ད་ལྟའི་དགོན་སྡེ་བསམ་བློ་ནི་མྱང་འདས་ལམ་གྱི་གཤེད་མ་རེད།
ཐོག་མའི་གླེང་གཞི།
ངས་ཁ་བྱང་འདི་རྙེད་ནས་མི་ལོ་གཅིག་ལྷག་འགོར་བའི་ད་ལྟའི་བར་དུ་འདི་ལ་བསམ་གཞིགས་གང་མང་བཏང་བའི་དེ་རིང་གི་ཉིན་མོ་དངོས་སུ་བརྗོད་སྙིང་གཙོ་བོ་འདི་འབྲི་བཞེངས་བྱེད་རྒྱུ་ཡིན། འབྲི་འདོད་གཙོ་བོ་དགོན་པ་དང༌། བླ་མ། གྲྭ་པ་སོགས་ཀྱི་འབྱུང་འགྱུར་གླེང་འདོད་པ་དེའོ། །
དགོན་པ།
སྤྱིར་དགོན་པ་ཞེས་པ་ནི་དབེན་པའི་དོན་ཡིན་ལ། ཕྱིས་སུ་གྲྭ་པ་རྣམས་འཚོ་གནས་བྱེད་ས་དེ་ལ་དགོན་པ་ཟེར། གདོད་མའི་དུས་སྐབས་སུ་དགོན་པ་རྣམས་རི་བོའི་སུལ་དང་གྲོང་སྡེ་དང་ཐག་རིང་བའི་ས་ཕྱོགས་སུ་གནས་ཡོད་ལ། ཐར་བ་མྱང་འདས་སྒྲུབ་ས་གཙོ་བོར་ཆགས་ཡོད། བསམ་བློ་ཡང་“འདོད་ཆུང་ཆོག་ཤེས”དང༌། “དགེ་སྒྲུབ་སྡིག་སྤོང་”“བྱམས་བརྩེ་སྙིང་རྗེ”འཁོར་བ་དང་རྒྱང་ཐག་རིང་ཞིང་མྱང་འདས་ལ་མཁོ་བའི་མིང་ཚིག་དག་གི་བརྗོད་དོན་གྱིས་ཕྱུག་ཡོད། ཕྱིས་སུ་བླ་མ༼བླ་མིང་འཛིན་མཁན་ཚོ༽དང་གྲྭ་པ་སོགས་ཀྱི་སེམས་སུ་ཧམ་སེམས་ཀྱི་གདོན་ཞུགས་ཏེ་གྲོང་སྡེ་ཡི་ཉེ་གམ་དུ་བཅར་བའི་དུས་རབས་བྱུང་བས། དགོན་པ་ནི་ཐར་བ་མྱང་འདས་སྒྲུབ་ས་ཡི་ངོ་བོ་ནས་འགྱུར་ཏེ། དགོན་པ་ནི་ཕྱི་ཡི་འབྱོར་ཕྱུག་གི་བསྟི་གནས་ཤིག་ཏུ་གྱུར།
དུས་དེ་ནས་བཟུང་“དགོན་པ་ཐར་བའི་གླིང་”ཞེས་པའི་མིང་བྱང་སྣུམ་པོ་དེ་ཡང་འཁོར་བ་བསྐྲུན་འདོད་ཀྱི་ཧམ་སེམས་དང་ཆགས་སྲེད་ཀྱི་ངོ་བོར་གྲུབ་པས། དགོན་པ་ནི་སྲིན་མོའི་འཛུམ་བག་ཇི་བཞིན་བལྟས་ན་ཡིད་དུ་འོང་ཞིང་བསམ་ན་གཡོ་འཕྲུལ་གྱི་འཇིག་རྟེན་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ད་སྐབས་ཀྱི་དུས་འདིར་དགོན་པ་ན“འདོད་ཆུང་ཆོག་ཤེས”ཀྱི་བསམ་བློ་མེད་ལ“དགེ་སྒྲུབ་སྡིག་སྤོང”གི་འདུ་ཤེས་དེ་བས་ཀྱང་དབེན།“བྱམས་བརྩེ་སྙིང་རྗེ”ཡི་ངོ་བོ་འགྲན་སེམས་དང་གཡོ་སྒྱུ་ཡིས་ཟོས་པས་དགོན་པ་ནི་ཚུལ་འཆོས་ཀྱི་གདོང་འབག་གྱོན་པའི་མི་བོ་དག་བསྐུང་ས་དང་རུལ་སུངས་ཀྱི་བསམ་བློ་བ་སྐོར་ཞིག་སྡུག་འཆི་བྱེད་སའི་གནས་མལ་དུ་གྱུར་ཡོད།
དགོན་པ་ན་གཙུག་ལག་ཁང་དང༌། གསུང་རབ། སྐུ་གདུང༌། སྐུ་གཟུགས། མཆོད་རྟེན་སོགས་མང་པོ་ཞིག་ཁ་གསགས་དང་གཞོགས་སློང་གི་ངོ་བོ་ནས་གྲུབ་ཅིང་འགྲན་རྩོད་དང་མཐོ་བསྙེག་གི་ལམ་བུ་ནས་རྙེད་པས། དགོན་པ་ནི་འཁོར་བའི་བསམ་བློ་ཡིས་མ་སྦག་པའི་ཐར་བའི་གླིང་ཞིག་ཏུ་སུ་ཞིག་གིས་ངེས་འཛིན་ཐུབ་བམ། དགོན་པ་ན་འཇིག་རྟེན་མི་ཆོས་དང་མཐུན་པའི་བཟོ་གྲྭ་ཡོད་ལ་འཇིག་རྟེན་མི་ཆོས་དང་འཚམ་པའི་རྒྱུ་ནོར་འབྱོར་ཕྱུག་གི་མངའ་ཐང་སྐྱོང་བའི་གཞུང་ལམ་འཛོམ་པས། དགོན་པ་ན “ཆོས་ཀྱི་གྲོང་བརྡལ་དང༌། དབེན་པའི་གནས། ཞི་བའི་གྲོང༌།བསམ་གཏན་ཁང་”སོགས་ཇི་ལྟར་འབོད།
དགོན་པ་ན་བཤད་གྲྭ་ཡོད་ལ་སྒྲུབ་གྲྭ་ཡོད། སྤྱིར་བཤད་གྲྭ་དང་སྒྲུབ་གྲྭའི་ཁ་ཕྱོགས་གཙོ་བོ་ཐར་བ་མྱང་འདས་ཆེན་པོ་ཡིན་ལ་ད་སྐབས་རྒོལ་བ་གང་ཞིག་གི་ལངས་ཕྱོགས་ནས་འགྲེང་ཐུབ་པ་དང༌། རང་རང་གི་ངོ་སོ་དང་ཐོབ་ཐང་ངོམ་རྒྱུ་དེ་རེད། བཤད་གྲྭ་དང་སྒྲུབ་གྲྭ་ནི་བླ་མ་ཡིན་ཟེར་བའི་གང་ཟག་གང་མང་ཞིག་གི་རྒྱུ་ནོར་སྡུད་བྱེད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ད་ལྟའི་དགོན་སྡེ་བསམ་བློའི་ཁ་ཕྱོགས་ས་ནི་ཚོང་ལས་གཉེར་རྒྱུ་དང༌། མགྲོན་ཁང་གཉེར་རྒྱུ། རླངས་འཁོར་གྱི་བསྐྱེལ་འདྲེན་ལ་བརྟེན་ནས་རྒྱུ་ནོར་འཚོལ་རྒྱུ་དེ་ཡིན་ལ། “ཟས་གོས་ངན་ངོན་དང༌། དཀའ་སྤྱད་སྡུག་རུས”ཀྱི་ལམ་བུ་དེ་ཤོག་ལུད་བཞིན་རྒྱང་དུ་གཡུག་འདུག དོན་ངོ་མ་བཤད་ན་ད་ལྟའི་དགོན་པ་ནི་དགོན་པ་མ་རེད།
བླ་མ།
སྤྱིར་བླ་མ་ཞེས་པ་ནི་སྦྱངས་པའི་ཤེས་རབ་ཆེ་བ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་ཞིག་ལ་ཟེར་ཞིང༌། སྔོན་གྱི་བླ་མར་གྲགས་པ་བླ་མ་རི་ཁྲོད་པ་དང༌། མཚན་ལྡན་འདུལ་བ་རིན་པོ་ཆེ། ཀུན་མཁྱེན་ཤར་རྫ་བ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་རྣམས་ནང་བསྟན་པའི་གཞུང་ལུགས་ལ་མངའ་བརྙེས་ཤིང་ཚེ་དང་སྒྲུབ་པ་མཉམ་སྐྱོང་གི་གོ་རིམ་ཁྲོད་ནས་ཐམས་ཅད་མཁྱེན་པའི་འདས་ལམ་ཆེན་པོར་བསྙེགས། ངོ་མ་འདི་ལྟ་བུའི་སྐྱེས་ཆེན་ཚོ་ནང་སེམས་འདུལ་སྦྱོང་གི་ལས་ལ་དངོས་སུ་ཞུགས་ཤིང༌། མངའ་ཐང་དང་འབྱོར་ཕྱུག་མཛེ་བོའི་ཤ་བཞིན་ལྟ་བ་ནི“འདོད་ཆུང་ཆོག་ཤེས”“བྱམས་བརྩེ་སྙིང་རྗེ”“དད་པ་དག་སྣང་” གི་སྒུལ་ཤུགས་ལྡན་པས་མ་ཡིན་ནམ།
ངོ་མ་ཡིད་སྐྱོ་བ་ཞིག་ལ་དུས་འགྱུར་གྱི་ཁྲོད་ནས་བླ་མ་ཡིན་ཟེར་བ་མང་པོ་ཞིག་བྱུང་ཞིང༌། མང་པོ་ཞིག་གི་ལས་རིམ་ནི་མཐོན་པོ་ཁྲི་དང་ཕྱུག་པའི་འཛུམ། ཞིམ་པའི་ཟས་དང་བཟང་པོའི་གོས། མཛེས་པའི་རྒྱན་དང་སྒེག་པའི་ཉམས་སོགས་ལོངས་སྤྱོད་བྱེད་རྒྱུ་དེ་ཡིན་ལ། འཁོར་བའི་ཕུན་ཚོགས་ལ་འདོད་པ་ཆེ་ཞིང་འཁོར་བའི་ཕུན་ཚོགས་ཀྱིས་ཚིམ་པ་མེད་པ་ནི་ཁོ་ཚོའི་རྒྱན་དུ་འདོད་བཞིན། འཚང་རྒྱ་ཐབས་དེ་ཁ་ནས་བཤད་པ་ལས་དོན་དུ་ཤན་པ་སྡུག་བསྐྱལ་ཞིག་གི་བསམ་བློ་ལས་ཀྱང་ཐུ་བར་གྱུར་ཡོད།
འདི་ལྟ་བུའི་བླ་མ་ཚོར་ཚོང་རྫས་གཞན་མེད་ལ་གཅིག་ཡོད་པ་ནི་འདུ་ཁང་དང་མཆོད་རྟེན། གསེར་ཏོག་དང་རྒྱ་ཕིབས་རྣམས་ཡིན་ལ་དེའི་བར་གླེགས་ནས་རང་གི་འདུག་ཁྲི་མཐོན་པོ་དེ་ཡང་གཡོ་འཕྲུལ་གྱིས་རྙེད། ད་བར་བླ་མིང་འཛིན་པ་ཚོའི་གདུལ་བྱ་ནི་འབྲོག་པ་དང་རོང་བའི་རྒན་པོ་དང་རྒན་མོ་དག་མ་རེད། འབྱོར་ཕྱུག་དང་དབང་ཐང་གི་ལོངས་སྤྱོད་འཛོམས་པའི་རྒྱ་མི་དང་ཕྱི་གླིང་བ་སྐོར་ཞིག་རེད། ད་བར་གྱི་བླ་མིང་འཛིན་པ་ཚོའི་བཞུགས་ས་ནི་གཡའ་རི་གངས་བྲག་མ་རེད། འབྱོར་ལྡན་གྱི་ཁང་བརྩེགས་དང་མཐོང་ཡངས་པའི་ལྡིང་ཁང་ རེད། ད་བར་གྱི་བླ་མིང་འཛིན་པ་ཚོའི་བཞུགས་རོགས་ནི་བྱ་གཅན་རི་གཡུང་མ་རེད། འབྱོར་ལྡན་གྱི་སྲས་པོ་དང་སྲས་མོ་རེད། གང་ལྟར་ད་བར་གྱི་བླ་མིང་འཛིན་པ་ཚོ་བླ་ཕྲུག༼རང་གི་ཉེ་གནས་དང་འབྱོར་ཕྱུག་གི་འབྲེལ་ལམ་ནས་ངེས་འཛིན་བྱས་པའི་སྤྲུལ་སྐུ༽ཧ་ཅང་མང༌།
ངའི་དད་འདུན་གྱི་ཡུལ་དུ་གྱུར་པའི་བླ་མ་ནི་ཚེ་དང་སྒྲུབ་པ་མཉམ་སྐྱོང་གི་བླ་མ་ཡིན་ལ“འདོད་ཆུང་ཆོག་ཤེས” “དགེ་སྒྲུབ་སྡིག་སྤོང་” “བྱམས་བརྩེ་སྙིང་རྗེ” “དད་པ་དག་སྣང་” “ཐར་བ་མྱང་འདས”ཀྱིས་ཕྱུག་པའི་བླ་མ་ཆེན་པོ་ཡིན། དེ་ནི་ངའི་དད་ཕྱག་གི་ཀློང་ན་མངོན་པར་འཕགས་ཤིང་ངའི་དད་ཕྱག་གི་ཀློང་ནས་ནམ་ཡང་འབོར་མི་སྲིད། གང་ལྟར་བླ་མིང་ཙམ་འཛིན་པ་ཚོ་བླ་མ་མ་རེད།
གྲྭ་པ།
སྤྱིར་གྲྭ་པ་ཞེས་པ་ནི་དགེ་འདུན་པའི་མིང་ཡིན་ལ་དགེ་འདུན་པ་ནི་ཐུགས་དགེ་བ་ལ་དུས་རྟག་ཏུ་འདུན་པ་ཡོད་པའི་གང་ཟག་ལ་གོ་བས་གྲྭ་པའི་ཐུགས་རྒྱུད་ཀྱང་དགེ་བའི་བག་ཆགས་ཀྱིས་ཕྱུག་དགོས་པ་ཞིག་ཡིན། གྲྭ་པ་ཚོ“གྲྭ་པ་གྲྭ་རྐྱང་དང་ཟླ་གམ་ཁེར་རྐྱང་”གི་གོ་རིམ་ཁྲོད་ནས་འཚར་ལོངས་བྱུང་ཞིང་“ཟས་གོས་ངན་ངོན་དང་ལྟོ་སྐྱ་གོས་ཧྲུལ”གྱི་འཚོ་བའི་ཁྲོད་ནས་གཞུང་ཆེན་བཀའ་པོད་རྣམ་བདུན་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་བཞིན་ཐར་བ་མྱང་འདས་ལ་འཁོར་བའི་སེམས་དཔའ་རུ་གྱུར། གནའ་ནས་ད་བར་དུ་གྲྭ་པ་ཚོ་བླ་མ་ཚོའི་བྲན་གཡོག་གི་སྡེ་ལས་ཐར་མ་ཐུབ། གྲྭ་པའི་བསམ་བློ་ལ་བསྒྱུར་བཅོས་བྱེད་མཁན་བླ་མ་ཚོ་རེད། གྲྭ་པའི་བསམ་བློ་ལེགས་མིན་བླ་མ་ལ་ཐུག་ཡོད། གྲྭ་པ་ཚོ་ཡང་འབྱོར་ཕྱུག་གི་མེ་ཕུང་ཁྲོད་ན་གཟན་སྣེ་གཡོ་ཞིང་ཚུལ་མིན་གྱི་བྱ་སྤྱོད་ཁྲོད་ན་རང་ལུས་འདུར་བས་གྲྭ་བ་ཚོའི་བསམ་བློ་ཡང་སྤྱི་ཚོགས་སུ་ཕྱོགས་ཤིང་སྤྱི་ཚོགས་ཀྱི་སྟེགས་བུའི་སྟེང་ནས་སྨིན་དཀའ་བའི་སྟོང་ལབ་ཀྱི་འུད་སྒྲ་སྒྲོག་ཅིང་ཐོབ་ཀྱང་སྙིང་པོས་དབེན་པའི་འབྱོར་ཕྱུག་གིས་རང་ཁྱིམ་བཀང་ཚེ་དེ་ནི་རང་ཉིད་དང་འཚམ་པའི་རྒྱལ་ཁ་རུ་བསམ་བཞིན་ཡོད།
གྲྭ་པ་ཤན་པ་མ་རེད་ལ་ཚོང་དང་ཁེ་སྤོགས་ཀྱི་བྲན་གཡོག་དེ་བས་མ་རེད། གྲྭ་པ་ཁྱིམ་པ་མ་རེད་ལ་སྤྱི་ཚོགས་ཀྱི་བདག་དབང་དང་འཇིག་རྟེན་པའི་ལོངས་སྤྱོད་གཉེར་བའི་བདག་པོ་དེ་བས་ཀྱང་མ་རེད། གྲྭ་པ་ཚོ“འདོད་ཆུང་ཆོག་ཤེས”ཀྱི་བདག་པོ་རེད། འདོད་པ་གང་ལ་ཆུང་ན་འཁོར་བའི་ཕུན་ཚོགས་ལ་ཆུང་ཞིང་ཆོག་གང་ལ་ ཤེས་ན་ཁེ་གྲགས་དང་དབང་ཐང་ཆོག་པར་མཛད་དགོས།
གྲྭ་པ་ཚོས་སློབ་སྟོན་གནང་བཞིན་ཡོད། སྤྱི་ཚོགས་ཀྱི་སྟེང་དུ་ཞུགས་ནས་འཇིག་རྟེན་མི་ཆོས་གཉེར་བའི་གང་ཟག་ལ“དགེ་སྒྲུབ་སྡིག་སྤོང་”དང་“འདོད་ཆུང་ཆོག་ཤེས”ཀྱི་སློབ་སྟོན་གནང་བཞིན་ཡོད། གྲྭ་པ་ཚོས་སློབ་སྟོན་གནང་བཞིན་ཡོད། དགར་དང་དགོན་པའི་གླིང་ནས་བསྡད་དེ་དམ་པའི་ལྷ་ཆོས་སྦྱང་བའི་སྐྱེས་བུ་ལ་ཁྱིམ་ཐབས་སུ་མཁོ་བའི་བཟོ་འཛུགས་ཤེས་བྱ་དང་“འདོད་ཆུང་ཆོག་ཤེས”ཀྱི་གཤེད་དུ་གྱུར་པའི་འབྱོར་ཕྱུག་དར་སྤེལ་གྱི་ཤེས་བྱའི་སློབ་སྟོན་གནང་བཞིན་ཡོད། ཆ་མི་སྙོམས་པའི་སློབ་སྟོན་འདི་དག་ཆོས་དང་འཇིག་རྟེན་གང་ཡིན་ཡང་རང་ལམ་གྱི་བཀག་རྡོ་རུ་གྱུར་ཡོད། ངོ་མ་གྲྭ་པ་ཚོ་གྲྭ་པ་མ་རེད།
མཇུག་གི་གཏམ།
དོན་ངོ་མ་ང་རང་ཉིད་སྐྱོན་གྱིས་མ་གོས་པའི་གྲྭ་པ་ཞིག་མ་ཡིན་ནའང་གྲྭ་པ་ལ་མཁོ་བའི་ཤེས་བྱ་ལ་བསམ་གཞིག་གཏོང་བཞིན་ཡོད། ད་ལྟའི་དགོན་སྡེ་བསམ་བློ༼སེམས་ཀྱི་འཆར་ཚུལ༽ནི་ཕྱི་འཇིག་རྟེན་པའི་བསམ་བློའི་སྣང་ཚུལ་གྱིས་ཕྱུག་ཡོད་པས“ད་ལྟའི་དགོན་སྡེ་བསམ་བློ་ནི་མྱང་འདས་ལམ་གྱི་གཤེད་མ་རེད”ཟེར་དོན་ཡང་དེ་ཡིན། ནང་བསྟན་པའི་བསམ་བློའི་བརྗོད་སྙིང་གཙོ་བོར“འདོད་ཆུང་ཆོག་ཤེས” “བྱམས་བརྩེ་སྙིང་རྗེ” “དགེ་སྒྲུབ་སྡིག་སྤོང་” “དད་པ་དག་སྣང་”གིས་ཀུན་ནས་དྲངས་པའི་ཚེ་དང་སྒྲུབ་པ་མཉམ་སྐྱོང་གི་ཐར་བ་མྱང་འདས་ཆེན་པོ་འཛིན་དགོས་ལ་དེ་མ་བཟུང་བས་བླ་མ་དང་གྲྭ་པ་ཚོ་སྣང་ཚུལ་འདི་བྱུང་བ་རེད།
འུ་ཅག་གི་དགོན་སྡེ་བསམ་བློ་ནང་བསྟན་པའི་བསམ་བློ་རེད། ད་ལྟའི་བླ་མ་དང་གྲྭ་པ་སུ་ཡིན་ཡང་བསམ་བློ་འདི་གཙོ་བོར་མ་བཟུང་ན་འུ་ཅག་སུ་ཡིན་ཡང་འཇིག་རྟེན་སྟེང་གི་རི་སྤྱང་སེར་པོ་དང་རི་སྤྱང་དམར་པོ་ཅི་ལ་མིན། འུ་ཅག་གི་དགེ་སྐྱོན་ནི་འུ་ཅག་གིས་ངེས་པར་དུ་གླེང་དགོས་ལ་འུ་ཅག་གི་བགྲོད་ལམ་དེར་འུ་ཅག་ངེས་པར་དུ་འགྲོ་དགོས་པ་ནི་ངས་བརྗོད་འདོད་པ་གཙོ་བོ་ཡིན་ནོ། །
2010/4/25-29བར་རྔ་བ་ནས་བྲིས།