གྱེས་བྲལ་གྱིས་བསླངས་པའི་སྐྱོ་གདུང་གི་དབྱངས་རྟ།
-----ངས་བརྗེད་དཀའ་བའི་འདུག་གྲོགས་ཁྲི་བློ་གྲོས་ལགས་རྗེས་སུ་དྲན་པ།
༡
ཇོ་ལགས། ལས་དབང་གིས་འུ་གཉིས།
ཕ་ཡུལ་དང་ཁ་ཐག་རིང་བའི་རི་སུལ་འདི་ལ་དེད།
རི་སུལ་འདིའི་ལྷིང་འཇགས་དྭངས་མོ་དཀྲོག་པའི།
དུང་དཀར་ཆ་འབུད་ཀྱི་དབྱངས་རྟ་སྙན་མོ་དང་།
འཁར་རྔ་དགུ་རྡུང་གི་སྒྲ་དབྱངས་གསར་བའི་ཁྲོད་ནས།
འུ་གཉིས་ཀྱིས། ཟླ་གམ་དང་རྩེ་ཞྭ་ཁུར་ནས་ཚོགས་ལ་ཆས་ཤིང་།
བྱམས་སྙིང་གི་ལྟ་བའི་ཟབ་ཚད་གཞལ་དུས།
འུ་གཉིས་ཀྱི་འཚོ་བ་ནི། ཅི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང་།
༢
ཇོ་ལགས། འུ་གཉིས་ལ་དབང་བའི་ཁང་མིག་དེའི་ནང་རོལ་ན།
ནམ་རྒྱུན། གཏམ་རྒྱུད་ཀྱིས་ཕྱུག་པའི་བརྗོད་སྙིང་གསོན་པོ་དང་།
ལ་རྒྱ་དང་ཕམ་ཉེས་ཀྱིས་བཞེངས་པའི་ཁྱོད་ཀྱི་སྙན་ངག་རེ་རེ།
ད་དུང་། བཀའ་པོད་རྣམ་ལྔའི་ཕོ་བྲང་ལ་བགྲོད་པའི་ཐེམ་སྐས་ཀྱི་ཐལ་སྒྲ་རེ་རེ།
ལྷོད་བག་གིས་འཁྱིལ་ཞིང་། འོད་མདངས་ཀྱིས་འཚེར་བའི་དུས་ཚིགས་རེ་རེ་ནི།
འུ་གཉིས་ཀྱིས་གླེང་མྱོང་བའི་ཤམ་བྷ་ལ་ཡིན་སྲིད།
༣
ཇོ་ལགས། དེ་དུས་འུ་གཉིས་ལ།
འཐུང་རྒྱུ་ཆུ་དང་། ཟ་རྒྱུ་རྩམ་སྐྱ་ལས་མེད་ན་ཡང་།
འུ་གཉིས་ཀྱི་སྤྲོ་སྣང་དང་། འུ་གཉིས་ཀྱི་དགོད་སྒྲ་རེ་རེ།
འུ་གཉིས་ཀྱི་སྤྱི་གཙུག་ན་མཐོ་བའི་བར་སྣང་དུ་འཕུར་ཞིང་།
འུ་གཉིས་ཀྱི་མཐོང་ལམ་ན་ཡངས་པའི་འཇིག་རྟེན་དུ་འཕྱོ་བས།
འུ་གཉིས་ཀྱི་ཁོར་ཡུག་དེ། དེ་དུས། ཅི་འདྲའི་དུང་སྣང་ཞིག
༤
ཇོ་ལགས། འཚོ་བ་ལ་མངར་ཁ་སྨིན་པའི་ལོ་ཟླ་འདི་དག་གི་ཁྲོད་ནས།
ཁྱེད་ནི། ཁྭ་ཏའི་ཨག་སྐད་ལ་སུན་པའི་ཁུ་བྱུག་ནང་བཞིན། ལྷོ་ལ་ཆས་པས།
ངའི་རི་སུལ་ཐམས་ཅད་ལ། སྐྱོ་གདུང་གི་ཁ་བ་བབས་བྱུང་།
ཀྱེ། མི་མེད་ལུང་སྟོང་ན་ལུས་པའི་ཁེར་རྐྱང་གི་རྨ་རྒྱལ་སྤོམ་ར།
སྐྱོ་གདུང་གིས་འགྲེང་བ་ནི་ཁྱོད་དང་། སྡུག་བསྔལ་གྱིས་མནར་བ་ནི་ང་ལས་སུ།
ངས། མིག་ཟུང་གི་འབྱེད་འཛུམ་བར་ནས། དགུན་ཟླ་བཅུ་བ་ཡིན་པ་རྟོགས་ཤིང་།
དགུན་ཟླ་བཅུ་བའི་ལྷགས་རླུང་རྩུབ་མོ་དང་ལྷན་དུ། ཁྱེད་ང་ཚོ་དང་གྱེས་པས།
སྐྱོ་གདུང་གི་དབྱངས་རྟའི་ཚོགས། མྱ་ངན་གྱིས་གཟིར་བའི་གོམས་སྟོབས་ལས་བཞུར།
༥
ཇོ་ལགས། ཁྱེད་འདི་ལྟར་ཆས་ཤུལ་དུ།
ངའི་དབེན་གནས་འདི་ཅི་འདྲའི་ཉམ་ང་བ་ཞིག་རེད་ཨང་།
ངའི་ཉེ་འགྲམ་དུ་འཁོར་བའི་སྲིན་བྱའི་ཐན་སྐད་རེ་རེ།
ངའི་རྡོག་ལམ་དུ་འཛིངས་བའི་ཚེར་སྤུང་གི་རྣོ་དབལ་རེ་རེ།
རེ་རེ་བཞིན། ངའི་ཡིད་གྱི་རྨ་ཁ་རེ་རེ་ཡིན་པས།
ཇོ་ལགས། ང་ཡང་ཉམ་ཐག་གི་ཚོ་ཁག་འདི་ལས་འཁྱམ་ལ་ཉེ།
༦
ཇོ་ལགས། ལྷན་འཛོམས་ནི། འཇིག་རྟེན་གྱི་བདེ་སྐྱིད་དང་།
གྱེས་བྲལ་ནི། འཇིག་རྟེན་གྱི་སྡུག་བསྔལ་ལགས་པས།
ད་ལྟ། སྐྱོ་གདུང་གི་ན་བུན་སྨུག་པོས། སེམས་ཀྱི་རྫ་ལུང་གཡོགས་ཤིང་།
དྲན་གཞས་ཀྱི་དབྱངས་རྟ་རེ་རེ། ཡིད་ཀྱི་གས་སྲུབས་ནས་འཐོར་བས།
ཇོ་ལགས། སྨན་རིའི་རི་རྒྱུད་ནས་ཆས་པའི་སེམས་ཁོང་གི་དུང་ཟླ་སྒོར་མོ།
༢༠༠༣,༣,༥ཉིན་བསྙེན་སྒྲུབ་ཀྱི་ཐུན་གསེང་ནས་བྲིས།