བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྣམ་མཁྱེན་སྐད་ཅིག་གཉིས་པ་ཚད་མ་ཡིན་མིན་ལས་འཕྲོས་པ། 
[ 2011/12/12 19:40:00 | By: བོན་ནག་ཚང་། ]
 

 

 

རྣམ་མཁྱེན་སྐད་ཅིག་གཉིས་པ་ཚད་མ་ཡིན་མིན་ལས་འཕྲོས་པའི་བསམ་ཚུལ་བློ་རྩེ་ངག་གི་རོལ་རྩེད།

 

དེ་ཡ་བརྗོད་གཞི་འདི་མ་གྲག་པའི་གཏམ་ཞིག་མ་ཡིན་ལ་གྲག་ཀྱང་སྒྲོ་འདོགས་ཀྱི་རི་སིལ་དུ་ཡུན་རིང་ལུས་པའི་ཐ་སྙད་ཅིག་རེད།ཐ་སྙད་འདི་ང་ཚོའི་ཐལ་བར་ནས་ཡང་ཡང་བརྡར་ཀྱང་ཕྱོགས་གཅིག་ལས་གཉིས་ཀྱི་ཕྱོགས་སུ་འཁོར་བསྐྱོད་བྱེད་ཀྱིན་མེད་པ་རྣམས་ལ་གསལ་བསྒྲགས་ཀྱི་ཚུལ་དུ་སྤྲས་པར་འདོད།

ང་རང་ཉིད་ཀྱི་ཁོར་ཡུག་འདི་ན་རྣམ་མཁྱེན་སྐད་ཅིག་གཉིས་པ་མཐའ་གཅིག་ཏུ་བཅད་ཤེས་སུ་ཁས་ལེན་བཞིན་པ་ལྟ་བུ་འདུགདེའི་ཕྱོགས་སུ་བསམ་བློ་ཞིག་བཏང་ན་རིན་ཐང་ཡོད་པའི་འདུ་ཤེས་ཤིག་སྐྱེས་དཀའ་པར་སྣང་།རིགས་ལམ་གྱི་ཚུལ་དུ་ཅུང་ཙམ་ཞིག་འཕྲོས་ན།རྣམ་མཁྱེན་སྐད་ཅིག་གཉིས་པ་བོན་ཅན།མཐའ་གཅིག་ཏུ་བཅད་ཤེས་མ་ཡིན་པར་ཐལ།ཚད་མ༼བློ་ཚད་མ་ལ་གོ་དགོས༽ཡིན་པའི་ཕྱིར།དེར་ཐལ།རང་གི་འཛིན་སྟངས་ཀྱི་ཡུལ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར།མ་ཁྱབ་ན་ཟེར་ན།རིགས་ལམ་ནོར་བུའི་ཕྲེང་བ་ལས།དེས་རང་གི་འཛིན་སྟངས་ལ་མི་བསླུ་བའི་རིག་པ་ཡིན་ན།ཚད་མ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གོང་གི་རྟགས་སླ།ཚད་མ་ཡིན་པར་འདོད་ཅེ་ན།དེ་མ་ཡིན་པ་ཐལ།འཇུག་ཡུལ་གསར་དུ་རྟོགས་པའི་བློ་མ་ཡིན་པའི་ཕྱིར།

ཡང་སངས་རྒྱས་ཀྱི་རྒྱུད་ཀྱི་ཚད་མ་ཡིན་ན།སངས་རྒྱས་པ་ཐག་པའི་ཡེ་ཤེས་ཡིན་དགོས་པའི་ཕྱིརཏེ༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་བཞུགས་པ༽ལས་སངས་རྒྱས་ཀྱིས་ནི།སངས་རྒྱས་མ་ཐག་པའི་ཡེ་ཤེས་དེ་ཚད་མ་ལ་དེ་ནས་བཅད་ཤེས་སོ།ཞེས་གསུངས་པའི་ཕྱིར།

ཡང་དེ་ལ་ལུང་གི་རྒྱབ་རྟེན་གཅིག་ནི༼ས་ལམ་འཕྲུལ་གྱི་སྒྲོན་མེ་རང་འགྲེལ༽ལས་དོན་དམ་བློ་རིག་ངོས་བཟུང་དང་བྲལ་ཏེ།སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།ཀུན་རྫོབ་ཏུ་རྣམ་མཁྱེན་སྐད་ཅིག་དང་པོ་ནི་མངོན་སུམ་ཚད་མ་ལ།གཉིས་པ་ཡན་ཆད་ནས་རྟོག་མེད་ཀྱི་བཅས་ཤེས་དང་གཉིས་ཀ་ཡོད་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར།

དེ་ཡང་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མའི་སྙིང་པོ་དང་རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ས་ལམ་རང་འགྲེལ་གཉིས་ཀྱི་དགོངས་དོན་ཡང་ཐེག་པའི་སྟེང་དུ་བཞག་ཡོད་ལ་ཐེག་པ་དེ་ཡང་རྣམ་མེད་པ་དང་ཐུགས་རྗེ་སེམས་དཔའ་ཐུན་མོངས་ཀྱི་ལུགས་སུ་ཚད་མ་ཡིན་ན་གསར་རྟོགས་ཀྱི་ཤེས་པ་ཡིན་པས་ཁྱབ་པ་དང་།ཚད་མ་ཡིན་ན་བཅད་ཤེས་མ་ཡིན་པས་ཁྱབ་པ་རེ་རེ་ནས་གྲུབ་པའི་ཕྱིར།

རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི༼རིགས་ལམ་ནོར་བུའི་ཕྲེང་བའི༽དགོངས་དོན་ནི་མཚན་མ་ཀུན་བྲལ་ཅིར་མི་སྣང་བའམ་ཐལ་འགྱུར་བའི་འདོད་པ་བཀོད་པ་ཡིན་ལ།དེའི་ལུགས་སུ་བཅད་ཤེས་ཡིན་ན།ཚད་མ་ཡིན་པས་ཁྱབ་པ་དང་།རང་གི་འཛིན་སྟངས་ལ་མི་བསླུ་བའི་རིག་པ་ཡིན་ན།ཚད་མ་ཡིན་པས་ཁྱབ་པ་རེ་རེ་ནས་ཁས་ལེན་པར་མ་ཟད་རང་གི་འཛིན་སྟངས་ལ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འདོད་པར་སེམས།

འོ་ན་ས་ལམ་རང་འགྲེལ་མཚན་མ་ཀུན་བྲལ་ཅིར་མི་སྣང་གི་གཞུང་ཡིན་ནམ་མིན།ཡིན་བློ་རིག་འཇོག་ཚུལ་ཡང་དེས་འདོད་གཞུང་ལྟར་དུ་འཇོག་མི་དགོས་སམ་ཞེ་ན།གཞུང་དེའི་གཞུང་ཡིན་པར་སྣང་ཡང་།བློ་རིག་རྣམ་མེད་པ་དང་ཐུགས་རྗེ་སེམས་དཔའ་ཐུན་མོངས་ཀྱི་འདོད་པ་ལྟར་བཞག་ཡོད་ལ་འཇོག་དགོས་པའི་རྒྱུ་མཚན་ནི་རྒྱུགས་ཆེ་བ་ལ་དགོངས་པར་འདོད།

བསམ་ཚུལ་འདི་ནི་རིགས་ལམ་ནོར་བུའི་ཕྲེང་བ་ལས་སྐྱེས་ཤིང་གཞུང་དེའི་ནང་དུ་དེ་ལས་ཐལ་འགྱུར་བས་དེ་ཁས་མི་ལེན་ཏེ།དེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་ཁས་མི་ལན་པའི་ཕྱིར་ཏེ།དེས་བཅད་ཤེས་ཡིན་ན་ཚད་མ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར་ཏེ།དེས་རང་གི་འཛིན་སྟངས་ལ་མི་བསླུ་བའི་རིག་པ་ཡིན་ན།ཚད་མ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར་ཞེས་གསུངས་པའི་དོན་གྱི་དངོས་ཤུགས་གཉིས་ཀ་ལས་ཞེ་འདོད་འདི་བཀོད་པ་ཡིན།

ཐེག་པ་དང་མ་འབྲེལ་པའི་རྣམ་མཁྱེན་སྐད་ཅིག་གཉིས་པ་མཐའ་གཅིག་ཏུ་བཅད་ཤེས་སུ་ཁས་བླངས་ན་དགེ་མཚན་ལྡན་པ་ཞིག་ཨེ་ཡིན་ནམ།འདིས་མཚོན་ནས་དེའི་རིགས་འདྲ་བའི་སྐད་ཅིག་གཉིས་པ་མཐའ་གཅིག་ཏུ་བཅད་ཤེས་ཡིན་མིན་གྱི་རིག་པའི་བགྲོ་གླེང་ཙམ་པོ་བ་འདི་རིགས་མཐུན་གྲོགས་པོ་རྣམས་ལ་རིག་པའི་རོལ་རྩེད་དུ་ཕུལ་བའོ།།

༢༠༠༨.༥.༢༠ཉིན་རྔ་ཡུལ་སྣང་ཞིག་དགོན་ཆེན་བོན་གྱི་རྩོད་གྲྭ་ཆེན་མོ་ནས་བྲིས།

 
 
Re:རྣམ་མཁྱེན་སྐད་ཅིག་གཉིས་པ་ཚད་མ་ཡིན་མིན་ལས་འཕྲོས་པ།
[ 2011/12/13 21:52:23 | By: yxlz ]
 
yxlzརིགས་ལམ་བཤད་ན་རིག་པ་ཉོག།
སེམས་པ་བཤད་ན་ཤེས་པ་ཉོག།
བདེ་བའི་ཚིག་གི་གཏམ་ལབ་ན།།
དྲང་སྲོང་ཡིན་ཡང་བརྩེ་བ་ཟབ།།
བོན་ལ་དཀར་ནག་ཡོད་ཀྱང་ཆོག།
བོན་ན་དཀར་ནག་མེད་ཀྱང་རུང་།།
བོན་ནག་ཅེས་པའི་སྒྲ་བརྗོད་ན།།
གྲོགས་མཆོག་དམ་པའི་སེམས་མ་འཚུབ།།
བོན་ནག་ཅེས་པའི་ཐ་སྙད་འདི།།
སྔོན་མའི་གཞུང་ན་བུད་ཡོད་ཀི།
ང་ལ་བོན་ནག་ཅེས་བརྗོད་པ།།
གཞན་གྱིས་ངན་ཚུལ་བགྲངས་ནས་བཏགས།།
ང་ཡི་བསམ་ཚུལ་གཞན་ཞིག་ལ།།
བོན་ནག་ཅེས་པའི་ཐ་སྙད་འདི།།
རང་གི་གཟི་བརྗིད་ཡིན་ནམ་སྙམས།།
བསྐལ་བའི་བར་དུ་འདོགས་ཀྱང་སྲིད།།
 
 
Re:རྣམ་མཁྱེན་སྐད་ཅིག་གཉིས་པ་ཚད་མ་ཡིན་མིན་ལས་འཕྲོས་པ།
[ 2011/12/13 14:08:49 | By: Lhak(སྐུ་མགྲོན) ]
 
Lhak(སྐུ་མགྲོན)མཐའ་དཔྱད་བྲལ་བའི་ལུང་འདམ་ཕུར་པ་དེ།།
བོན་ནག་ཚང་གི་འདམ་ལ་བརྡབས་པ་ལས།།
དེང་རབས་རིག་འཕྲུལ་དྲྭ་བའི་འོད་སྣང་ལ།།
ཇི་ལྟར་གཡུག་ཀྱང་རང་ཉིད་ངལ་བའི་སོན།།

བོན་ནག་ལབ་ན་བོན་པོ་ངར་ངར་བྱེད།།
བོན་གྱི་གཞུང་ན་བོན་ནག་མེད་རབས་སྒྲུབ།།
རང་གི་མིང་ལ་རང་གིས་བོན་ནག་བཏགས།།
རང་སྐྱག་ཁོལ་མ་མཆོད་པ་ཅིས་མི་མཚུངས།།

བོན་ནག་ཡོད་རབས་བོན་པོས་བསྒྲགས་པ་འདི།།
བོན་ནག་ཚང་གིས་ཐུན་མིན་རིགས་ལམ་རེད།།
བོན་པོ་ཚང་ལ་བོན་དཀར་བོན་ནག་སོགས།།
ཡོད་པའི་གཏམ་དེ་བོན་ནག་ཚང་གིས་སྨྲ།།

རྣམ་མཁྱེན་སྐད་ཅིག་གཉིས་པ་བཅད་ཤེས་སོགས།།
ཡིན་མིན་གཏམ་དེ་གལ་གནད་ཅི་ཡང་མིན།།
བོན་ལ་དཀར་ནག་ཡོད་པའི་ཟིན་བདག་ཁྱོད།།
བོན་ནག་ཚང་གི་ཡིན་པ་དགའ་བསུ་ཞུ།།
zin garogs lhak mif bs .................
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.