སྟོན་པ་ཐུབ་པ་ནི་དོན་ངོ་མ་སྤྲུལ་སྐུ་ཞིག་གམ་སངས་རྒྱས་ཤིག་ཡིན།
ངའི་སེམས་སུ་ནམ་ཡང་ཡལ་བ་མེད་པ་ནི་སྟོན་པ་ཐུབ་པ་སངས་རྒྱས་ཤིག་ཡིན་པའི་འདུ་ཤེས་དེ་ཡིན་ལ། འདུ་ཤེས་དེ་ནི་མི་གང་རུང་ཞིག་གི་ངག་སྒྲོས་ལས་རྙེད་པ་ཡིན། དཔེ་ཀློག་གི་བར་གསེང་ནས་འདུ་ཤེས་དེ་ཐེ་ཚོམ་གྱི་དྲ་བར་ཚུད་ཅིང་འདུ་ཤེས་དེ་རློམ་སེམས་ཤིག་ལས་ཡང་དག་གི་རིག་པ་བཅོམ་པའི་གཤེད་མར་གྱུར།གཞུང་ལས་ཚོགས་གཉིས་ཀྱི་འབྲས་བུ་གདུལ་བྱ་ལ་མ་ངེས་ལྔ་ལྡན་དུ་སྣང་བ་སྤྲུལ་སྐུའི་མཚན་ཉིད། སྤངས་རྟོགས་མཐའ་དག་ཕུན་སུམ་ཚོགས་པ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་དུ་བཞེད་ཡོད་ལ། འདི་ནི་སྤྲུལ་སྐུ་དང་སངས་རྒྱས་ཀྱི་ཚད་འཛིན་སའི་གཞི་རུ་གྱུར། རྣམ་མཁྱེན་མ་ཐོབ་པའི་ང་ཚོ་སུ་ཡིན་ཡང་སྤྲུལ་སྐུ་དང་སངས་རྒྱས་ཡིན་ཚད་ལ་དཔྱད་དུས་གཞུང་ལས་གསུངས་པའི་འདི་གཉིས་ཀྱི་འཇོག་བྱེད་ལ་ལྟ་དགོས། སྟོན་པ་ཐུབ་པ་ནི་དོན་ངོ་མ་སྤྲུལ་སྐུ་འམ་སངས་རྒྱས་ཀྱི་འཇོག་བྱེད་ལྡན་ནམ། ང་ཐེ་ཚོམ་དུ་གྱུར།
སྒ་རིགས་ཀྱི་སྟོན་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་དུ་དྲངས་པ་ལྟར་ན་ཐུབ་པ་ནི་སྤྲུལ་སྐུ་མ་ཡིན་ཏེ། ཞབས་ནས་རྣག་ཟག་པ་དང༌། སྐུ་རྒྱབ་སྙུང་བ་དང༌། འཁྲུལ་བ་ལས་སོགས་རྣམ་སྨིན་ལྷག་མ་དང་བཅས་པའི་ཕྱིར།མི་བཞིན་ནོ།། རྟག་ཏུ་མཉམ་པར་བཞག་པ་ཡང་མ་ཡིན་ཏེ།མཉམ་པ་ལས་བཞེངས་ནས་བསོད་སྙོམས་སྤྱོད་པས་སོ།། འགྲོ་དོན་རྟག་ཏུ་བྱེད་པ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་ནས་ཐུགས་ནམ་མཁའི་སྤྲིན་དྭངས་པ་ལྟར་ཞི་བའི་ཕྱིར་རོ།། ཞེས་ཟེར་རོ།། ཞེས་པ་ལ་གཞིག་ན་སྟོན་པ་ཐུབ་པ་ནི་སྤྲུལ་སྐུ་མ་ཡིན་པ་དང་རྣམ་སྨིན་ལྷག་མ་ཡོད་པ་སོགས་བསྟན་ཡོད་ལ་དོན་དུ་སྟོན་པ་ཐུབ་པ་སྤྲུལ་སྐུ་དང་སངས་རྒྱས་མ་ཡིན་ན་ཆོག་པར་སྙམ།རྒྱུ་མཚན་གང་རེད་ཟེར་ན་ཁོའི་བསྟན་པ་ལ་རྣམ་རྩོད་སྡེ་གཉིས་དང་རང་རྒྱལ་གྱི་ཐེག་པ་མ་གཏོགས་མེད་ལ་ཐུབ་པ་རང་ཉིད་ཀྱང་འདི་གསུམ་གང་རུང་གི་རང་ལམ་ནས་དགྲ་བཅོམ་ཐོབ་རྒྱུ་ལས་རང་ཉིད་ཀྱི་དགོངས་པ་མ་ཡིན་པའི་ཐེག་ཆེན་གྱི་རང་ལམ་ནས་སངས་རྒྱས་མི་ཐོབ་པ་ནི་ང་ཚོས་དཔྱད་སྟོབས་ཀྱིས་ངེས་སླ་བར་སྙམ། ཐུབ་པ་སངས་རྒྱས་མ་རེད་ལ་ཐུབ་བསྟན་རིག་གནས་ལ་ཡང་སྟོབས་དང་ལྡན་པའི་སྒུལ་ཤུགས་མེད་པར་གྱུར། ཐུབ་བསྟན་རིག་གནས་ང་ཚོ་བོད་ཀྱིས་ནང་འདྲེན་བྱས་པ་ནས་བཟུང་ང་ཚོ་ལ་གོད་ཆག་གི་ལམ་བུ་བསྐྲུན་ཞིང་བོད་རྒྱལ་གྱི་བསམ་བློ་དང་མངའ་ཐང་བཅོམ་པའི་གཤེད་མར་གྱུར། ཡིད་ཕམས་པ་ཞིག་ལ་ཐུབ་བསྟན་རིག་གནས་ཀྱིས་ང་ཚོ་ལ་བཟོས་པ་བགྲེང་གིས་མི་ལང༌། འདི་ནི་དོགས་གཞི་ཞིག་གི་སྣེ་མོ་ཟུར་ཙམ་གླེང་བ་ཡིན་ནོ། །
༢༠༡༠- ༦- ༡༧ཉིན་རེབ་གོང་ནས་བྲིས།