བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ། 
[ 2011/12/5 15:29:00 | By: བོན་ནག་ཚང་། ]
 

 

གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།

 

 

 

གདོད་མའི་བོད་ཡུལ་གྱི་དུས་སྐབས།

 

དེ་ཡང་རང་རེའི་བོད་མི་རིགས་འདི་གདོད་མ་ནས་འཚོ་ཞིང་མཐོ་སྒང་གི་ཡུལ་ལུང་ཀུན་ཏུ་གནས་པ་བྱུང་ཐུབ་པ་ནི་ཁོ་ཚོ་ལ་ཐུན་མོངས་མ་ཡིན་པའི་ཤེས་རིག་གི་སྟོབས་ཤུགས་དང་སྟོབས་ཤུགས་ལས་འཕྲོས་པའི་བླ་མེད་ཀྱི་ཕུགས་འདུན་ཡོད་པས་མ་ཡིན་ནམ།གདོད་མའི་དུས་སྐབས་སུ་བོད་ཀྱི་ཡུལ་ཁམས་ཡང་དེ་འདྲ་ཆེ་རྒྱུ་མེད་ལ་ཆུང་བའི་ས་ཁམས་ནས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་རང་ཉིད་ཀྱི་འདུག་ཁང་ནས་མགོ་བརྩམས་ཏེ་ཟས་གོས་ལག་ཆ་སོགས་བཟོ་སྐྲུན་བྱས་ནས་རང་ཉིད་ཀྱི་མཐའ་གཞི་སྲུང་བ་རེད།

དེ་དུས་ཀྱི་བོད་མའི་བློ་གྲོས་ནི་རང་ཉིད་ཀྱི་བློ་གྲོས་ཡིན་པ་ལས་ཐུན་མོངས་ཀྱི་བློ་གྲོས་ཤིག་གི་ཉིང་བཅུད་ལས་བསྐྱེད་པ་ག་ལ་ཡིན།དེ་དུས་ཤེས་རིག་དར་རྒྱས་མི་ཆེ་ན་ཡང་ཤེས་རིག་ཅིག་ཡོད་པ་དེ་རང་ཉིད་ཀྱི་སྟོབས་ལ་བརྟེན་ནས་བྱུང་བ་ཡིན་པ་བསྙོན་འདང་མི་དགོས་པ་ཞིག་རེད།དེ་དུས་བོད་ཡུལ་གྱི་ཆོས་ལུགས་སྤྱོད་སྒོ་ཡང་དེ་འདྲ་ཕུན་སུམ་ཚོགས་པ་ཞིག་གང་ནས་ཡིན།རང་རང་གི་དགོས་མཁོ་ལྟར་ལྷ་མ་ཡིན་དང་།བདུད།བཙན།ཀླུ།ས་བདག་སོགས་ལ་ཤ་ཁྲག་དམར་གྱི་མཆོད་པ་སྣ་ཚོགས་བྱེད་ནས་དེ་ཚོའི་སྡོངས་གྲོགས་ཙམ་ལ་རེ།

དེང་སྐབས་ད་རུང་འདིའི་སྲོལ་མ་ཉམས་པར་སྡེ་བ་སོ་སོའི་སྡེ་འཁྲུགས་ཀྱི་སྐབས་སུ་ར་ལུག་གསུར་དུ་ཕུད་པ་སོགས་མཐོང་རྒྱུ་ཡོད་པ་འདི་མངོན་སུམ་རེད།སྡིག་སྤྱོད་འདི་དག་རྗེས་སུ་འཛིན་པའི་ཕྱིར་དུ་རྒྱལ་བ་སངས་རྒྱས་ཀྱི་མཆོག་བོན་གྱི་སྟོན་པ་གཤེན་རབ་མི་བོ་བོད་ཡུལ་དུ་བྱོན་ནས་འགྲོ་བ་རྣམས་ལ་སྡིག་སྤྱོད་སྤངས་སུ་བཅུག་པ་དང་བོན་བསྟན་ལས་རྒྱུའི་བོན་དར་སྤེལ་བྱེད་པའི་བརྒྱུད་རིམ་བྱུང་།མི་ཁ་ཤས་ཤིག་གིས་འདིའི་གནས་བབས་མ་རྟོགས་པའི་སྒོ་ནས་ཤ་ཁྲག་དམར་མཆོད་བྱེད་པ་དེ་གཡུང་དྲུང་གི་བོན་སྤྱོད་པའི་བོན་པོ་རྣམས་ཀྱི་མགོ་ལ་དཀྲིས་ནས་རང་བསྟན་དག་འདོན་ལྟ་བུ་བྱེད་བཞིན་ཡོད།ལོ་རྒྱུས་ཀྱིས་ང་ཚོ་ལ་གསལ་བཤད་མང་པོ་ཞིག་བྱས་ཡོད་འདུག་གོ།

བོད་རྒྱལ་དུས་སྐབས་དང་དུས་སྐབས་མ་ཡིན་པའི་

ཤེས་རིག

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་ཞང་ཞུང་གི་བོན་གཤེན་རྣམས་དང་འབྲེལ་བ་དམ་ཟབ་དགོས་ཞང་ཞུང་གི་ཤེས་རིག་གམ་སྟོན་པ་གཤེན་རབ་ཀྱི་ཤེས་རིག་བསྒྱུར་སྤེལ་བྱས་ནས་རིག་པའི་གནས་ཆེན་ལྔ་དང་ཐེག་པ་རིམ་དགུའི་ཤེས་རིག་ཕུན་སུམ་ཚོགས་པ་འདི་བྱུང་བ་རེད།འདི་ཡང་སྐུ་གཤེན་རྣམས་ཀྱིས་རྒྱུན་འཛིན་དང་དར་སྤེལ་ལས་བྱུང་བ་ཡིན་ལ་དེ་དག་གི་སྐུ་དྲིན་མིན་རྒྱུ་ན།ང་ཚོས་བཀོད་སྤྱོད་བྱེད་པའི་ཕུན་སུམ་ཚོགས་པའི་རིག་གནས་འདི་ཅི་ལྟར་བྱུང་།དེའི་སྟབས་ཀྱིས་བཟོ་རིག་དང་གསོ་རིགསྒྲ་ཚད་རིག་པ།ཕྱི་རིགནང་རིག་སོགས་ཀྱི་སྤྱོད་སྒོ་ཡང་གཅིག་ལས་གཅིག་ལྷག་གི་དར་སྤེལ་ཆེན་པོ་བྱུང་བའི་ལོ་རྒྱུས་དངོམ་ཆེ་བ་ཞིག་ཡོད།

ནང་རིག་ལྟ་བུ་ཞིག་ལ་མཚོན་ན་བོད་རྒྱལ་གཉའ་ཁྲི་ནས་བཟུང་མདོ་འབུམ་རྒྱུད་མཛོད་བཞིའི་བོན་སྒོ་ཡོད་ཚད་ཕྱོགས་སུ་ཁྱབ་བརྡལ་དུ་སོང་བར་མ་ཟད་སེམས་ཕྱོགས་ཉམས་ལེན་གྱི་གཙོ་བོར་བཟུང་ནས་ཁྲི་བདུན་གྱི་ཕུང་པོ་ལྷག་མེད་དུ་གྲོལ་བ་རེད།ཕྱི་རིག་ལྟ་བུ་ཞིག་ལ་མཚོན་ན་རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་སོགས་གསལ་བྱེད་མེ་ལོང་ལྟ་བུའི་འབུམ་གསུམ༼སྣང་སྲིད་གཏོ་འབུམ་ནག་པོ།རིན་ཆེན་ཀུན་འབུམ་ཁྲ་བོ།གཙུག་ལག་དཔལ་འབུམ་དཀར་པོ།༽ལས་ས་ཁམས་དང་བཅུད་ཁམས་སོ་སོར་ངེས།སྒྲ་ཚད་རིག་པ་ལྟ་བུ་ལ་མཚོན་ན་སྒྲ་ཚད་ཀྱི་འབུམ༼ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ།སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ།དག་པའི་ཀླུ་འབུམ་དཀར་པོ།༽གསུམ་དང་ཚད་མ་སྡེ་བདུན་གྱི་རིགས་ལམ་དར་ཞིང་རྒྱ་གར་ཡུལ་གྱི་ཕྱི་རོལ་བ་ཕམ་པར་མཛད་པའི་རིགས་ཤེས་ཀྱི་ཡང་སྙིང་དེ་འདི་ལ་ཐུག་པ་འབྱུང་འགྱུར་གྱི་ཐབས་ལམ་ལས་ཤེས་ཐུབ།གསོ་རིག་ལྟ་བུ་ལ་མཚོན་ན་གསོ་རིག་འབུམ་བཞི༼གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན།སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ།སྡུག་བསྔལ་ཞི་བྱེད་གསོ་ཐབས་དཔྱད་འབུམ་ཁྲ་བོ།སྡུག་བསྔལ་ཞི་བྱེད་གསོ་བྱའི་ནད་འབུམ་ནག་པོ།༽དར་རྒྱས་བྱུང་བ་ལ་བརྟེན་ནས་སྟག་རི་གཉན་གཟིགས་མིག་ལོང་ཡིན་ཡང་གསོ་བའི་ཐབས་ཤེས་ཡོད་པ་དེ་ཞང་ཞུང་རིག་གནས་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རྟགས་སུ་ཆེ་བ་དཔྱོད་ཤེས་ཀྱིས་གྲུབ་འདུགབཟོ་རིག་ལྟ་བུ་ལ་མཚོན་ན་དང་པོར་གཏན་ལ་ཕབས་ཏེ་བཟོ་རིག་གི་འབུམ་གསུམ༼བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ།སྲིད་པ་མིའུ་རྒྱུད་ཀྱི་འབུམ།འབྱུང་བ་ཆགས་འཇིག་སྟོང་གི་འབུམ།༽ལ་བརྟེན་ནས་བཟོ་བྱའི་ཡུལ་ལ་མཁས་པ་མང་པོ་བྱུང་བས་གསས་ཁང་ལ་སོགས་འཇིག་རྟེན་སྟེང་གི་ཁྱད་ནོར་དུ་གྱུར་བ་མང་པོ་བྱུང་བའི་བརྒྱུད་རིམ་ཤུགས་ཆེར་དར།

ཤེས་རིག་འདི་རྣམས་ཀྱི་རྨང་རྡོ་དེ་ཤེས་བྱ་ཀློང་བརྡོལ་བོན་གྱི་སྟོན་པ་གཤེན་རབ་ཀྱི་རིག་གཞུང་ལས་འཕྲོས་པ་ཡིན་ལ་ཞང་ཞུང་ས་གནས་ནས་དར་བའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་ཡང་ཡིན།མདོར་དྲིལ་ན་བོད་ཀྱི་ཤེས་རིག་ནི་བོན་གྱི་ཤེས་རིག་དང་ཞང་ཞུང་གི་ཤེས་རིག་ལས་གཞན་མེད་ཅེས་ཁ་ཚོན་བཅད་ཆོག་པར་འདོད།རྒྱུ་མཚན་ཤེས་རིག་གང་ཞིག་བདེན་དངོས་ཀྱི་སྒོ་ནས་གླེང་ན་བོན་ནམ་ཞང་ཞུང་གི་ཤེས་རིག་ཅིག་མ་གླེང་ཐབས་མེད་ཡིན་པས་རེད།

གདོད་མའི་ཤེས་རིག་དང་ཤེས་རིག་ལ་བཅིངས་པའི་ཁ་ཕྱོགས།

གདོད་མའི་ཤེས་རིག་འདི་ལྟར་འོངས་ཤིང་འདི་ལ་བཅིངས་པའི་ཁ་ཕྱོགས་གཏོར་བཤིགབཅིངས་གྲོལ།གསར་བརྗེ།ངོ་རྒོད།འདི་ལྟར་བྱེད་དུས་བོད་མིའི་ཤེས་རིག་ཚར་ཟིན་པ་ཡིན་ལ་བོད་མི་ཡང་རྫོགས་ཟིན་པ་རེད།བོད་མི་འདི་མེད་པར་བཟོ་འདོད་ན་སྐད་དང་ཤེས་རིག་ཟད་དགོས་ལ་སྐད་དང་ཤེས་རིག་ཟད་རྗེས་བོད་མི་བྱེ་རླུང་ཁྲོད་ཀྱི་རྐང་རྗེས་རེད།

བོད་མིའི་ཤེས་རིག་ལ་ལྟ་ཤེས་ན་ལྷ་ཆོས་བསྒྲུབས་ནུས་ལ་མི་ཆོས་ཡང་སྤྱོད་ནུས་པས་ཡིད་བཞིན་གྱི་ནོར་བུ་དེ་དེ་ལས་གཞན་ཞིག་མ་རེད།ནོར་བུ་བཀོད་སྤྱོད་བྱེད་ཐུབ་མིན་འུ་ཚོ་ལ་རགས་ལས་པས་ང་ཚོས་མཉམ་དུ་སྟོབས་ཤུགས་གཅིག་སྒྲིལ་གྱི་རང་རང་གི་ཁ་ཕྱོགས་བརྩོན་ལེན་བྱེད།མེས་པོ་སྐོར་ཞིག་ལ་དྲན་རྒྱུ་མང་དྲགས་པས་ང་ཚོ་ལ་གནས་བབ་འདི་བྱུང་བ་ཡིན་ལ་ང་ཚོ་ལ་ཡང་དྲན་རྒྱུ་མང་དྲགས་ན་སྤྲེལ་གྱིས་རི་བོང་བདས་པའི་གཏམ་རྒྱུད་དུ་མི་འགྲོ་བའི་ཉེན་ཁ་ཅི་ལ་མེད།ཉེན་ཁའི་གནས་སུ་ལྷུང་འདོད་པ་ཚོ་ཚ་ཚ་འུར་འུར་གྱི་སྒོ་ནས་རྒྱུགས་བཞིན་ཡོད།དམིགས་འབེན་དང་བྲལ་བའི་སྒོ་ནས་རླུང་ནང་གི་ཤོག་བུ་གང་བྱུང་དུ་རྒྱུ་བ་ཚོས་ཡ་ཐོག་གི་ཤེས་རིག་རྨེག་མེད་དུ་གཏོང་ལ་ཉེ་ཡང་ཚོར་བ་རྐྱེན་པས་སུ་ཞིག་གི་ངོ་གདོང་ལ་ཅེར་གྱིས་ལྟོས།གང་ལྟར་ང་ཚོ་མགོ་འཐོམ་བཞིན་ཡོད།                            

ཅི་མ་རུང་གི་རེ་འདུན་རིང་མོ།

ང་ཚོ་སུ་ཡིན་རུང་རྨོངས་པ་དེ་ཁུར་ནས་ཡུན་རིང་འགོར་སོང་།རྨོངས་པ་དེ་གང་རེད་ཟེར་ན་ས་རྩོད།ཆུ་རྩོད།ནང་དམེ།གྲུབ་མཐའི་བར་གྱི་འགལ་འདུ།ལྟ་བ་གསར་རྙིང་གི་འཐབ་ར།འདི་རྣམས་ལས་ཐར་བའི་དུས་ཤིག་ཡོད་ན་ཅི་མ་རུང་།འཆམ་མཐུན་མ་ཡིན་པའི་འཇིག་རྟེན་ཞིག་ནས་ཚེ་སྲོག་གི་རྩ་བ་རྒྱས་དགོས་ན་སྤྱི་མཐུན་གྱི་བསམ་བློ་མེད་ཚེ་སུ་ཞིག་གི་བླ་སྲོག་སློང་ཐུབ་བམ།གནམ་སའི་ཧྲག་བར་དུ་ལྷུང་བའི་སྡུག་འགྱོད་ཀྱི་ཤུགས་རིང་སུ་ཞིག་གི་བྲང་ཁོག་ཏུ་ཡང་ཡང་འཐེན་ཞིང་བློ་སྤོབས་ཀྱི་མཐོ་རླབས་དགོས་ངེས་ཀྱི་དབེན་ལྗོངས་ན་གྲག་མེད་དུ་ལུས་འདུག་གོ།

༢༠༠༨.༩.༢༡ ཉིན་བྲིས།

 

 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/9 21:30:24 | By: yxlz ]
 
yxlzགྲོགས་ཡ་བྲང་བདེ་མོ། ད་གླེང་ཚར་སོང་ནས། ངས་གོམ་པ་དང་པོ་སྤོས་པ་ཙམ་རེད། ཨ་ལ་ཀུ་རེ་ཡིན། གྲོགས་གཙང་ཚ་བདེ་མོ། སློབ་སྟོན་གནང་བ་བཀའ་དྲིན་ཞུས་པ་ཡིན། རྗེས་ནས་ཡང་སློབ་སྟོན་གལ། བོན་ནག་ཚང་གིས་རེབ་གོང་ནས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/9 14:52:02 | By: སྐུ་མགྲོན་O63Vna(སྐུ་མགྲོན) ]
 
སྐུ་མགྲོན་O63Vna(སྐུ་མགྲོན)ཡ་བྲང་ལགས།༼གདོད་མའི་ཤེས་རིག་༽ཞེས་པའི་རྩོམ་ཡིག་དང་༼བོན་ནག་ཚང་༽ཞེས་པའི་རྩོམ་པ་པོ་མཐོང་བ་ཙམ་གྱིས་རྙིང་རྒོལ་གྱི་དཔྱད་གཏམ་ཚ་པོ་མ་སྤེལ་ན་བཟང་འདུག་བསྙམ།གང་ལག་ཞེ་ན་དགེ་བཤེས་ཁོང་ནི་བདག་གི་ཞལ་མི་འཚོ་ཡང་རིག་གཞུང་སྣ་ཚོགས་ལ་དཔྱད་སྦྱོངས་གནང་བའི་མཁས་དབང་ཞིག་ཡིན་པར་འདུག་པས་རིག་པ་གསར་རྙིང་གང་ཡིན་ལ་མ་ལྟོས་པར་དགེ་མཚན་ལ་དགེ་མཚན་དུ་ཁས་ལེན་པ་དང་ནོར་རྐྱོན་ལ་ཡང་ནོར་བར་ཁས་ལེན་མཁན་ཞིག་ཡིན་པ་ཁོ་བོས་ཐག་གཅོད་ཐུབ།མ་ཟད་༼བོན་ནག་༽ཞེས་པའི་ཚིག་འདི་བོན་ཞེས་གྲུབ་མཐའ་ཙམ་དུ་མ་ཡིན་པར་་ཤེས་བྱ་ཐམས་ཅད་ལ་འཇུག་པའི་རྒྱ་ཆེ་བའི་དོན་དང་ནག་ཅེས་པ་ཁ་དོག་ནག་པོ་ལྟར་ཚོས་མདོག་གཞན་བཞིན་ལས་པོ་སླ་པོར་བསྒྱུར་དུ་མི་གཏུབ་པར་བློ་རྩ་བརྟེན་པོ་ཡོད་པའི་དོན་དུ་གོ་བ་ཡིན་པར་བསྙམ་མོ།

བོན་ནག་དགེ་བཤེས་ལགས་ལ་ཞུ་རྒྱུར།ཡ་བྲང་གཡུ་འབྲུག་ཚེ་རིང་ནི་བོད་ཀྱི་རིག་གཞུང་དང་ལས་དབང་ལ་རྟོགས་དཔྱོད་གྱི་ཁོང་ལག་ཕྱི་ལ་རྒྱས་ཤིང་དོན་དམ་གྱི་ཉམས་ལེན་རང་རྒྱུད་དུ་སྨིན་པའི་དམ་ལྡན་ཞིག་ཡིན་པ་ལས།དེང་སྐབས་ཀྱི་གདོས་ལུས་ཀྱི་ཀླད་པ་མ་གཏོག་ཐམས་ཅད་དཀྲུས་ཚར་བའི་ཆད་ལྟའི་ལྟ་སྤྱོད་འཛིན་པ་ཡིན་པའི་དོག་པ་མི་མཛད་པ་ཞུ།
རེ་བ་འདི་ནི་ང་ཚོ་གསུམ་ས་ཕྱོགས་མི་གཅིག་ལ་ཕན་ཚུན་ངོ་མི་ཤེས་ནའང་ལས་དབང་དང་ཁ་ཕྱོགས་གཅིག་པའི་ཆ་ནས་མཁས་དབང་ལྷན་ལ་བླུན་པོ་བདག་གིས་ལྷག་སེམས་རྣམ་དག་གི་བསམ་ཚུལ་ཁོ་ན་ཡིན་པ་ལས་མཁས་འདོག་དང་དྲག་འདོད་འཇོན་འདོག་སོགས་མིན་པ་ཐུགས་དབུས་སུ་འབུལ།གུས་པས་བློ་སེམས་དཀར་ཡང་ཤེས་བྱ་ཕྲ་བའི་དབང་གིས་རྣམས་གཉིས་ལ་མ་མོས་པ་བྱུང་ན་འཐོལ་ལོ་བཤགས་སོ།བཟོད་པར་གསོལ་ལོ།ལྷ་ལྷན་ནས་གཙང་ཚ་པས་ཕུལ།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/8 22:26:18 | By: yxlz ]
 
yxlzགྲོགས་ཡ་བྲང་བདེ་མོ། ལད་ཟློས་ནི་རྨོངས་ཤིང་འཐིབ་སྟེ་རྒོལ་བ་ནི་གསལ་ཤིང་གནས་པ། དོན་ལ་ཤེས་རིག་ནི་ཧ་ཅང་ཆེ་བ་གཏུམ་དྲག་གིས་བརྟུན་པ་དཀའ་འདུག བསམ་བློ་གསར་ཞིག་གི་འདུ་ཤེས་དེ་ཤེས་རིག་གི་རྩལ་ལས་ཐོན་ དགོས་ན་ཤེས་རིག་གི་ཁོ་ལག་རྫོགས་དགོས་ལ་མ་རྫོགས་ན་འུད་སྒྲོག་གིས་ཅི་ཕན། ཤེས་རིག་ལ་གསལ་ཆ་དགོས་པ་དང་པོའི་གནད་ཡིན་རྒྱུ་རེད། བདེ་མོ།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/8 9:00:33 | By: སྐུ་མགྲོན་H41Ogs(སྐུ་མགྲོན) ]
 
སྐུ་མགྲོན་H41Ogs(སྐུ་མགྲོན)གསལ་བཤད་དང་ལད་ཟློས་ཇི་འདྲའི་མང་ན་ཁོར་ཡུག་དེ་ནི་རྗེས་སུ་ལུས་པའི་ཐག་ཆོད་དང་རྨོངས་ཤིང་འཐིམ་སྟར་ཡོད་པ་བདེན་པར་གྱུར་པ་གང་ཞིག་འདིར་ལྟོས་ཀྱི་བཞག་ནའང་ངོ་མ་དོན་དེར་སེམས་འདུག གྲོགས་པོ་བོན་ནག་ལགས་གནས་སྐབས་སྐད་ཆ་ཅི་ཡང་མེད་ཚོད་འདུག འུ་གཉིས་ཀྱི་བསམ་པའི་ཁྱེར་སོ་དངའདུ་ཤེས་འཇོག་ཚུལ་ནི་ཉེར་བ་ཙམ་ཡང་བཅར་གྱི་མེད་འདུག སྐུ་ཞབས་ལགས་སྐུ་ཁམས་བདེ་བར་སྨོན།
ཡ་བྲང་།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/7 20:14:24 | By: yxlz ]
 
yxlzསྲོལ་རྒྱུན་རིག་གནས་ལ་ནང་བྱིན་ཆུབ་ན་མི་རིགས་སྐྱོབ་པའི་དགོས་ངེས་ཡོད་པར་འདོད། ད་སྐབས་སྲོལ་རྒྱུན་རིག་གནས་ལ་ནང་བྱིན་ཆུབ་པའི་མི་ཞིག་ཡོད་པར་མི་འདོད་དོ། ང་ལ་ཁ་ཕོ་ཆེ་སོང་མ་གསུང་ར་ངས་དེ་ལྟར་འདོད་བཞིན་ཡོད། གསོ་བ་རིག་པ་ལྟ་བུ་ཞིག་ལ་མཚོན་ན་གནའ་སྔ་མོའི་ལག་ལན་ཐམས་ཅད་ད་ལྟ་ལག་ལེན་ལ་འདེབ་མི་ཐེབས་པ་ནང་བཞིན་རེད། རིག་གནས་མེད་སོང་བ་མ་རེད། ནང་བྱིན་ཆུབ་པའི་མི་མེད་སོང་བ་རེད་འདོད་ཀི་ཡོད། དེ་འདྲ་ཞིག་ཨེ་རེད།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/7 19:49:11 | By: yxlz ]
 
yxlzཡ་བྲང་ལགས་བདེ་མོ། ༼གདོད་མའི་ཤེས་རིག་འདི་ལྟར་འོངས་ཤིང་འདི་ལ་བཅིངས་པའི་ཁ་ཕྱོགས་གཏོར་བཤིགབཅིངས་གྲོལ།གསར་བརྗེ།ངོ་རྒོད།འདི་ལྟར་བྱེད་དུས་བོད་མིའི་ཤེས་རིག་ཚར་ཟིན་པ་ཡིན་ལ་བོད་མི་ཡང་རྫོགས་ཟིན་པ་རེད།བོད་མི་འདི་མེད་པར་བཟོ་འདོད་ན་སྐད་དང་ཤེས་རིག་ཟད་དགོས་ལ་སྐད་དང་ཤེས་རིག་ཟད་རྗེས་བོད་མི་བྱེ་རླུང་ཁྲོད་ཀྱི་རྐང་རྗེས་རེད།༽ཁྱོད་ཀྱིས་འདྲི་གཞི་འདི་རེད། དེ་འདྲའི་སྙེག་གཞི་ཡང་འདི་རེད། འདིའི་གདོད་མའི་ཤེས་རིག་སྟོན་པ་གཤེན་རབ་ཀྱི་ཤེས་རིག་ལ་གོ་དགོ་ནི་ཡིན། སྤྱིར་གདོད་མའི་ཤེས་རིག་སྟོན་པ་གཤེན་རབ་ཀྱི་ཤེས་རིག་ལ་གོ་དགོས་ཞེས་པ་མིན། ཨེ་ངའི་མགོ་ལ་གཞན་ཞིག་འཇོག་འདོད་པ་མིན་ནམ། ཨ་ལ་ཀུ་རེ་ཡིན། དབྱེ་ཞིབ་འདི་ལ་ཞིབ་ཏུ་གཟིགས་རོགས།

 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/7 17:18:27 | By: སྐུ་མགྲོན་qu4Xob(སྐུ་མགྲོན) ]
 
སྐུ་མགྲོན་qu4Xob(སྐུ་མགྲོན)དེའི་གདོད་མའི་ཤེས་རིག་དེ་གང་ཟེར་ན་གཤེན་རབ་ཀྱི་ཤེས་རིག་དེ་ལ་འདོད་ཀི་ཡོད། སྐད་ཆ་འདི་ནི་བོན་ནག་དགེ་བཤེས་ཚང་གིས་གནང་བའི་གསེར་ནག་ལྟ་བུ་ཚིག་ཅིག་རེད། འོན་ཏེ་དེ་རིང་ཉི་མར་ཁོང་གིས་ཚིག་དེ་ཚོ་ནི་ངོ་མ་བྱེ་ཐང་གི་རྐང་རྗེས་བཞིན་ཡལ་སོང་ཚོད་རེད། བདེན་དུ་མི་འཛིན་ན་སྤྱན་ཤེལ་ཏུའུ་མཐོ་ཙམ་ཅན་ཞིག་སྤྱོད་དེ་ཞིབ་གཟིགས་གནང་དང་། གོང་གི་མཆན་ཡིག་ནི་ཁ་ཁྱེད་ལ་ཕྱོགས་ཏེ་ཁྲ་ལམ་མེ་ཤར་འདུག གཞན་བོད་པའི་མི་རིགས་འཇིག་ཉེན་སྐྱོབས་ཐུབ་མིན་གྱི་གནད་དོན་ནི། འབན་ཤར་དང་མདའ་ནུབ་ཏུ་གཏད་པའི་རྗེས་སུ་སོང་སྟེ་མི་རིགས་གནད་དོན་ཟེར་བ་དང་རིག་གནས་གོང་ཐང་ཟེར་བ་སོགས་ཀྱིས་མཚོན་པའི་བརྡ་དང་དོན་ནི་རྣ་བའི་དབང་པོའི་ཕྱོགས་སུ་ཉེ་གི་མེད་ཚོད་འདུག་པས་གླེང་བ་མི་བྱའོ། གོ་བ་ཧ་ཅང་ཆེ་བའི་མི་རེ་འགས་གོ་ལོག་ཏུ་འགྲོ་བར་དོག་སྟེ་ཅིས་ཀྱང་གསལ་བཤད་དགོས་པ་ནི། གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ལ་བརྟེན་ན་ལུས་ཅན་གྱི་སྒྲིབ་པ་མཐའ་དག་བསལ་ནུས་མིན་གྱི་ཐད་ནས་གཏན་ནས་བཤད་ཀྱི་ཡོད་པར་མ་རེད་ལ། ལྡོག་སྟེ་རང་ཉིད་ནི་མི་ཞིག་ཡིན་ཕྱིན་དེ་ལ་རིགས་ཟེར་བའི་རླབས་ཆེན་དོན་ལྡན་ཡོད་པ་འདི་ཉིད་ཉེར་འཚེའི་རྐྱེན་ངན་དང་འཕྲད་དུས་སྲོལ་རྒྱུན་ཤེས་རིག་ཏུ་དེ་ལ་ཐག་གཅོད་བྱེད་པའི་ནུས་པ་ཡོད་དམ་མེད་སོགས་ཀྱི་བགྲོ་གླེང་བྱེད་བཞིན་ཡོད་པ་རེད། དེ་ལས་ཁ་ཇེ་གསལ་གཏང་ན། མི་རིགས་འཚོ་གནས་ཀྱི་ངོས་ནས་སྲོལ་རྒྱུན་ཤེས་རིག་ལ་དོ་བདོ་བ་ཙམ་མོ། གལ་ཏེ་འདིར་ཞུས་པའི་གནད་དོན་ཐད་བསམ་འཆར་་སུ་ལ་ཡོད་ན་དགའ་བ་དང་དགེའོ་སོགས་ཀྱི་ཁ་གཡང་ཡོད་པ་སྨྲོས་སུ་ག་ལ་དགོས་ཨང་།
ཡ་བྲང་གཡུ་འབྲུག་གིས།

 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/7 14:04:21 | By: སྐུ་མགྲོན་vBr1UH(སྐུ་མགྲོན) ]
 
སྐུ་མགྲོན་vBr1UH(སྐུ་མགྲོན)གཤེན་རབ་རྣམ་ཐར་རྒྱས་པ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས།
ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། གཅིག་གསོད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་། ཞེས་སོ། ཧོམ་ཁུང་ནས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/7 9:08:15 | By: yxlz ]
 
yxlzའོ་ངས་ཟ་དང་ཟུར་ནས་ར་ཁས་ལེན་བཞིན་མེད། གཤེན་གྱི་བོན་བསྟན་གྱི་ངོས་ན་སེམས་ཅན་ཡོངས་ལ་འཚེ་མེད་ཞི་བདེ་ཞིག་ཡོད་མ་གཏོགས་གཞན་གནོད་འཚེ་ཡི་ངོ་བོ་ཅན་ཞིག་གཅིག་ཀྱང་མེད། ད་སྐབས་སེམས་ཅན་ཡོངས་ཀྱི་བསོད་ནམས་ཟད་པས་སྡིག་བཅུ་ངང་གིས་རྫོགས། དེས་དབང་གིས་བོན་བསྟན་ལ་ཐེ་ཚོམ་ཞིག་བྱུང་སོང་ནི་རེད། སེམས་ཅན་ལ་དད་པ་བཟང་ན་བོན་བསྟན་ལ་ནམ་ཡང་སེམས་ཅན་སྐྱོབ་པའི་ནུས་པ་ཡོད།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/7 8:52:46 | By: yxlz ]
 
yxlzའོ་ཡ་བྲང་ལགས། ངས་ནམ་ཡང་ཁས་ལེན་མི་ཐུབ་པ་ནི་བོད་གདོད་མའི་ཤེས་རིག་དེ་སྟོན་པ་གཤེན་རབ་ཀྱིས་བསྟན་པའི་ཤེས་རིག་ལ་ཁས་ལན་མི་ཐུབ་པ་དེ་ཡིན། གཞན་ནས་འུ་ཚོས་དཔྱད་པར་བྱ། བོན་ནག་བགེ་བཤེས་ནས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/6 21:40:10 | By: yongzhou ]
 
yongzhouརེད་ཡ། གོང་ནས་ཁྱེད་ཀྱིས་གསུང་པའི་ཤུགས་དང་ཟུར་ནས་བོད་པའི་གདོད་མའི་ཤེས་རིག་ནི་གཤེན་རབ་མི་བོས་བསྟན་པའི་བོན་དུ་ངོས་བཟུང་འདུག་པ་འདྲ་ལ་ངེས་ཟིན་ཡོད་པར་ཆགས་འདུག་མོད། བསྐྱར་དུ་སྐུ་ཉིད་ཀྱིས་གདོད་མའི་ཤེས་རིག་ཡིན་ན་གཤེན་རབ་མི་བོས་བསྟན་པའི་བོན་ཡིན་པའི་ངེས་པར་མེད་སྐད་གསུང་ན་བདག་གིས་ཀྱང་མགོ་བོ་ནང་དུ་མི་གུག་རང་དབང་ཅི།
དེ་ལས་ཀྱང་བོད་པའི་སྲོལ་རྒྱུན་ཤེས་རིག་གིས་བོད་པ་མི་རིགས་འདི་འཇིག་ཉེན་ལས་བསྐྱབ་མི་ཐུབ་པའི་རྒྱུ་མཚན་ནི། འུ་ཚོའི་གཙོ་རྒྱུགས་རིག་གནས་སུ་གྱུར་པའི་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་ཡི་ནུས་པས་བོད་པ་མི་རིགས་ད་ལ་ཐུག་གི་བར་ཏེ་མི་ལོ་དྲུག་ཅུ་ལྷག་ལ་སྲུང་པར་འདུག་ཀྱང་འདི་མུར་སོང་ཚེ་སྲུང་པའི་ནུས་པའང་ཤོར་བའི་ཚོད་ཅིག་འདུག
རེད་དེ་སངས་རྒྱས་ཆོས་ལུགས་ཀྱིས་སྐབས་ཐོག་གི་བོད་པའི་འཇིག་ཉེན་འདི་དག་བསལ་བ་ནི་ནུས་པ་མིན་ཏེ། ཆོས་ལུགས་དེས་བསྐྱེད་པའི་མི་ཚོགས་ནི་དགའ་སྐྱོ་ཆགས་སྡང་བག་ལ་ལྡོག་པས་སོ།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/6 18:02:53 | By: yxlz ]
 
yxlzའོ་གྲོགས་ཡ་བྲང་ལགས། ཉེ་ལམ་སྐུ་བདེ་མོ། ང་ལ་མཚོན་ན་བགྲོ་གླེང་བྱེད་རྒྱུ་ཧ་ཅང་དགའ་པོ་འདུག དམར་གསང་གཏོང་བའི་ལུགས་སྲོལ་འདི་བོད་གདོད་མའི་ཤེས་རིག་གི་གྲོས་སུ་གཏོགས་ལ་འདི་སྟོན་པ་གཤེན་རབ་ཀྱི་ཤེས་རིག་གི་ཁྱབ་ཁོངས་སུ་ཁས་ལེན་མི་ཐུབ་ཀི ཁས་ལན་ཐུབ་ན་བདག་ཅག་གི་སྟོན་པ་བོད་ལ་སླེབས་ནས་དེ་དག་མེད་པར་བཟོ་དགོ་བའི་རྒྱུ་མཚན་མེད། བོད་གདོད་མའི་ཤེས་རིག་དང་སྟོན་པ་གཤེན་རབ་ཀྱི་ཤེས་རིག་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་ཀི་འདོད་ཡོད། ད་ལྟའི་ཞང་བོད་ཤེས་རིག་གིས་ང་ཚོ་སྲུང་ཐུབ་ན་སྐྱོབ་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། ད་རེབ་གཅིག་གོ་སྲུང་ཡང་མི་ཐུབ་ཀི་བཟས་བཏང་ན་མི་བཟང་ངམ། ཨ་ལ་ཀུ་རེ་ཡིན། བདེ་མོ། རྗེས་མ་ཐུག བོན་ནག་ཚང་གིས་རིག་འབྱུང་ཡུལ་ནས་ཕུལ།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/6 12:50:01 | By: yongzhou ]
 
yongzhouལགས་སོ། དེ་འདྲ་ཞིག་ཡིན་པའི་དབང་དུ་གཏང་ན།
ང་ཚོས་མིག་མཐོང་ལག་ཟིན་ཏུ་གྱུར་པའི་རེབ་གོང་རོང་བོའི་དྲུག་པའི་ལྷ་རྩེད་དང་ཁམས་བདེ་ཆེན་ཁུལ་རྩྭ་མདའ་རྫོང་ཁོངས་སུ་དམར་བསང་ལག་བསྟར་བྱེད་པའི་ལུགས་སྲོལ་འདི་རིགས་ང་ཚོས་གཤེན་རབ་མི་བོས་བསྟན་པའི་ཤེས་རིག་གི་ཁྱབ་ཁོངས་སུ་ཁས་ལེན་ཐུབ་བམ།
དེས་ན་སྤྱིར་གདོད་མའི་ཤེས་རིག་དང་གཤེན་རབ་མི་བོས་བསྟན་པའི་བོན་ལ་ཁྱད་པར་ཡོད་འདུག
གཞན་གདོད་མའི་ཤེས་རིག་ཡིན་ན་ཆོག་གི་བོན་ལུགས་ཡིན་ཡང་འགྲིག་གི་དེ་དག་ཚང་མ་ལ་དགག་སྒྲུབ་དང་དོགས་གཅོད་བྱེད་འོས་པ་དང་བྱེད་དགོས་པ་ནི་སྨོས་སུ་མེད། དེ་ལས་ཀྱང་སྲོལ་རྒྱུན་ཤེས་རིག་ཏུ་གྱུར་པའི་བན་བོན་ལུགས་ཙམ་གྱིས་བོད་པའི་ད་ལྟའི་གནས་བབས་ཀྱི་འཇིགས་པའི་ཉེན་ལས་ཐར་ཐབས་གཏན་དུ་མ་མཐོང་ལ། ཆོས་ལུགས་ཁག་གི་གོམ་སྲོལ་འོག་ཏུ་མི་རིགས་འདི་སྲུང་བ་ནུས་ཀྱང་སྐྱོབས་པ་ནི་མི་ནུས་སོ་ཞེས་པ་དེ་ཡིན། འོན་ཏེ། ཆོས་ལུགས་སྤངས་དགོས་པ་དང་དོན་དག་མེད་པའི་ཚིག་ནི་གཏན་ནས་མིན། དེ་ཕྱིར་བདག་གིས་བསམ་ན་བོད་པའི་ཤེས་རིག་གིས་བོད་པ་སྐྱོབས་མི་ནུས་པ་མ་ཟད་བོད་པ་བཟས་ནས་ཚར་འགྲོ་གི་འདུག རྒྱུ་མཚན་ནི། ཤི་མ་གསོན་པའི་མི་རིགས་འདི་ནི་ཤེས་རིག་དེ་དག་གིས་བཟས་ཏེ་བཏང་བའི་སྐྱག་པ་སྐམ་པོ་ཙམ་མོ།
གཞན་ཟུར་ཞུ་ཞིག་ལ། གྲུབ་མཐའ་རང་ངོས་ནས་དད་པ་གཙིག་འཛིན་དགོས་པ་དང་མ་དད་པ་ཞིག་ཡིན་ཚེ་དམ་ཉམས་དང་སྡིག་ཅན་དུ་དམོད་པར་དགའ་བའི་ཁ་ཕོ་ཆེན་པོ་ཅན་གྱི་དྲྭ་གྲོགས་དེ་རིགས་ཀྱིས་སེམས་པ་རྣལ་དུ་ཕབས་ཏེ་བོན་ནག་ཚང་དང་ངེད་གཉིས་བར་ན་སྐད་ཆ་གང་ཞིག་གླེང་ཡོད་པ་དམིགས་ཡུལ་གང་ན་འདུག་པ་སྔོན་ནས་ཤེས་ཏེ་བགྲོ་གླེང་འདིར་ཕེབས་པར་བསུ་མ་དང་ཁ་གཡང་ཡོད།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/6 9:40:39 | By: སྐུ་མགྲོན་wc61Vi(སྐུ་མགྲོན) ]
 
སྐུ་མགྲོན་wc61Vi(སྐུ་མགྲོན)ཟིན་བདག་ལགས། གོང་དུ་གཤེན་རབ་ཀྱིས་མ་བསྟན་པའི་ཤེས་རིག་ཡོད་ཐག་གཅོད་པ་ ཞེས་པ་དེ་ཡོད་མེད་ཐག་གཅོད་པ་ཞེས་བཅོས་གནང་རོགས། ཧོམ་མེ་འབར་ནས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/6 1:10:00 | By: སྐུ་མགྲོན་wc61Vi(སྐུ་མགྲོན) ]
 
སྐུ་མགྲོན་wc61Vi(སྐུ་མགྲོན)འོ་ལན་དེ་ལས་སླ་མོ་རེད།
དྲི་བ་དང་པོའི་ལན།  གདོད་མའི་ཤེས་རིག་དེ་གཤེན་རབ་ཀྱི་བསྟན་པར་ངོས་བཟུང་ན་ཤེས་རིག་དེས་སྐྱབས་ཐུབ་མིན་ནི་སོ་སོ་ལ་རག་ལས་པ་ཡིན། སྟོན་མཆོག་གཤེན་རབ་མི་བོའི་གསུང་ལ་ཡིད་ཆེས་ངེས་ཤེས་རྙེད་དད་པ་ཐོབ་པའི་གང་ཟག་ཅིག་ཡིན་ན་འདི་དང་ཕྱི་མ་ཀུན་གྱི་འཇིགས་པ་དང་མི་མཐུན་ཕྱོགས་ལས་སྐྱབས་ནུས་པ་ཡིན། རྒྱུ་ཐེག་བཞི་ཡི་སྒོ་ནས་ད་གང་གི་མི་མཐུན་པའི་རྐྱེན་གེག་བསལ་ཏེ་མཐུན་རྐྱེན་གྱི་ལེགས་ཚོགས་མ་ལུས་སྒྲུབ་པ་ཡིན་ལ་འབྲས་བུའི་ཐེག་བཞི་དང་ཡང་གསང་བླ་མེད་ཐེག་པའི་སྒོ་ནས་ཕྱི་མའམ་གཏན་གྱི་བདེ་དོན་ཏེ་མཐར་ཐུག་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པ་ཡིན།
དེ་ལས་ལྡོག་སྟེ་སྟོན་མཆོག་གཤེན་རབ་ཀྱི་བཀའ་ལ་ལོག་པར་ལྟ་བའི་དམ་ཉམས་རིགས་ནི་ནམ་ཡང་སྐྱབས་ནུས་པ་མ་ཡིན་ཏེ། དཔེར་ན་ཀུན་སྙོམས་ཀྱི་རྟ་བདུན་དབང་པོ་ནི་ཕྱོགས་དང་རིས་སུ་མ་ཆད་པར་ཡོངས་ལ་ཁྱབ་བདལ་དུ་བཞུགས་ཀྱང་ཁ་བྱང་བལྟས་མགོ་ཐུར་སྦུབ་ཀྱི་བྲག་ཕུག་གིས་ནི་ཞི་དེས་དྲོ་འཇམ་གྱི་འོད་ཟེར་དེ་ནམ་ནམ་ཞར་ཞར་དུ་མཇལ་བ་མ་ཡིན་ནོ།
དྲི་བ་གཉིས་པའི་ལན།  ཞང་བོད་ཁུལ་དུ་གཤེན་རབ་ཀྱིས་མ་བསྟན་པའི་ཤེས་རིག་ཡོད་མེད་ཀྱི་ས་མཚམས་ནི་གཙོ་བོ་ཤེས་རིག་དེའི་ས་མཚམས་ཀྱི་ཐག་ལེགས་པར་ཆོད་དགོས། དེ་ཆོད་རྗེས་སུ་གཤེན་རབ་ཀྱིས་མ་བསྟན་པའི་ཤེས་རིག་ཡོད་ཐག་གཅོད་པ་ནི་སླའོ། ཧོམ་མེ་འབར་ནས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/5 21:32:11 | By: yxlz ]
 
yxlzའོ་རེད། དེའི་གདོད་མའི་ཤེས་རིག་དེ་གང་ཟེར་ན་གཤེན་རབ་ཀྱི་ཤེས་རིག་དེ་ལ་འདོད་ཀི་ཡོད། ཤེས་རིག་དེས་ང་ཚོ་འཇིག་ཉེན་ལས་སྐྱོབ་ཐུབ་ཀི་འདོད་ཀི་ཡོད། བོད་གདོད་མའི་ཤེས་རིག་ཕུད་པའི་ད་ལྟ་ཞང་བོད་ལྗོངས་སུ་གཤེན་རབ་ཀྱིས་མ་བསྟན་པའི་ཤེས་རིག་ཅིག་མེད་པར་འདོད་བཞིན་ཡོད་སྙམས་ལགས། ལོག་བཤད་ཡིན་ན་སློབ་སྟོན་རེ་གནང་རོགས། བོན་ནག་ཚང་གིས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/5 20:46:54 | By: yongzhou ]
 
yongzhouབདག་གི་དྲི་བ་ནི་ཉིད་ཀྱིས་གདོད་མའི་ཤེས་རིག་ལ་བཅིངས་བགྲོལ་དང་གཏོར་བཤིགས། གསར་བརྗེ་དང་ངོ་རྒོལ་བྱས་ཚེ་བོད་པའི་མི་རིགས་ནི་བྱེ་ནང་གི་རྐང་རྗེས་སུ་འགྲོ་བ་གསུང་ཕྱིར་དེ་ལ་བདག་གིས། འོ་ན། འཛིན་རྐྱང་སྤེལ་རྐྱང་གི་ངང་ནས་གདོད་མའི་ཤེས་རིག་གིས་ང་ཚོ་མི་རིགས་འདི་འཇིགས་ཉེན་ལས་སྐཡོབས་ཐུབ་བམ་ཞེས་པ་དེ་ཡིན་ལགས།
གཞན་ཞང་བོད་ལྗོངས་སུ་གཤེན་རབ་མི་བོས་མ་བསྟན་པའི་ཤེས་རིག་ཅིག་མེད་པར་དོན་དངོས་དང་མཐུན་ནས་ཡོད་དམ་ཞེས་པ་དེ་ཡིན་ལགས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/5 19:41:27 | By: སྐུ་མགྲོན་O63Vmy(སྐུ་མགྲོན) ]
 
སྐུ་མགྲོན་O63Vmy(སྐུ་མགྲོན)གྲོགས་ཡ་བྲང་དང་ཨ་ཀྲོང་རྣམ་པ་གཉིས་ཐོག་མར་བྱོན་པ་བཀའ་དྲིན་ཆེ། ཡ་བྲང་ལགས་ཀྱི་དྲི་བ་དེ་གང་ལ་འཕང་བ་ཡིན་ནམ། གཅིག་བྱས་ན་བོད་གདོད་མའི་ཤེས་རིག་གིས་ང་ཚོ་སྐྱོབ་དཀའ་བར་འདོད།རྒྱུ་མཚན།ཞང་ཞུང་ཤེས་རིག་གམ་སྟོན་པ་གཤེན་རབ་ཀྱི་ཤེས་རིག་ནང་འདྲེན་བྱས་པས་གྲུབ། བོད་གདོད་མའི་སྐབས་སུ་ཤེས་རིག་མེད་པ་མ་ཡིན་ལ་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་མེད་པས་གཤེན་རབ་མི་བོའི་ཤེས་རིག་འདི་ནང་འདྲེན་བྱས་པ་ཡིན་པར་འདོད་བཞིན་ཡོད་ལགས། གྲོགས་པོ་ཚོས་སློབ་སྟོན་གནང་རོགས།
 
 
Re:གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ།
[ 2011/12/5 18:39:00 | By: yongzhou ]
 
yongzhouབདག་གིས་སྔོན་མ་ཞིག་ནས་བགྲོ་གླེང་གི་སྟེགས་བུ་ཞིག་ཧི་བོན་ཟིན་བྲིས་སུ་བསྒྲུབ་པའི་འདུན་པ་ཤར་མྱོང་། རེད་དེ་གང་ཞིག་ནས་གླེང་དགོས་པ་དང་ཅི་ལྟར་དབྱེ་ཞིབ་བྱ་ན་འགྲིག་པ་ད་ལྟའི་བར་དུ་བག་ལ་ཞ་བར་གྱུར། རེད་དེ་དེ་རིང་གློ་བུར་དུ་དེ་སྔའི་གཡུང་དྲུང་མཆེད་པོ་བོན་ནག་ཚང་གི་ཟིན་བྲིས་གདོད་མའི་ཤེས་རིག་དང་ཤེས་རིག་གི་འབྱུང་འགྱུར་གླེང་བ་འདི་ལས་ཕལ་ཆེར་ཅུང་ཙམ་གླེང་ན་གླེང་རིན་ཡོད་པའི་བགྲོ་ལམ་ཞིག་རྙེད་སོང་སྣང་ཤར། ཐོག་མ།
ང་ལ་དྲི་བ་ཞིག་ཡོད་པ་ནི་གདོད་མའི་ཤེས་རིག་གིས་ང་ཚོ་སྐྱོབས་ནུས་སམ
གཤེན་རབ་མི་བོས་མ་བསྟན་པའི་ཞང་བོད་ལྗོངས་སུ་ཤེས་རིག་ཅིག་མེད་པར་གང་གིས་སྒྲུབ་ནུས


ཡ་བྲང་གཡུ་འབྲུག་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.