བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག 
[ 2011/12/25 23:28:00 | By: བོན་ནག་ཚང་། ]
 

 

བོན་པོ་ཚོས། རང་གི་ཞྭ་མོ་གང་ཡིན་ཤེས་ཀྱིན་མི་འདུག

 

 

ང་རང་བོན་པོ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ཡང་དག་པའི་བོན་གཞུང་དང་མཐུན་ཞིང་ལྟ་སྒོམ་སྤྱོད་གསུམ་ཡང་བསླད་མེད་པའི་བོན་གཞུང་གི་ངོ་བོ་ནས་འགྲེང་ན་འདོད། ད་སྐབས་བོན་པོའི་དགོན་པ་ཆེ་ཤས་དང་བོན་དགོན་མཐོ་ཤས་སུ་བོན་གྱི་ཞྭ་མོ་སོགས་གཡུགས་ནས་ཞྭ་སེར་གྱོན་ཏེ་གང་སྣང་ཐམས་ཅད་རྒྱན་དུ་ཤར་བཞིན་ཡོད། བན་མིན་བོན་མིན་གྱི་དགོན་པ་རྣམས་ཀྱིས་མི་ལོ་ཁ་ཤས་ཀྱི་ཡར་སྔོན་ལ་བོན་ཞྭ་ཁ་ཤས་བཟོས་ནས་གྱོན་བཞིན་ཡོད་ལ་དེ་ནི་དེ་ལས་ཀྱང་ཟོལ་ཉམས་ལྡན་པ་ཞིག་མ་ཡིན་ལ་བོན་ཚུགས་ཤོར་བའི་རང་མཚང་ཞིག་ལྷང་ལ་བུད་པ་དེ་རེད། ད་སྐབས་བོན་གྱི་གྲྭ་བའི་དགོན་པར་ལྟོས་ན་མདོ་སྨད་མཚོ་སྔོན་ཡུལ་གྱི་བོན་པོའི་སྔགས་དགོན༼དཔོན་གྱི་དགོན་པ༽རྣམས་ཀྱིས་བོན་རང་གི་ཐུན་མིན་གྱི་གོས་ལྭ་སོགས་མནབ་ནས་བོན་ཚུགས་ཤོར་མེད། བོན་གྱི་གཞུང་ལུགས་སོགས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་མང་པོ་ཡོད་ན་ཡང་ཆུང་ས་ནས་རང་ཚུགས་ཤོར་སོང་ན་ཆེ་ས་སྒྲུབ་ཀྱང་དེ་འདྲ་ཞིག་རེད། རྐྱེན་དེའི་དབང་གིས་ངས་རེབ་གོང་བོན་མང་གི་དྲ་བའི་སྟེང་དུ་དྲི་བ་འདི༼ཞྭ་སེར་༼རྔོག་ཞྭ༽འདི་ང་ཚོ་བོན་ལུགས་ཀྱི་ཞྭ་ཞིག་མ་ཡིན་པ་ང་ཚོས་ཤེས་ཟིན་པ་རེད། ཤེས་བཞིན་དུག་འཐུང་གི་བྱ་བ་ཞིག་སྒྲུབ་དགོས་པ་ཅི་ཡིན། གར་འཆམ་ལས་གྲྭ་བ་ཚོས་ཞྭ་དཀར་རྩེ་རྒྱལ་གྱོན་ཡོད་ལ་ཞྭ་སེར་རྔོག་ཞྭ་ཡང་གྱོན་ཡོད། རྒྱལ་བ་སྨན་རི་དགོན་ལས་གཞན་རྔ་ཡུལ་སྣང་ཞིག་དགོན། རང་དགོན་བོན་བརྒྱ་དགོན། ཁྱུང་ཡུལ་ཀོ་རྒྱལ་དགོན་སོགས་ན་ཞྭ་དཀར་དང་ཞྭ་སེར་བསྲེས་ནས་གྱོན་བཞིན་ཡོད། འདི་ལྟར་སོང་ཚེ་འུ་ཚོའི་མགོ་བོ་ཡང་བྱ་པུ་ཤུད་ཀྱི་མགོ་བོ་དང་འདྲ་བར་ཁྲ་བོ་ཞིག་ཏུ་གྱུར་ངེས། ང་ལ་དབང་ཆ་ཞིག་ཡོད་ཚེ་རིང་ལུགས་ཀྱི་ཞྭ་དཀར་ཁོ་ན་གོན་ངེས།༽བཀོད་པ་ཡིན། བོན་པོ་ཚོ་ངོ་གནོང་བ་དང་གང་ཡིན་མི་ཤེས་མོད་བོན་གྱི་བླ་མ་དང་དགེ་བཤེས། མཁས་དབང་་སོགས་ཀྱིས་དྲིས་ལན་བྱུང་མ་མྱོང་། ཁོ་ཚོའི་སྣང་ངོར་དེ་ནི་བྱ་བ་ཆུང་ཆུང་ཞིག་ཏུ་སྣང་ན་ཡང་་དེ་ནི་ཧ་ཅང་གི་ཆུང་བ་ཞིག་མ་ཡིན་ལ་བོན་གྱི་གཏིང་ཟབ་པའི་གཞུང་ལུགས་སོགས་ལ་འབྲེལ་བ་དམ་ཟབ་ཡོད། བོན་གྱི་གཏིང་ཟབ་པའི་གཞི་ལམ་འབྲས་གསུམ་གྱི་ངོ་བོ་མཚོན་པའི་བོན་གྱི་ཞྭ་དཀར་རྩེ་རྒྱལ་དང་པད་ཞུ་སོགས་ཞྭ་སྣ་མི་འདྲ་བཅུ་ཁ་ཞིག་ཡོད་མོད་བོན་པོ་ཚོ་དེ་ལ་ཐོགས་པ་མེད་པར་ཞྭ་སེར་གྱོན་བཞིན་ཡོད། བླ་ཆེན་གྱི་ཞྭ་བཤད་ལས་ཞྭ་སེར་རྔོག་ཞྭ་ནི་བདུད་ཞྭ་ཞིག་ཏུ་བགྲེང་ཡོད་ལ། འདི་ནི་གྲུབ་མཐའི་ཕྱོགས་ཞེན་དང་དོན་ངོ་བོའི་གནས་ཚོད་གང་ཡིན་ང་ཚོས་མི་ཤེས་ན་ཡང་བདག་ཅག་གི་སྟོན་པ་གཤེན་རབ་ཀྱི་ཐུགས་ཀྱི་ལས་དཔོན་བླ་ཆེན་དྲན་པ་ནམ་མཁའི་གསུང་ནི་བོན་པོ་ཚོ་མཚོན་ན་གཏིང་ཟབ་པའི་བོན་གཞུང་གཙང་མ་ཞིག་ཏུ་འཁུམ་དགོས་པ་ཟློག་ཏུ་མེད་པའི་བོན་ཉིད་རེད། དོན་ངོ་མ་བོན་པོ་ཚོས་རང་གི་བླ་མའི་གསུང་ལ་རྒྱབ་འགལ་བྱེད་བཞིན་བོན་བསྟན་ནུབ་པའི་ཆ་རྐྱེན་བརྩོན་ལེན་བྱེད་ཀྱིན་ཡོད་འདུག བོན་གྱི་བླ་མ་ཁ་ཤས་ཀྱིས་ཞྭ་སེར་དེ་བོན་གཞུང་དང་མཐུན་ཐབས་སྨྲར་བཞིན་ཡོད་ན་ཡང་ང་ཚོས་དགོས་ངེས་དེ་ཤེས་དགོས་རྒྱུ་གཙོ་བོ་རེད། ད་སྐབས་གྲུབ་མཐའ་གང་ཡིན་རུང་གཅིག་གཅིག་གིས་གཉའ་གནོན་ཡོད་ནི་མ་རེད། བོན་པོ་ཚོ་ཡང་རང་ས་ནས་འཕགས་ཏེ་རང་གི་གོན་པ་ལ་བདག་གཉེར་ཞིག་བྱེད་ཐུབ་ན་འགྲིག་འདུག བོན་པོའི་བོན་ཞྭ་ལ་རྒྱུས་ལོན་བྱེད་འདོད་ན་བླ་ཆེན་གྱི་ཞྭ་བཤད་པི་ཝང་དྲུག་འགྱུར་དང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ། ཁྱུང་སྨོན་ལམ་ལགས་ཀྱིས་མཛད་པའི་གཡུང་དྲུང་བོན་གྱི་ཞྭ་བཤད་སོགས་ལ་གཟིགས་དང་ཐུན་མིན་གྱི་ངོ་མཚར་དེ་སོགས་ན་གསལ།  འདི་ནི་བདག་གིས་བརྙས་སྨོད་བཏང་བ་་མ་ཡིན་ལ་གཞན་ཞིག་གིས་ཚིག་བརྡ་ཕུལ་བ་ལས་རང་གིས་མགྱོགས་བྲིས་བྱས་ན་ཅི་ལ་སྐྱོན། འདི་ནི་བོན་པོ་ཡིན་ཚད་ལ་འགན་ཡོད་ན་ཡང་གཙོ་བོ་དགོན་བདག་བླ་མ་དང་འབྲེལ་བ་དམ་ཟབ་ཡོད་པས་དགོན་བདག་བླ་མ་ཚོས་བསམ་གཞིག་ཡང་དག་ཞིག་གནང་རྒྱུ་མཁྱེན་མཁྱེན་ཞེས་པའི་རེ་ཞུ་སྙིང་ནས་ཕུལ་བ་ཡིན་ལགས་སོ།།

 

༢༠༡༡  ༡༢  ༡བོན་ནག་ཚང་གིས་རིག་འབྱུང་ཡུལ་ནས་བྲིས།

 

 

 

 

 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2012/1/6 20:21:02 | By: yxlz ]
 
yxlzགྲོགས་འཇམ་བསམ་ལགས་འདིར་ཕེབས་པར་དགའ་པོ་འདུག འདི་ནི་བོན་གྱི་གཞུང་ལུགས་མི་ཤེས་མཁན་ཞིག་མཚོན་ན་དེ་འདྲ་འདུག འདི་དག་སེམས་ལ་ཞྭ་ཙམ་གྱིས་བསྟན་པ་མི་ཡོང་བསམ་བཞིན་ཡོད་མོད་དེ་ཙམ་ཞིག་མ་རེད། ཞྭ་དཀར་རྩེ་རྒྱལ་གྱིས་བོན་གྱི་བསྟན་པ་སྤྱི་བསྡོམས་བྱས་འདུག དེ་ལྟོས་ན་ཞྭ་ཙམ་ལ་དོ་སྣང་བྱེད་དགོས། འདི་ང་ཚོའི་བར་གྱི་སྐད་ཆ་རེད། ངས་ཟིན་གྲོགས་བྱམས་པ་ལགས་ལ་ལན་སྟེར་འདོད་མེད་ཀྱང་གྲོགས་འཇམ་བསམ་གྱི་ཟུར་མཆན་ལས་འདི་ཤོར་ཐལ། དགོངས་འགལ་མེད་པར་ཞུ། བོན་ནག་ཚང་གིས་གནའ་མཁར་ཟི་ལིང་ནས།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2012/1/6 17:40:47 | By: yxlz ]
 
yxlzནུབ་བྱང་གླིང་གི་བྱམས་པས་ལན་འདི་སེམས་ཀྱིས་བཞེས་རོགས།
བོན་ནག་ཚང་གིས། བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག་ཞེས་པའི་དཔྱད་བརྗོད་ཡང་དག་པ་འདི།
ཕྱོགས་སུ་ལྷུང་བའི་གཏམ་དུ་སྣང་བ་མ་ཡིན་ཏེ།
ཅིའི་ཕྱིར་ཞེ་ན། རང་རང་ལུགས་ལ་རང་རང་གི་ཁྱད་ཆོས་ངོ་མཚར་བ་ཡོད་པས་སོ། །
ཁྱེད་ཀྱིས་(བོན་པོ་ཡིན་ན་ཞྭ་དཀར་གྱོན་དགོས་པའི་ངེས་པ་མ་འདུག་སྟེ།
ཞྭ་སེར་གྱོན་ནའང་མུ་སྟེགས་པའི་ཞྭ་མ་ཡིན་པ་རེད། )
ཅེས་རྟགས་ལྟར་སྣང་ཞིག་འགོད་ཡོད་འདུག
འོ་ན་ཁྱེད་རང་གི་ཟྭ་ལར་གྱི་ཞྭ་དང་གྱོན་པ་སོགས་གོན་ན་ཆོག་པར་ཐལ།
དེ་དག་མུ་སྟེགས་པའི་གྱོན་པ་སོགས་མ་ཡིན་ཞེས་བཤད་ན་ལན་གང་ཡོད།
ཡང་ཁྱེད་ཀྱིས་(བོན་པོ་དང་བན་དེ་ཞེས་སོ་སོར་བཀར་མཁན་ཉུང་བའི་ཞེས་པ་ནས་ཁྱེད་ཀྱི་ལྟ་བ་ཁོ་ན་རེད)ཅེས་པ་འདི་ཡང་མ་ཤེས་པའི་གནས་ཡིན་ཏེ།
བོན་དང་བན་གཉིས་ལ་ཁྱད་པར་མེད་པ་མ་ཡིན་ཏེ། དགེ་བཤེས་རྣམ་པའི་མཁྱེན་ནོ། ། གང་ཡང་མི་ཤེས་པའི་སློབ་ཆེན་དག་གིས་ད་སྐབས་ཁྱད་པར་ཕྱེ་མི་ཐུབ་པས་རེ་ཞིག་བཏང་སྙོམས་སུ་བཞག་པ་རེད། རང་ཉིད་ཀྱིས་མི་ཤེས་ན་གཞན་གྱིས་མི་ཤེས་པའི་བསམ་བློ་དེ་ནོར་འཆུག་རེད།
རྒྱ་གར་དང་བོད་ཀྱི་གྲུབ་མཐའ་དག་གི་ཁྱད་པར་མི་ཤེས་པའི་བྱམས་པ་ཁྱེད་ཉིད་ཀྱི་དཔྱད་བརྗོད་འདི་ངས་དཔེ་མང་བརྩེགས་པའི་སྒྱུ་མའི་ལྡིང་ཁང་ནས་བསམ་བློ་ཕྲན་ཙམ་རེ་བཏང་ན་རང་ཉིད་གཅིག་པུར་གནས་དུས་ཅ་ཅོ་འཆོར་དབང་མེད་དུ་ཤོར་བྱུང་།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2012/1/1 16:10:07 | By: སྐུ་མགྲོན་o6Kv40(སྐུ་མགྲོན) ]
 
སྐུ་མགྲོན་o6Kv40(སྐུ་མགྲོན)འོ་རེད་ང་ཚོའི་ཞྭ་ཙམ་གྱིས་ག་ལ་ཚད། གཟན་དང་སྟོད་འགག་སོགས་མང་པོ་ཞིག་རང་གི་ཡིག་ཆ་དང་མི་མཐུན་བཞིན་དུ་དག་འདོད་བྱེད་ཀྱི་འདུག འདི་དག་དགོན་བདག་དང་མཁན་སློབ་ཚོས་ཡིད་དུ་ངེས་དགོས་འདུག་སྙམ། ཁྱུང་ཡུལ་ནས་སྨྱུག་མཛེས་ཀྱིས།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/31 22:37:32 | By: xianba ]
 
xianbaའདི་ཅུང་ཟད་ཕྱོགས་སུ་ལྷུང་བའི་གཏམ་དུ་སྣང་བ་འདྲ། བོན་པོ་ཡིན་དགོས་ན་ངེས་པར་ཏུ་ཞྭ་དཀར་གྱོན་དགོས་པའི་ངེས་པ་མི་འདུག ཞྭ་སེར་གྱོན་ནའང་མི་སྟེགས་པའི་ཞྭ་མ་ཡིན་པ་རེད། ཡང་གཅིག་བཤད་ན་དེང་སྐབས་བོན་པོ་དང་བན་དེ་ཞེས་སོ་སོར་བགར་མཁན་ཉུང་བའི་སྐབས་ཏག་ཏག་ལ་ཁྱོད་ཀྱིས་རང་གི་ཞྭ་རང་གིས་གོན་དགོས། གཞན་གྱི་ཞྭ་གོན་ན་མི་འདོད་པ་ཞེས་སྨྲ་བཞིན་པ་དེ་ཁྱོད་ཀྱི་ལྟ་བ་ཁོ་ན་རེད། ཚང་མ་ནང་བ་ཡིན་པའི་ཆ་ནས་སྐྱོན་གང་ཡང་ཡོད་མི་འགྱུར། སོ་སོ་ཞེས་ཟུར་དུ་འབུད་འདོད་པ་ནི་ཧ་ཅང་མི་འཐད་དོ།། བྱམས་པས། ནུབ་བྱང་གླིང་དུ།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/30 13:59:37 | By: yungdong ]
 
yungdongཁོ་བོས་གསུངས་བ་དེ་ངོ་མ་རེད། ང་ཚོའི་བོན་སྒོར་ཞུག་ནས་བོན་གྱི་ཆ་ལུགས་དེ་སྤྱོད་ན་བོན་གྱི་གཟི་རྗིད་རེད་སྙམ། མཐར་ཁོ་བོས་བོན་པོ་ཚང་ལ་བསྐུལ་བརྡ་བཏང་བ་བཀའ་དྲིན་ཆེ་ཞུ།
སྐྱང་ཁ་མ་ཚང་གིས།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/30 0:29:49 | By: yxlz ]
 
yxlzགོང་གི་མཆན་དེ་དག་རི་བོ་དགེ་ལྡན་པའི་གྲྭ་བ་ཚོས་མཚོ་སྔོན་པོའི་ཟིན་བྲིས་སུ་བཀོད་པ་རེད། འདི་དངོས་སུ་བལྟ་འདོད་ན་བདག་གི་ཟིན་བྲིས་རྐན་སྒྲ་ལ་གཟིགས་དང་དེ་ནས་ཤེས། འདི་ནི་འུ་ཅག་ལ་བསྐུལ་བརྡ་བཏང་བ་རེད་དོ།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/30 0:17:21 | By: yxlz ]
 
yxlzའདི་བཞིན་བོན་པོ་ཚོས་རང་ཉིད་གྱོན་གོས་དང་ལྟ་གྲུབ་ཐུན་མོང་མ་ཡིན་པ་དག་ལ་ཉ་དང་ཉུང་མ་མ་བསྲེས་ན་སྐུ་དྲིན་ཤིན་ཏུ་ཆེ།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/30 0:15:04 | By: yxlz ]
 
yxlzབོན་གྱིས་ཞྭ་སེར་གྱོན་པ་ནི་དགེ་ལུགས་པའི་ལག་ནས་དབང་ཆ་འཕྲོག་འདོད་པ་རེད། གང་ལྟར་བོན་གྱིས་རང་གི་ཞྭ་མོ་གྱོན་ན་བཟང་གི་འདོད། ཉིན་ཞིག་ཞྭ་མོ་བརྩད་ནས་འཁྲུག་པ་བྱུང་ན་ང་ཚོ་ཚང་མར་དཀའ་ལས་ཁག་པོ་བཟོས་པ་མ་རེད་དམ།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/30 0:05:10 | By: yxlz ]
 
yxlzགྲོགས་པོ་ལགས། ངས་བསམ་ནའང་བོན་ཚང་མ་བཀའ་བགྱོན་གནང་ན་འགྲིག་གི ད་བོན་པོ་ཚང་མའི་ཞྭ་སེར་གྱོན་པ་དེ། ཡང་ན་གྲུབ་མཐའ་ལ་ཕྱོགས་རིས་མེད་པའི་རྟགས་ཤིག་ཡིན་བསམ་ན་ཐང་། དེ་ཡིན་པའི་དབང་དུ་བཏང་ན་ཉིན་ཞིག་ལ་བོན་པོའི་ཐ་སྙད་འདི་རང་ཤུགས་ཀྱིས་མེད་པར་བཟོས་འགྲོ། དེའི་སྐབས་དེ་སྟོན་པ་གཤེར་རབ་ཀྱི་ཅི་གསུང་བ་ཤེས་སུ་བཅུག དེ་མིན་ན་ཤེས་བཞིན་དུ་དགེ་ལུགས་པའི་ངེས་པར་གྱོན་བཞིན་པའི་ཞྭ་སེར་དེ་བོན་རང་གི་གྱོན་ན་བོན་པའི་ལྟ་སྒོམ་སྤྱོད་གསུམ་དེ་རྒྱ་མཚོའི་ནང་དུ་ཁ་བ་ཐིམས་པ་བཞིན་དུ་གར་སོང་ཆ་མེད་འགྲོ་བའི་སྔ་ལྟས་ཡིན།སོམས་ཤིག དགེ་ལུགས་པའི་རྗེས་འབྲངས་ཤིག་གིས
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/27 14:03:56 | By: yxlz ]
 
yxlzགྲོགས་པོ་ཚོ་བྱོན་པར་དགའ་པོ་འདུག དྲུང་མུ་གྱེར་གྱིས་བདག་ལ་རྒྱབ་བསྐྱོར་བྱས་པ་བཀའ་དྲིན་ཆེ། དྲུང་མུ་གྱེར་གྱིས་བོན་ལ་རྒྱབ་བསྐྱོར་བྱས་པ་དངོས་ནས་བཀའ་དྲིན་ཆེ། བོན་ནག་ཚང་གིས།
 
 
Re:བོན་པོ་ཚོས། རང་གི་ཞྭ་མོ་ཤེས་ཀྱིན་མི་འདུག
[ 2011/12/26 23:55:31 | By: སྐུ་མགྲོན་138Lco(སྐུ་མགྲོན) ]
 
སྐུ་མགྲོན་138Lco(སྐུ་མགྲོན)ཁོང་གིས་གསུངས་པ་དངོས་གནས་ཤིན་ཏུ་མད།
རྒྱབ་སྐྱོར་ཡོད། གྱེར་དྲུང་མུ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.