༄༅། །ཤེས་རབ་སྒྲོན་མེའི་བོན་པོའི་སྐོར་གྱི་དོགས་སེལ་རྗེས་མ།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཁོ་བོའི་རྒྱ་ཡིག་གི་དཔེ་ཆ་ཤེས་རབ་སྒྲོན་མེ་ཞེས་པ་དེའི་ནང་དུ་བོད་ཀྱི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་རྣམས་ངོ་སྤྲོད་བྱེད་པའི་ཞར་ལ་གཡུང་དྲུང་བོན་གྱི་ངོ་སྤྲོད་ཤིན་ཏུ་བསྡུས་པ་ཞིག་བྱས་པ་ཡིན། .དེ་ལ་རྒྱ་ནག་གི་ཆོས་པ་འགའ་རེས་གཡུང་དྲུང་བོན་ཞེས་པ་དེའང་ས་དགེ་བཀའ་རྙིང་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་གྲུབ་མཐའ་ཞིག་ཡིན་ནམ་མིན་སྙམ་དུ་དོགས་པ་དང་ཤེས་འདོད་ཡོད་པ་རྣམས་ལ། སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་གྲུབ་མཐའ་མིན་ཞེས་སྨྲས་པ་ཡིན། དེ་ལས་གཞན་དུ་རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་གཡུང་དྲུང་བོན་འདི་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞིག་ཡིན་མིན་གྱི་དཔྱད་པ་ཅི་ཡང་མེད་པ་ནི་དོགས་སེལ་སྔ་མའི་ནང་དུ་བཤད་ཟིན་པ་ལྟར་ཡིན་ལ། མ་བཤད་ཀྱང་དེ་འདྲ་མེད་པ་ཡི་གེ་ལ་བལྟས་པ་ཙམ་གྱིས་ཤེས་སོ། །
རྒྱ་སྐད་ཀྱི་(佛教)སངས་རྒྱས་ཀྱི་ཆོས་ཞེས་པ་འདི་སྔར་ཁོ་བོས་(释迦牟尼佛的佛教)སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཆོས་ཞེས་དེ་ལྟར་དུ་སྦྱར་མེད། དེ་གང་ཡིན་ཞེ་ན། རྒྱ་སྐད་ལ་སངས་རྒྱས་ཀྱི་ཆོས་(佛教)ཞེས་བརྗོད་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ། རྒྱ་ནག་གི་དེང་དུས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་ཅིང་ཚད་ལྡན་དུ་བརྩི་བའི་དེང་རབས་རྒྱ་སྐད་ཚིག་མཛོད་《现代汉语词典》ཅེས་པ་ལས།【佛教】〔世界主要宗教之一,相传为公元前6-前5世纪古印度的迦毗罗卫国(今尼泊尔境内)王子释迦牟尼所创造,广泛流传于亚洲的许多国家。东汉时传入我国。〕 ཞེས་པ་ལྟར་དང༌། དེ་བཞིན་དུ་དེང་རབས་རྒྱ་སྐད་ཚད་ལྡན་ཚིག་མཛོད《现代汉语规范词典》ཅེས་པ་དང༌། ཐ་སྙད་རྒྱ་མཚོ-《辞海》ཞེས་པ་རྣམས་ལས་ཀྱང་དེ་ལྟར་བཤད་པ་ལྟར་ཡིན། དེས་ན་བོན་ལ་སྨད་པ་དང་དགག་པའི་ཚིག་གཅིག་ཀྱང་མེད་པ་གཟུ་བོར་གནས་པའི་བན་བོན་སུ་ཞིག་གིས་བལྟས་ཀྱང་གསལ། འོན་ཀྱང་ཐོག་མར་མི་འགའ་ཞིག་གིས་བོན་པོ་ལ་དགག་པ་བཏང་ཡོད་ཅེས་བསྒྲགས། དེ་རྗེས་བོན་པོའི་ཕྱོགས་ཀྱི་མི་མང་པོ་ཞིག་གིས་དོ་སྣང་མཛད་ཀྱིན་འདུག་པས། ཁོ་བོས་བོད་ཀྱི་བན་བོན་གཉིས་ཀྱི་བར་དུ་མི་མཐུན་པ་ཞིག་བྱུང་ན་ཤིན་ཏུ་མི་ལེགས་སྙམ་སྟེ། ལྷ་ས་ནས་མདོ་སྨད་ཀྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པའི་དགེ་བསྐོས་ཞིག་དང་འཕྲད་པས་ཁོང་ལ་ལོ་རྒྱུས་ཐམས་ཅད་ཞིབ་པར་བཤད་ནས། བོན་ཕྱོགས་ཀྱི་བླ་མ་དགེ་བཤེས་རྣམས་ལ་ཞུ་བར་མཛད་རོགས་ཞེས་སྨྲས་པ་ཡིན། དེ་རྗེས་ཁོང་གིས་ཁ་པར་བྱུང་སྟེ། ད་ལམ་སྣང་ཞིག་དགོན་གྱི་དགེ་བཤེས་འགའ་ཞིག་དགོན་པ་གཞན་ཞིག་གི་མཛད་སྒོ་ལ་ཕེབས་པའི་ལམ་ཞོར་དུ་ཁ་བརྡ་ཞིག་བྱས་ན་ཞེས་གསུངས།དེ་ལ་ང་རང་ཡང་ཤིན་ཏུ་དགའ་སྟེ། ཅིས་ཀྱང་ཕེབས་ཐུབ་པར་མཛོད་ཅེས་ཞུས་པ་ཡིན། ཉིན་འགའ་ཞིག་གི་རྗེས་ནས་མཁན་པོ་དང་དགེ་བཤེས་དྲུག་བྱོན་འདུག ངེད་ཅག་གིས་ཉིན་གཉིས་ལ་ཁ་བརྡ་བྱས། ཕྱོགས་གཉིས་ཀ་ནས་ཀྱང་བོད་མི་རིགས་སམ་བན་བོན་གྱི་མཐུན་སྒྲིལ་ལ་བསམ་བློ་བཏང་ནས་གཟུ་བོར་གནས་པའི་སྒོ་ནས་འགྲེལ་བཤད་བྱེད་པ་དང་གཟུ་བོར་གནས་པའི་སྒོ་ནས་གོ་བ་བླངས། ཤེར་རབ་སྒྲོན་མེའི་ཚིག་ལ་གསལ་ཁ་བཏོད་ནས་སྔར་སངས་རྒྱས་ཀྱི་ཆོས་ཞེས་པ་ཐམས་ཅད་ཀྱི་མགོར་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་(释迦牟尼佛的佛教)ཞེས་བྲིས་ཏེ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་དཔེ་ལ་ལྟོས་དང་གསལ།
དེ་ལྟར་འགའ་ཞིག་ལ་གསལ་ཁ་བཏོད། འགའ་ཞིག་ལ་མཆན་བུ་བཏབ་ནས་མཐར། ངེད་ཅག་ཐམས་ཅད་ཀྱིས་གྲོས་མཐུན་པར་བན་བོན་གཉིས་ཀའི་ནང་ནས་བློ་གཟུ་བོར་གནས་པ་རྣམས་ཀྱིས་གཟིགས་ན། སྐྱོན་མི་འདུག་ཅེས་པ་ཞིག་གི་ཐོག་ཏུ་ཐག་བཅད་ནས་ཕྱོགས་གཉིས་ཀ་སེམས་ནང་ཤིན་ཏུ་མཐུན་པོར་གྱུར་པ་ཡིན་ནོ། །
དེ་ལྟ་མོད་ཀྱི་ལོ་གཅིག་སོང་བའི་རྗེས་སུ་ད་དུང་ཡང་བན་བོན་གཉིས་ཀྱི་ནང་ནས་མི་འགའ་ཞིག་གིས་ཕན་ཚུན་ཚིག་ངན་གྱི་ཤགས་འགྱེད་བྱེད་བཞིན་འདུག ལར་བོད་ཀྱི་སྐྱ་སེར་གཉིས་ཀའམ་གྲུབ་མཐའ་ཕན་ཚུན་བར་དུ་དོན་ཅི་ཞིག་ཡོད་ཀྱང་ངོ་འཕྲད་ནས་གྲོས་བསྡུར་བྱས་ན་ཐག་མི་ཆོད་རྒྱུ་ཅི་ཡང་མེད་པས། འདི་འདྲའི་ཤགས་འགྱེད་མི་བྱེད་པར་ཞུ་ཞེས་སྙིང་ཐག་པ་ནས་ཞུ་བ་ཡིན། གང་གི་ཕྱིར་ཞེ་ན། བོད་མི་རིགས་འདི་འདྲའི་གྲངས་ཀ་ཉུང་ངུ་ཞིག་གི་ནང་དུ་རྩོད་པ་མང་པོ་ཞིག་བྱུང་ན་དེས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་གནོད་ངེས་ཡིན་ཞིང༌། སོ་སོས་ཆོས་སྤང་གི་ལས་ཚབས་ཆེན་ཡང་གསོག་པར་འགྱུར།དེས་ན་བོད་སྤྱི་པའི་མཐུན་སྒྲིལ་ལ་བསམ་བློ་གཏོང་རོགས་མཛོད། ཁོ་བོས་ཀྱང་བོན་པོའི་དགེ་བཤེས་རྣམས་ཕར་ལ་བཙལ་ནས་འབྲེལ་གཏུག་བྱས་པ་དང༌།དཔེ་ཆ་ལ་གསལ་ཁ་བཏོད་པ་དང༌།དོགས་སེལ་གྱི་འགྲེལ་བཤད་ཡང་ཡང་བྱས་པ་རྣམས་རྒྱུ་མཚན་དེ་ཁོ་ན་ལ་བསམས་པ་ཡིན། བན་བོན་གཉིས་ཀའི་རང་རང་གི་བླ་མ་གོང་མ་རྣམས་ཀྱིས་བཞག་པའི་ཆོས་དེ་ཉམས་སུ་ལེན་ཐུབ་ན་དེས་ཆོག་པ་ཡིན་གྱི། དེ་གཉིས་ཀྱི་མགོ་གང་ཡིན་དང་གཅིག་གི་ཁོངས་སུ་གཅིག་འདུ་མི་འདུ་སོགས་ཀྱི་རྩོད་པ་ལ་སྤྱིར་དགོས་པ་མེད་ཅིང༌། ཁྱད་པར་དུ་དེང་སང་གི་དུས་སུ་དེ་ལྟར་བྱེད་པ་ཤིན་ཏུ་སྐབས་སུ་མ་བབས་པས་ཕན་ཚུན་བརྩི་བཀུར་དང་མཐུན་སྒྲིལ་དང་རྒྱབ་སྐྱོར་གྱི་སྒོ་ནས་མཉམ་གནས་བྱ་རྒྱུ་གལ་ཆེའོ།། །།
རབ་གནས་ལྕགས་ཡོས་ལོའི་ཟླ༡༡པའི་ཚེས༡༡ཉིན་བྲིས་པ་དགེ་བར་གྱུར་ཅིག
མཚོ་སྔོན་པོའི་ཟིན་བྲིས་ལས་བཤུས།