མུན་པའི་ཁྲོད་ཀྱི་སྙན་ངག
གཞི་དབྱིངས་སྟོང་བའི་ཀློང་ན་མངོན་འཕགས་པའི།།
སྐྱབས་གཅིག་མཆོག་གསུམ་བླ་མ་རབ་ཏུ་བརྗིད།།
མི་ཕྱེད་སྒོ་གསུམ་དད་པའི་རྩེ་མོ་ལ།།
འོད་ཀྱི་སྣང་བ་དཀར་པོ་སྩོལ་ཅིག་ཀྱེ།།
དང་པོ་ཁང་མིག་འདི་ལ་མུན་པ་ཆེ།།
བར་དུ་སྐྱ་རེངས་གསར་བའི་སྣང་བ་དྲངས།།
མཐར་མར་ཉམས་རྟོགས་འཕེལ་ཏེ་སྙན་ངག་བྲིས།།
རིག་པ་འདི་ནི་ཐར་པའི་ལམ་མཆོག་ཉིད།།
སེམས་འདི་མ་བཅོས་ལྷུག་པར་རྗེན་ནེ་བཞག།
རྣམ་རྟོག་དྲ་བའི་འཕྲེང་བ་དམིགས་སུ་མེད།།
ཉམས་སུ་འཆར་བའི་འོད་གསལ་རཱེ་ཁ་འདི།།
རིག་པའི་གདངས་ལས་འཕྲོས་པའི་རོལ་རྩེད་ལགས།།
སྒོ་གསུམ་བཅད་རྒྱར་བསྡམས་པ་དོན་དུ་ཆེ།།
དམིགས་མེད་བློ་འདས་བྱེད་པ་ཡུལ་དུ་ཆེ།།
སྒོམ་པ་གསལ་སྟོང་སྟོང་ཉིད་ལམ་དུ་ཆེ།།
ཆེ་བ་གསུམ་ནི་ལམ་འཁྱེར་གཙོ་བོར་གྲུབ།།
བཟང་རྟོག་ངན་རྟོག་སྒྱུ་མའི་ཡུལ་དུ་བལྟས།།
འོད་ཀྱི་ཐིག་ལེ་འོད་གསལ་ལམ་དུ་སློང།།
སྣང་བཞི་ལྟད་མོ་སྣང་བའི་དཔྱིད་དུ་སྨིན།།
རྣམ་འབྱོར་སྨྱོན་པ་རྟོགས་པའི་ཀློང་དུ་མྱུལ།།
ཞི་གནས་སེམས་ཀྱི་ལྕགས་རི་རྟག་ཏུ་བརྟན།།
ལྷག་མཐོང་འོད་ཀྱི་མར་མེ་སྣང་བ་ཆེ།།
མུན་པའི་ཁང་བ་འོད་ཀྱི་གང་བུ་གྲུབ།།
མི་ཆུང་འདི་ལ་བདེ་བའི་ཏིང་འཛིན་བྱིན།།
འཇའ་ཚོན་སྣ་ལྔའི་ཐིག་ལེ་ཐིག་ཕྲན་དང་།།
སྒྲ་སྙན་རོལ་མོའི་བྱེ་བྲག་ཅི་སྙེད་ཅིག།
རིག་པའི་རྩལ་དང་རོལ་བ་ཡིན་པ་ནི།།
ལམ་སྒོ་འདི་ལས་ཐོག་མའི་གདམ་པར་གོ།
མཐོང་ཡང་ཟིན་དུ་མེད་པ་སྒྱུ་མའི་འཕྲུལ།།
བཙལ་ཀྱང་རྙེད་དུ་མེད་པ་སྟོང་གཟུགས་དང་།།
ལན་གཅིག་རིག་པའི་ངོ་ལ་ད་རོལ་ཚེ།།
བློ་འདས་ཆེན་པོ་རྒྱལ་བ་དགོངས་པའི་མཆོག།
ཐེག་དགུའི་ཡང་རྩེ་བླ་མེད་རྫོགས་ཆེན་སྡེ།།
ཉམས་སུ་ལེན་པའི་སྐལ་བ་ཐོབ་པ་ཡང་།།
སྔོན་མའི་ལས་འཕྲོ་བཟང་པོ་མཐུ་བརྟས་པས།།
སྐྱེས་པ་འདི་ལ་སྨིན་པའི་བགོ་སྐལ་ལོ།།
༢༠༠༤.༡༡.༡༧ ཉིན་མུན་མཚམས་ཀྱི་སྐབས་སུ་བྲིས།