གྲྭ་པ་ཚོ། བླ་མ་ཚོའི་བྲན་གཡོག་རེད།
ད་སྐབས་ཀྱི་དུས་རབས་འདི་བྲན་གཡོག་གི་དུས་རབས་ལས་ལྡོག་སྟེ་རྟོགས་སད་ཀྱི་དུས་རབས་ཤིག་ཡིན་ན་ཡང་གྲྭ་པ་ཚོ་བླ་མ༼ད་ལྟའི་བླ་མིང་འཛིན་པ་ཚོ༽ཚོའི་བྲན་གཡོག་གི་སྡེ་ལས་ཐར་མ་ཐུབ། རྒྱུ་མཚན་གང་རེད་ཟེར་ན་བླ་མ་ཚོའི་སེམས་རྒྱུད་གད་སྙིགས་རིགས་ཤིག་གི་བསམ་བློས་སྦག་ཡོད་པས་རེད། ད་སྐབས་བླ་མ་ཚོའི་སེམས་རྒྱུད་ཕྲག་དོག་དང་གདུག་རྩུབ། ཚུལ་ཆོས་དང་གཡོ་སྒྱུ། འདོད་བརྩེ་ཡིས་བརླན་ཡོད་པས་བླ་མ་ཚོའི་མགོ་ན་རྭ་ཅོ་འདོམ་པ་བཅོ་བརྒྱད་གྱེན་དུ་ནག་ཧྲེང་ངེ་ཡོད་ལ། འཕོང་མགོ་ན་རྔ་མ་འདོམ་པ་བཅོ་བརྒྱད་ཐུར་དུ་སྐྱ་ཧྲེང་ངེ་ཡོད་པས་བླ་མ་ཚོ་གང་ལ་སོང་ན་ཞོ་དཀར་ལྟར་ཆགས་པའི་སྡེ་བ་ཚོ་གྲུབ་མཐའ་ཡིས་དཀྲུགས་ཤིང་དད་ལྡན་གྱི་སྐྱ་སེར་མང་པོའི་སེམས་ཁམས་ལོག་བཤད་དང་རྫུན་བཤད་ཀྱིས་བསླུས། འདི་ལྟ་བུའི་བླ་མ་ཚོའི་དོན་དུ་བླ་མའི་བཟོ་གྲྭ་ཞིག་བཙུགས་ཡོད་ལ་བཟོ་གྲྭའི་ཁ་བྱང་དངོས་སུ་བཀོད་མེད་ན་ཡང་ཐོན་རྫས་ནང་བསྟན་གྱི་གཞུང་ལུགས་ལ་འཆད་རྩོད་གང་ཡང་མི་ཤེས་པའི་བླ་མ༼རང་གི་ཉེ་གནས་དང་བུ་ཕྲུག རྒྱུ་ནོར་འཛོམས་པའི་བུ་ཕྲུག དབང་ཆ་དང་ཐོབ་ཐང་ཅན་གྱི་བུ་ཕྲུག་ལ་བླ་མིང་བཏགས་པ༽དག་དག་རེད། འདི་འདྲའི་བླ་མ་མང་པོ་ཞིག་གིས་དགོན་པ་མང་པོ་ཞིག་དང༌། ནང་བསྟན་གྱི་གཞུང་ཆེན་བཀའ་པོད་རྣམ་བདུན་ལ་སྦྱང་བ་ཧུར་བརྩོན་བྱེད་པའི་གྲྭ་པ་མང་པོ་ཞིག དད་པ་དང་དམ་ཚིག་ལྡན་པའི་མི་སྐྱ་མང་པོ་ཞིག་ལ་བསྒྱུར་བཀོད་བྱེད་བཞིན་ཡོད། ངོ་མ་འདི་ལྟ་བུའི་བྲན་གཡོག་པ་ཚོ་སྙིང་རེ་རྗེ།
རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས་བླ་མ་ནི་སངས་རྒྱས་ཀྱི་ཞལ་ཚབ། ཐར་བའི་དེད་དཔོན། སྡུག་བསྔལ་གྱི་སྐྱབས་གནས། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐམས་ཅད་བླ་མ་ལས་འབྱུང་བས་བླ་མ་དམ་པ་བསྟེན། ཞེས་པའི་བླ་མ་དམ་པ་ནི་ང་ཚོའི་རེ་བ་ཉག་ཅིག་གི་ཐར་བའི་འདྲེན་སྟོན་དུ་ངེས་པས་དེ་ལྟ་བུའི་བླ་མ་དམ་པ་ང་ཚོས་གོང་བཀུར་དང་ཡིད་ཆེས་གཏན་དུ་བྱེད་དགོས། ད་ལྟའི་བླ་མ་ནི་སྡུག་གི་སྣ་འདྲེན་གྱོད་ཀྱི་ཁ་འདྲེན། ཁ་ནས་མྱང་འདས་བཤད་ཅིང་དོན་དུ་འཁོར་བ་སྒྲུབ་མཁན་ལས་མ་འདས་པས་བླ་མ་དེ་ལྟ་བུའི་རིགས་སུ་ཞིག་གིས་སྤྱི་གཙུག་ཏུ་བཀུར་ཕོད་དམ།
བླ་མའམ་སྐྱབས་མགོན་རང་ཉིད་གྱི་དབང་ཤུགས་ཁྲོད་གྲྭ་པ་དང་སྐྱ་སེར་མང་པོར་བཀའ་དབང་གི་ཁ་ལོ་བསྒྱུར་བཞིན་ཡོད་ན་ཡང་དབང་ཆོག་དེ་རྒྱུད་གཞུང་གང་གི་ཡིན་མིན་དང་གནས་ལུགས་དེ་རྒྱུད་གང་གི་གནས་ལུག་གིས་ཟིན་དགོས་མིན་ལ་རྨོངས་པར་གནས་ཞིང་ལྷ་ཚོགས་ག་གེ་མོ་ཞིག་གི་དབང་ཆེན་ཟེར་བཞིན་ཟོལ་ཉམས་གྱིས་བཞུགས། དབང་བསྐུར་མཁན་པོ་ཞིག་ལ་མཚོན་ན་རྒྱུད་གཞུང་གི་དགོངས་པ་དང་གནས་ལུགས་ཀྱི་ངོ་བོ་ལ་མཁས་པ་ཞིག་མིན་ན་དབང་བརྡ་ཇི་ལྟར་སྤྲོད། དབང་བཤད་ཇི་ལྟར་འཆད། དབང་ཀ་དེ་དང་མ་འབྲེལ་བར་ལོང་གཏམ་ཞིག་གིས་སློབ་རྒྱུད་ལ་ཕན་པའི་དུས་ཤིག་མཆིས་སམ། འདི་དག་གིས་མི་ཁྲག་འཐུང་ཞིང་མི་ཤ་ཟ་བའི་ངང་ཚུལ་ལ་གཞིག་ན་རི་སྤྱང་སེར་པོ་ཞིག་གི་གྲིབ་གཟུགས་ལས་མ་འདས། དཔལ་རི་བོ་དགེ་ལྡན་པ་ལ་མཚོན་ན་ཡང་གྲྭ་ས་ཕལ་ཆེར་གྱི་བླ་མ་གཞུང་ཆེན་རྣམས་ལ་མཁས་པར་གྱུར་བ་གྲྭ་པའི་ཁྲོད་ནས་བྱུང་བ་དང༌། གཡུང་དྲུང་གི་བོན་གྱི་གྲྭ་ས་རྣམས་ལ་མཚོན་ན་ཡང་གཞུང་ཆེན་རྣམས་ལ་མཁས་པའི་གྲྭ་པའི་ཁྲོད་ནས་བྱུང་བས་མཁན་རབས་རིམ་བྱོན་བླ་མ་ཡང་ཡིན་ལ་མཁས་པ་ཡང་ཡིན། འདི་དག་གི་ལུགས་སྲོལ་ནི་ཆེས་རིན་ཐང་ལྡན་པའི་བླ་མ་བྱེད་པའི་གོ་རིམ་ཡང་དག་པ་ཞིག་རེད་ལ་ཡོན་ཏན་གང་ཡང་མེད་པའི་བླ་མ་ཡིན་ཟེར་མཁན་ཚོ་རིག་གསར་ཐེངས་ཤིག་གིས་གཙང་ཕྱགས་བྱས་ཀྱང་འགྱོད་པ་དང་ཕངས་སེམས་ཡེ་ནས་མེད།
ད་ལྟ་མང་ཇ་འགའ་ཞིག་གི་བདག་པོ་བྱེད་ཐུབ་ན་དེ་བ་ཚང་གི་བྱིས་པ་དེ་བླ་མ་བྱེད་ཐུབ་པའི་གོ་རིམ་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆོས་ལུགས་གཉེར་བའི་མི་སྣ་ལ་རིག་གནས་དང་ཤེས་བྱ་དགོས། བླ་མ་མང་པོ་མི་དགོས་ལ། ཤེས་ཡོན་ཅན་མང་པོ་དགོས། ཞེས་པ་ལ་གཞིག་ན་ད་སྐབས་བོད་ཁུལ་ན་ཡོན་ཏན་མེད་པའི་བླ་མ་ཡིན་ཟེར་མཁན་མང་པོ་ཞིག་ཡོད་ཀྱང་མཁོ་མེད་དུ་གྱུར་བ་དང་ཤེས་ཡོན་ཅན་གྱི་ཆོས་ལུགས་མི་སྣ་སྐྱེད་སྲིང་བྱེད་དགོས་པའི་ལེགས་བཤད་ཅིག་གནངས་ནས་ཁོང་ང་ཚོ་དང་གྱེས་ནས་ཕེབས་སོང་བ་རེད། ངོ་མ་ང་ཚོ་གླེན་པ་རེད། མེ་ཏོག་འཕོག་པའི་ལྷ་སྐལ་རེད་ཟེར་ནས་ཡོན་ཏན་གང་ཡང་མེད་པའི་དགོན་བདག་དང་ཁྲི་བ་དག་ལ་གུས་ཕྱགས་བྱེད་པ་དང་བླ་ཡིད་སེམས་གསུམ་བློ་རྩེ་ལིང་གིས་བཀལ་བ་ནི་ངོ་མ་ཐོབ་འབྲས་མེད་པའི་རྡུགས་ལས་ཤིག་མ་ཡིན་ནམ།
བླ་མ་སངས་རྒྱས་སུ་མཐོང་དགོས་པ་ལྡན་མོད་འདི་འདྲའི་བླ་མ་དག་སངས་རྒྱས་སུ་ཇི་ལྟར་མཐོང༌། ལས་སྨོན་འགའ་ཞིག་གི་དབང་གིས་ང་ཚོ་ངོ་མ་སྙིང་རྗེ་ཡི་ཡུལ་དུ་གྱར་ཡོད། སྔོན་གྱི་རྟོགས་ལྡན་དང་གྲུབ་ཆེན། ཚེ་དང་སྒྲུབ་པ་མཉམ་སྐྱོང་གི་རི་ཁྲོད་པ། ཡོན་ཏན་གྱི་རྒྱལ་ཐབས་མངའ་བའི་མཁས་པ། འདི་དག་གི་ཡང་སྤྲུལ་ཚོ་དབུ་ཆང་དང་ཐ་མ་ཁའི་ཁྲོད་ན་འཚོ་ཞིང༌། འདོད་བརྩེ་དང་ལོག་གཡེམ་གྱི་ཁང་མིག་ན་རྒྱུ། ད་རུང་གྲྭ་པ་ཚོས་སྐུ་ལོ་ཚང་དང་བླ་མ་ཚང་ཟེར་བཞིན་དེའི་མཐའ་ན་ཁྱི་སྡོམ་གྱི་ཚུལ་དུ་གནས་ན་ཡང་ཁོང་ཚོ་ཡིན་མདོག་གིས་ཕེབས་བཞིན་གདའ།
ངོ་མ་གྲྭ་པ་ཚོ་ནམ་ཞིག་ལ་བྲན་གཡོག་གི་སྡེ་ལས་ཐར་ཐུབ་བམ།
༢༠༡༡/༧/༢༢ཉིན་ཕ་ཡུལ་ཁྲི་ཀ་གཡང་གི་ར་བ་ནས་བྲིས།