བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩང་ཞེས་པའི་གོ་དོན་དང་ཁྱད་བོན་རོབ་ཙམ་གླེང་བ། 
[ 2011/5/22 10:32:00 | By: བོན་ནག་ཚང་། ]
 

རྩང་ཞེས་པའི་གོ་དོན་དང་ཁྱད་བོན་རོབ་ཙམ་གླེང་བ།   

རྩང་ཞེས་པའི་གོ་དོན་ནི་བརྡ་སྤྲོད་བློ་གསལ་འཇུག་ངོགས་ལས་ཚེར་རྩང་ཞེས་པ་དང་མིང་གཞི་དགོས་འབྱུང་ནོར་བུའི་གཏེར་ཆེན་ལས་ཟློག་མདོས་རྩང་ཞེས་རྩང་ཕུར་འཛུགས་པ་དང༌།  ཞེས་དང་བོད་ཡིག་བརྡ་རྙིང་ཚིག་མཛོད་ལས་རྩང་ནི་རྙི་དང༌།  ཆང༌།  གཙང༌།  རྩ་བའི་མིང༌།  ཞེས་པ་དང༌།  བོད་རྒྱ་ཚིག་མཛོད་ཆེན་མོ་ལས་༡ཚེར་མ།  ༢ཤིང་སྐྱེར་བ་ཕྲ་མོར་བཤགས་ནས་གཏོར་མའི་མཐའ་སྐོར་དུ་ཁྲ་མ་ལྟ་བུར་བཙུགས་པའི་ཐུར་མ་རྣམས་ཀྱི་མིང༌།  ༣རྙིང༌།  ༡རྙི།  ༢ཆང༌།  ཞེས་པའི་གོ་དོན་མང་པོ་ཞིག་ཡོད་ན་ཡང༌།  བདག་གིས་བརྗོད་འདོད་པའི་རྩང་ནི་གཏོར་མའི་མཐའ་ན་སྲིན་མོའི་འགྲོས་སུ་ཡོད་པའི་རྩང་གི་ངོ་བོ་དང་ཁྱད་བོན་ཡིན།  རྩང་འདི་ནི་ཡ་ཐོག་བོན་གྱི་རིག་གནས་ཀྱི་ངོ་བོ་ལས་འཕྲོས་པ་ཞིག་ལགས། 

རྩང་གི་རྒྱུ་ཆ་ནི་སྲུང་ཟློག་གསད་གསུམ་གྱི་ཤིང་གསུམ་ཡོད་ལ་ཟློག་ཤིང་སྐྱེར་ཚེར་ལ་བྱས་ན་དགྲ་དགེགས་གདུག་པ་ཅན་ཟློག་པའི་མཐུ་མྱུར་བ་དང་ལས་མགྱོགས་པ།  གསས་མཁར་ཡོངས་རྫོགས་རགྴ་སྤྱི་འདུལ་གྱི་རྩང་ཟློག་ཆེན་མོ་ལས་ཤེར་ཤིང་ནག་པོ་སྲུང་བའི་ཤིང༌།  སྐྱེར་ཚེར་གདུག་པ་ཟློག་པའི་ཤིང༌།  ཚེར་ནག་དྲག་པོ་སྒྲོལ་བའི་ཤིང༌།  སྲུང་ཟློག་གསད་གསུམ་ཤིང་གསུམ་གདབ།  ཞེས་གསུངས་པས་སྐྱེར་བ་ལ་བྱས་ན་བཟང༌། 

རྩང་གི་ངོ་བོ་ནི་རྣོ་ངར་ལ་དབལ་སོ་དང་ལྡན་པ་ཕུར་བུའི་དབྱིབས་སུ་འདུག་ལ་ཞི་རྒྱས་དབང་དྲག་གི་བྱ་ལས་དང་ལྡན་པར་འདུག  ཅི་ལྟར་རྩང་ཟེར་ན།  དཀྱིལ་འཁོར་གཉན་གྱི་ལྷ་ཚོགས་དང་གསང་སྔགས་དྲག་པོའི་ལྷ་ཚོགས།  གཟེ་གྱད་སྤར་མ།  ཕོ་ཉ་ལས་མཁན་ཚང་བས་རྩང་ཟེར་བ་དང་ལྷ་ཚོགས་རྣམས་ཀྱི་ཕྱག་ཆ་ཚང་བས་རྩང་ཟེར་བ་གཟེ་མའི་རྩང་བསྟོད་ལས།  དཀྱིལ་འཁོར་ལྷ་ཚོགས་ཚང་བའི་(བས)རྩང་ཞེས་བྱ  གསང་སྔགས་ལྷ་ཚོགས་ཚང་བའི་(བས)རྩང་ཞེས་བྱ  གཟེ་གྱད་སྤར་མ་ཚང་བའི་(བས)རྩང་ཞེས་བྱ  ཕོ་ཉ་ལས་མཁན་ཚང་བའི་(བས)རྩང་ཞེས་བྱ།  །རྩང་ཞེས་བྱ་བའི་མཚན་ཉིད་ནི  རྣོ་ངར་དབལ་དང་ལྡན་པའི་(པས)རྩང་ཞེས་བྱ  མ་མོ་མཁའ་འགྲོའི་ཕྱག་ཆ་ཚང་བའི་(བས)རྩང་ཞེས་བྱ།  །གཟེ་གྱད་སྤར་མའི་ཕྱག་ཆ་ཚང་བའི་(བས)རྩང་ཞེས་བྱ  ཞེས་གསུངས

དགྲ་བགེགས་གདུག་པ་ཅན་འདུལ་བ་དང་ཡང་དག་པའི་བསྟན་ལ་བར་ཆོད་དང་ལོག་ལྟ་བྱེད་མཁན།  ཉེས་པ་མེད་པའི་སེམས་ཅན་ལ་གནོད་པ་དང་འཚེ་བ་གཏོང་མཁན་ཟློག་པའི་ཆེད་དུ་སྔོན་བསྐལ་བ་དང་པོའི་དུས་སུ་གཤེན་ཆེན་པོ་གསང་བ་འདུས་པ་དང་དབལ་བོན་སྟག་ལྷ་གཉིས་ཀྱིས་དྲག་པོའི་རྩང་ཕུར་བཞེངས་པ་ནི་གདུགས་དཀར་གཏོར་ཟློག་གི་རྩང་བསྟོད་ལས།  བསྭོ་སྔོན་གྱི་བསྐལ་བ་དང་པོ་ལ  གཤེན་ཆེན་གསང་བ་འདུས་པ་དང་  དབལ་བོན་སྟག་ལྷ་མེ་འབར་གྱིས  གདུག་པའི་དགྲ་བགེགས་བཏུལ་བ་དང་  བར་ཆོད་ལོག་འདྲེན་ཟློག་དོན་དུ།  །དྲག་པོ་དབལ་གྱིས་ཟློག་མདོས་བཅའ  ལྷ་ཚོགས་རྣམས་ཀྱི་ངོ་བོར་གསལ།  །ཕྱི་རིམ་ལྕགས་རི་མུ་ཁྱུད་ལ  ལྷ་ཚོགས་རྣམས་ཀྱི་རྟེན་བཅས་ཕྱིར  གདུག་རྩུབ་དྲག་པོའི་ཚེར་ཤིང་ལ  དམར་ནག་དྲག་པོའི་རྩང་ཕུར་བཞེངས  ཤེས་གསུངས་པས་ངེས། 

རྩང་ཞེས་པ་ནི་སྐྱེར་ཚེར་བཤགས་ནས་ཐུར་མ་བྱས་པ་ཙམ་གྱིས་རྩང་མི་ཡོང་ལ་རྩང་དབྱིབས་དྲང་ཞིང་སྟོད་ཀྱི་རྩེ་མོ་རྣོ་ལ་དབལ་ངར་དང་ལྡན་ཞིང་རྩང་སྟོད་ཟུར་གསུམ་འདུག་པ།  རྩང་གི་སྐེད་ནི་གྲུ་བཞིར་འདུག་ཅིང་རྩང་རྟིང་ཟླུམ་པོའི་དབྱིབས་ཅན་ལ་མཐའ་སྣེ་རྣོ་བ་ཞིག་ལས་མ་ཚད་རྩང་རྒྱུད་ཤིན་ཏུ་འཇམ་པར་འདུག  འདིས་མཚོན་དོན་ནི་ཞི་རྒྱས་དབང་དྲག་གི་ལྷ་ཚོགས་ཀྱི་མཚོན་དོན་ཡིན་པ་ནི་སྟག་ལའི་རྩང་བསྟོད་ལས།  རྩང་རྒྱུད་ཤིན་ཏུ་འཇམ་པ་དེ།  །སྒྲུབ་གཤེན་རྒྱུད་ལ་འཚེར་རྩུབ་མེད་པའི་དོན  རྩང་དབྱིབས་དྲང་ལ་ཤན་པ་ནི  བོན་གྱི་བསྟན་པ་སྲུང་བའི་དོན  རྩང་རྟིང་ཟླུམ་པོ་འདུག་པ་ནི  ཞི་བའི་ལྷ་ཚོགས་གསལ་བའི་དོན  རྩང་སྐད(སྐེད)གྲུ་བཞི་འདུག་པ་ནི  རྒྱས་པའི་ལྷ་ཚོགས་གྲུབ་པའི་དོན  རྩང་སྟོད་ཟུར་གསུམ་འདུག་པ་ནི  དྲག་ལས་ལྷུན་གྱིས་གྲུབ་པའི་དོན  ཞེས་གསུངས་པས་གྲུབ། 

རྩང་མདོག་ལ་ཡང་ཁ་དོག་གསུམ་གྱི་ཕྲེང་བ་དང་ལྡན་པ་ཞིག་དགོས་ལ་རྩང་སྟོད་དམར་ལ་རྩང་གི་སྐེད་སེར་པོ།  རྩང་སྨད་ནག་པོ་འདུག་པ་ནི་སྐུ་གསུང་ཐུགས་གསུམ་དང་ལྡན་པས་ནག་པོ་བདུད།  ས་བདག་ཀླུ་གཉན།  དམར་པོ་བཙན་གྱི་བྱད་ཁ་དང་གནོད་པ་ཐམས་ཅད་ཟློག་དོན་ཡིན་པ་སྟག་ལའི་རྩང་བསྟོད་ལས།  ཁ་དོག་གསུམ་དང་ལྡན་པ་ནི།  །སྐུ་གསུང་ཐུགས་གསུམ་དང་ལྡན་པའི་དོན།  །རྩང་མཐའ་ཐམས་ཅད་ནག་པ་ནི།  །ནག་པོ་བདུད་ཀྱི་བྱད་ཁ་བཟློག  །རྩང་སྐེད་སེར་པོ་འདུག་པ་ནི  ས་བདག་ཀླུ་གཉན་གདུག་པ་བཟློག  །རྩང་རྩེ་ཐམས་ཅད་དམར་བ་ནི  དམར་པོ་བཙན་གྱི་བྱད་དང་རྦོད་གཏོང་བཟློག   །ཅེས་གསུངས། 

སྒྲུབ་པ་པོས་རྩང་བཤད་གྱེད་པ་དང་རྩང་ལ་ལྷ་ཚོགས་སྒོམ་པ།  རྩང་ལ་དབལ་གཤེན་སྒྲུབ་ཐུབ་པ་ཡིན་ན་རྩང་གི་ལས་མཐའ་འདིས་མི་ཟློག་པ་དང་མི་ཐུབ་པ་ཞིག་མེད་(འདི་ནས་ངས་དངོས་བྱུང་གི་གཏམ་རྒྱུད་ཅིག་བཤད།  ངའི་ཕ་རྒན་གྱི་ཡོན་བདག་མཚོ་སྔོན་པོ་ན་ཡོད།  ང་དབྱར་གནང་གི་གུང་གསེང་ཞིག་ལ་མཚོ་ཁའི་ཡོན་བདག་ཅིག་ཁྱིམ་ལ་སོང༌།  ཡོན་བདག་ཚང་དགའ་སྤྲོ་ཆེན་པོའི་སྒོ་ནས་ང་ལ་བཤད་རྒྱུར།  ངེད་ཚང་གི་ལུག་བ་རྫ་མགོ་ན་ཡོད།  ད་སྐབས་སྤྱང་ཁ་དར་ནས་དགོང་མོ་ལུག་རའི་ནང་གི་ལུག་ཡང་བསད་འགྲོ།  ང་ཚོ་ཐབས་བཀོད་གཞན་མེད་གཅིག་ཡོད་པ་ནི་ཨ་ཁུ་དཔོན་གྱི་རྩང་ཁུག་ལས་རྩང་ཞིག་བླངས་ནས་ཁྱེར་རྒྱུ་དེ་རེད།  ཡིན་ན་ཡང་ང་ཚོ་ལེན་རྒྱུར་སྐྲག་ནས་ཡོད།  ད་ཁྱོད་བུད་ཡོང་ན་གཅིག་རེད།  ཁྱོད་ཀྱིས་སྟེར་རོགས་ཟེར།  ངའི་སེམས་སུ་རྩང་ཞིག་ལ་སྤྱང་ཀི་འགོག་པའི་ནུས་པ་ཡོད་དམ་སྙམ་པའི་ངང་ནས་རྩང་ཞིག་བྱིན་སོང༌།  དོགས་བློའི་ངང་ནས་ཉིན་ཁ་ཤས་ཀྱི་རྗེས་སུ་ངས་ཁོང་ཚང་ལ་སྤྱང་ཀི་འགོག་ཐུབ་ཨེ་སོང་ཞེས་དྲིས་རྗེས་སྤྱང་ཀི་བཀག་པའི་མ་ཚད་ང་ཚོའི་རི་བ་ཚོ་ཡང་བདེ་བར་གནས་སུ་བཅུག་ཟེར།  ང་ངོ་མ་ཡ་མཚར་སོང༌།  ཕྱིས་སུ་ཡུལ་ལ་ཡོང་ནས་ཕ་རྒན་ལ་བཤད་དུས་ཕ་རྒན་བཞད་པ་ལས་གཞན་གང་ཡང་མ་བཤད།  དེ་ནི་ཡོན་བདག་གི་དད་པ་དང་དཔོན་གྱི་ནུས་པ་གང་ཡིན་མི་ཤེས་མོད།  དེ་དུས་ངས་གང་གི་ཧ་གོ་མ་སོང༌།  ད་སྐབས་རྩང་ལ་དཔྱད་ན་རྩང་གིས་མི་ཟློག་པ་ཞིག་མེད་པར་རྟོགས།)ལ་རྩང་ཕུར་ཞེས་པ་ཡང་ཕུར་བུའི་དབྱིབས་སུ་འདུག་པས་ཡིན།  རྩང་གི་རིག་གནས་འདི་ཡང་གདོད་མའི་རིག་གནས་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཞིག་རེད་ལགས་སོ 

མདོ་སྨད་བྱང་རྒྱུད་ཀྱི་བོན་གྱི་དགེ་བཤེས་མིང་འཛིན་བོན་ནག་ཚང་ཡེ་ཤེས་བློ་གྲོས་སུ་འབོད་པས་རང་དགོན་སྨན་རིའི་གླིང་ནས་བྲིས། 

                 ༢༠༡༡.༡༢.༡༦.ཉིན། 

 
 
Re:རྩང་ཞེས་པའི་གོ་དོན་དང་ཁྱད་བོན་རོབ་ཙམ་གླེང་བ།
[ 2011/12/1 18:38:09 | By: སྐུ་མགྲོན་qvl8PC(སྐུ་མགྲོན) ]
 
སྐུ་མགྲོན་qvl8PC(སྐུ་མགྲོན)ཁྱེད་ཀྱིས་འདི་ལྟར་དཔྱད་རྩོམ་དགྱེས་སྩོལ་གནང་བར་ཐུགས་རྗེ་ལེགས་གསོལ་ཞུའོ། ཁྱེད་ཉིད་ཀྱང་སྤྲུལ་པ་ཅན་གྱི་སྐྱེས་བུ་ཞིག་ཀྱང་ཡིན་ལས་ཆེ།
ཀུ་ས་ལིས།
 
 
Re:རྩང་ཞེས་པའི་གོ་དོན་དང་ཁྱད་བོན་རོབ་ཙམ་གླེང་བ།
[ 2011/5/24 2:26:43 | By: danile202 ]
 
danile202བོན་ནག་ཚང་འདིར་བྱོན་པར་གློ་བ་ཏེ་པོར་དགའ།
དེ་འདྲའི་དགྲ་བགེགས་གདུག་པ་ཅན་བཟློག་པ་ལ་མཐུ་མྱུར་ཞིང་ལས་མགྱོགས་པ་ཞིག་མདོ་སྨད་མཚོ་སྔོན་པོ་ཁའི་ཡོན་བདག་གཅིག་པུའི་བགོ་སྐལ་དུ་ཐེ་བས་ནི་མི་ཆོག་སྟེ། དབུས་གཙང་ཡུལ་གྱི་ཡོན་བདག་ལའང་དགོས་ངེས་ཀྱི་ཚད་དུ་སླེབས་གདའ། ཨ་ལ་སྐུ་རྩེད་ཞུས་པ་ཡིན། ཡུམ། མཚན་དོན་དུ་འབྱོར་བ་ཞིག་གསོལ་འདུག ཉིད་དང་ཡང་ནས་མཇལ་བའི་འདུན་པ་ཆེ། བཀྲིས་བདེ་ལེགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.