་གྱུར་དུད་འགྲོའི་ཤ་ཁྲག་ལ་མ་རོལ།།
ལ་ལུང་ཀུན་ལ་འགྲིམས་ཀྱང་ཤུག་ཏོག་ལ་བརྟེན་ཏེ།།
ཤ་མདངས་བཀྲག་ཤོར་ཤུགས་ཟད་ཉམ་ཐག་ཏུ་འདུག་ཀྱང་།།
ས་ལམ་མངོན་མཐོ་ངེས་ལེགས་རྫོགས་པ་འདི་དགེའོ།།
ཧ་ལམ་བྱ་བྲལ་འདི་འདྲ་སྙིགས་དུས་འདིར་དཀོན་པས།།
ཨ་ཁུ་བདག་གིས་དོན་གཏམ་འདི་འདྲ་ཞིག་ཐལ་ལོ།།
དོན་ལྡན་བུ་ལོས་སྙན་དབང་གཡོར་ཡང་ནི་ཆོག་ལ།།
དོན་མེད་བུ་ལོས་ཕྲག་དོག་གཏམ་གླེང་ཡང་བྱེད་ཆོག།
༢༠༠༥ ,༧ , ༢༥ ཉིན་བྲིས།