༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅།། མན་ངག་གདམས་པ་འཇོག་བཤིག་སྐྱོང་གསུམ། | 2015/12/2 15:37:00

༄༅།། མན་ངག་དམ་པ་འཇོག་བཤིག་སྐྱོང་གསུམ།

སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།

མན་ངག་དམ་པ་འཇོག་བཤིག་སྐྱོང་གསུམ་ལ་བསླབ་ཐབས་ནི། དང་པོ་ལུས་གནད་ལྟ་སྟངས་ལུང་དང་མཐུན་པའི་ངང་ནས། སེམས་རང་ལུགས་སུ་འཇོག་སྟེ། མ་སྟོང་་སྐྱེ་མེད་ཀྱི་ཀློང་ན། བུ་གསལ་བ་འགག་མེད་ཀྱི་འོད་མདངས་ལས། རྩལ་བསམ་དྲན་གྱི་འགྱུ་བ་སྣ་ཚོགས་ངེས་པ་མེད་པར་གཅིག་འཆར་གཅིག་འགྲིབ། གཅིག་རྗེས་ལ་གཅིག་སླེབས་པ་ཆུ་གཉེར་རམ་སྤྲིན་ནམ་རླུང་ལྟར་དུ་གནས་པ་ལ། བློ་རྣམ་རྟོག་གི་རྗེས་སུ་མི་འབྲེང་བར་གང་སྣང་ལ་རྟོག་དཔྱད་མི་བྱེད་པར་བདག་མེད་དུ་གཏང༌། དེའང་གཞི་གསལ་སྟོང་གི་དོན་དེ་མི་གསལ་བའི་དྲན་པ་ཚུབ་ཚུབ་པོ་ཡུལ་གྱི་རྗེས་སུ་འཕྲོ་བ་དང༌། ཡང་ན་དོན་ཅི་བཞིན་པ་མི་གསལ་བ་མུན་འཐིབས་སེ་ཅིར་ཡང་མི་གསལ་བ་གཉིས་མ་ཡིན་པར་གསལ་ལ་འཛིན་པ་མེད་པ་ཅིག་གི་ངང་དུ་ཡང་དང་ཡང་དུ་འཇོག་པའོ། །ཡང་དེ་ལ་གོ་བ་མ་སྐྱེས་ན་འདི་བཞིན་བྱ་སྟེ། ལུས་གནད་དང་ལྡན་པའི་ངང་ནས་ཅིར་ཡང་མི་བསམ་པར་སྡོད་པས། འགྱུ་དྲན་ཞིག་རང་བཞིན་གྱིས་སྐྱེ་སྟེ། དེའི་རྗེས་སུ་མི་འབྲེང་བར་བཀག་ཀྱང་མི་བཀག་སྟེ་རང་ས་དེར་བཞག་ནས་དེ་ཀ་རང་སངས་སུ་འགྲོ། སླར་ཡང་དེ་མིན་པ་གཅིག་སྐྱེ་སྟེ་དེའང་དེ་ཙུག་བྱས་པས་སངས་སོ། །དེ་ལྟར་དུ་རྒྱུན་འཐུད་ཅིང་བསྒོམ་པ་ལ། འགག་མེད་རང་གྲོལ་ལམ་གསལ་ལ་འཛིན་མེད་ཅེས་པའོ། །ཡང་མ་གོ་བ་འགས་འགྱུ་དྲན་ཨེ་འབྱུང་བལྟ་སྟེ་དྲན་པས་སྔུན་བསུ། ཨེ་སངས་བལྟ་སྟེ་རྟོག་པས་བརྩི་གདབ། སངས་རྗེས་སུ་སླར་ཡང་བསམ་བློ་གཏང་བ་དྲན་པའི་རྗེས་བཅད། ཅི་དྲན་ཐམས་ཅད་རང་ཁར་གཏང་བ་སེམས་ཅན་ཐ་མལ། ཅི་ཡང་མ་དྲན་ན་འདོད་པ་རིག་པ་རྒྱུན་བཅད་སོགས་བྱ་བྱེད་མང་པོ་ཞིག་འབྱུང་བས་སྐབས་འདིར་གོལ་ས་མང་པོ་སྐྱེ་བས་ཤིན་ཏུ་གོ་བ་ཞིབ་དགོས། དེ་ལྟར་འཇོག་ཐབས་ལེགས་པར་ཤེས་པ་དེ་ལ་ཞི་གནས་སམ་མཉམ་བཞག་སོགས་མིང་འདོག་གོ །དེ་ཡི་སྐྱེ་ཚུལ་ལའང་དང་པོ་བློ་ཡིས་བྱས་པའི་ཞི་གནས། བར་དུ་རང་བཞིན་གྱིས་འཆར། ཐ་མར་རབ་ལ་ཉིན་མཚན་འཁོར་ཡུག་ཏུ་འབྲིང་མན་ཆད་ཐུན་ལ་གནས་དུས་སུ་ཅིར་སྣང་གསལ་ལ་རྟོག་འཛིན་མེད་པའི་ངང་དུ་འདའ་བར་འགྱུར་བ་ནི་མཐར་ཐུག་གི་ཞི་གནས་སམ་མཉམ་བཞག་ལ་བརྟན་པ་ཐོབ་ཅེས་བྱའོ།། 

གཉིས་པ་ནི། གོང་གི་མཉམ་བཞག་བར་མའི་ཚད་ཙམ་ནས་བཤིག་པ་ལ་བསླབ་སྟེ། ལུས་གནད་ལྟ་སྟངས་མ་ཤོར་བའི་ངང་ནས་བསྒོམ་མོ་སྙམ་པའི་འཛིན་པ་དེ་བཤིག་ལ་སེམས་རང་ཁར་ཅི་དྲན་ཅི་བསམ་དུ་གཏང་བས་འགྱུ་དྲན་སྣ་ཚོགས་པ་འཕྲོ་ཡང་དེའི་རྗེས་སུ་བློ་རྣམ་པར་རྟོག་འཛིན་མི་རྒྱུ་བ་རང་གསལ་འཛིན་མེད་ཞིག་འབྱུང་སྟེ། དེ་ཀ་རང་ལ་ཅི་གནས་རེ་སྦྱང་ཡང་འགྱུ་བའི་རྗེས་སུ་དྲན་རྟོག་ཤོར་ཚེ་སླར་བཀུག་ལ་རང་མལ་དུ་ཚུད་པ་དང་ཡང་བཤིག དེ་ལྟར་ཡང་བཤིག་ཡང་འཇོག་འཐུད་པའི་མཐར་བློ་ཡིས་མ་བྱས་པའི་སྒོམ་རང་འབྱུང་གི་ཡེ་ཤེས་གསལ་ལ་སྒྲིབ་མེད་རྟོག་འཛིན་མེད་པ་ཅིག་སྐྱེའོ། །དེའང་ལོག་ནས་བཟང་པོ་ཞིག་འཆར་རྒྱུ་ཡོད་པ་མ་ལགས་ཏེ། ད་ལྟའི་འགྱུ་དྲན་འཛིན་ཆགས་དང་བཅས་པའི་འཁྲུལ་བློ་ངེས་འཛིན་དེ་གྲོལ་ནས་འགྱུ་བ་རང་ཤར་དྲན་པ་རང་སངས་སུ་སོང་བས་ཉོན་མོངས་པའི་དུག་ལྔའམ་ཆགས་སྡང་གི་དབང་དུ་མི་འཆོར་བའོ། །བཤིག་ལུགས་འདི་ལ་གོང་མ་རྣམས་བཞེད་ལུགས་མི་མཐུན་པ་ཟུར་ཙམ་སྣང་སྟེ། སྐབས་འདིར་བློས་བྱས་ཀྱི་སྒོམ་དེ་བཤིགས་ནས་བློ་འདས་ཀྱི་སྒོམ་ལ་ངོ་སྤྲད་པ་འདི་འཐད་དོ་སྙམ། ཡང་གོང་གི་དེ་ལ་གོ་བ་མ་བྱུང་ན་དོན་དུ་འདི་ལྟར་ཡིན་ཏེ། ཞི་གནས་སམ་མཉམ་བཞག་གི་དུས་ཀྱི་བསྒོམ་མོ་སྙམ་པའི་བཅིངས་པ་དེ་བཤིག་སྟེ། བློ་ཡི་རྩོལ་བ་ཕྲོལ་ལལུས་གནད་དང་མ་བྲལ་བ་ཙམ་ལ་བཞག་པས། གོང་གི་ཞི་གནས་སམ་མཉམ་བཞག་གི་ཉམས་འགྱུ་བའི་རྗེས་སུ་རྟོག་པ་མི་གཡོ་བ་དེ་རང་ཤར་དུ་བྱུང་བ་ངོས་ཀྱང་ཟིན་པ་དེའོ།།

གསུམ་པ་ནི་དེ་ལྟ་བུའི་ཉམས་དེ་ངེས་པར་སྐྱེས་ན་དུས་ནམ་ཀུན་ཏུ་མི་འདོར་བར་སྐྱོང་གལ་ཆེ་སྟེ། དང་པོ་མལ་གཅིག་ཏུ་ལུས་གནད་ཁྲོལ་ལ་གང་བདེར་སྡོད་ཅིང་རང་འབྱུང་རང་གྲོལ་གྱི་ཤེས་པ་དེ་ཀ་སྐྱོངས། དེ་ནས་དལ་མོའིསྒོ་ནས་ལང་སྟེ་སྙིང་པོ་བཟླས་བརྗོད་ཕྱག་སྐོར་འཁྲུལ་འཁོར་ཟ་ཉལ་འགྲོ་འདུག་སོགས་གང་དང་བསྲེ་ཞིང་སྐྱོངས། སླར་ཡང་ཡུན་རིང་མ་འབྱམས་པར་འཇོག་བཤིག་ལའང་སྦྱང༌། མཐར་སྤྱོད་ལམ་ཀུན་དང་འདྲེས་ནས་འཇོག་བཤིག་མི་དགོས་པར་རིག་པ་གསལ་སྟོང་འཛིན་མེད་རྒྱུན་པར་ཤར་ན་ངང་སྒོམ་ལ་སླེབས་པའོ། །དུས་མཐའི་ལོག་རྟོག་པ་འགས་འཇོག་བཤིག་མི་ཤེས་པར་སེམས་འཛིན་ཙམ་ནས་སྐྱོང་ཤེས་ཡོད་པར་འདོད་པ་ནི། སེམས་ཅན་ཐ་མལ་་ཡིན་ངེས་སོ། །དེ་ལྟར་མ་ཡིན་པར་གོང་ལྟར་སྐྱོང་ཤེས་དེ་ལ་གོམས་པའི་མཐར་ཉིན་མཚན་འཁོར་ཡུག་ཏུ་གང་སྣང་གང་ཤར་ལ་འཛིན་རྟོག་ཡེ་ནས་མེད་ན་ཀློང་སྒོམ་ལ་སླེབས་པའོ། །འཛིན་རྟོག་གྲོལ་བའི་ངང་ནས་འགྲོ་བ་གཞན་དོན་དུ་མ་འགག་པའི་སྤྱོད་པ་སྣ་ཚོགས་སྤྱད་ཅིང་སྤྱོད་པ་དེས་མི་བསྒྲིབས་ན་ལ་བཟླ་མཐར་ཐུག་གི་དོན་ཡིན་པར་གོ་སྟེ། ནམ་ཞིག་བདག་གིས་རྒྱལ་བའི་དགོངས་པ་དེ་རྟོགས་པར་གྱུར་ཅིག ཟབ་པོ། །སླིག་ཙོ།

སེམས་ངོ་སྐྱོང་ལུགས་རིམ་པ་ལ། སེམས་འཛིན། ཞི་གནས། ལྷག་མཐོང༌། མཉམ་བཞག རྗེས་ཐོབ་དང་ལྔའོ།།

དང་པོ་སེམས་འཛིན་ནི་སྐུ་གསུང་ཐུགས་ཀྱི་མཚན་མའི་རྫས་གང་རུང་ཞིག་ལ་སེམས་གཏད་ནས་སྐད་ཅིག་ཀྱང་གཞན་དུ་མི་ཡེངས་པར། སྒོ་གསུམ་རྩེ་གཅིག་ཏུ་སྒྲིམ་ལ་ཤིན་ཏུ་སྦྱང་བས། སེམས་ཟིན་པའི་རྟགས་སམ་ཏིངའཛིན་བྱང་བའི་རྟགས་ལ། མཚན་མ་གང་ཡིན་དེ་ཡིད་ལ་དྲན་པ་ཙམ་གྱི་ངོ་བོ་སལ་ལེ་གསལ་ལ་འགྱུ་བ་གཞན་གྱིས་བར་མི་ཆོད་པ་ནི་མཉམ་བཞག་ལ་ཟིན་པའི་རྟགས། ཐུན་མཚམས་བཀྲོལ་ནས་རང་སར་ཡེངས་སྐབས་སུ་ཡིད་ལ་བྱེད་པ་མེད་པར་མཚན་མ་དེ་ཉིད་རང་བཞིན་གྱིས་གསལ་བར་བྱུང་ན་རྗེས་ཐོབ་ལ་ཟིན་རྟགས་སོ། །མཉམ་རྗེས་གང་ལའང་མཚན་མ་དེ་ཀ་ལ་འབྲལ་བ་མེད་ཅིང་འགྱུ་དྲན་རང་སངས་སུ་འགྲོ་ཞིང་འགྱུ་བས། མཚན་སྒོམ་མི་སྒྲིབ་ན་མཉམ་རྗེས་དབྱེར་མེད་ལ་ཟིན་རྟགས་སོ།།

གཉིས་པ་ནི་གོང་གི་མཚན་མ་དེ་བཤིགས་ནས་སེམས་གཏད་མེད་དུ་བཞག་པས་ཡིད་ཀྱི་འགྱུ་བ་གང་བྱུང་ཡང་དེ་ལ་བརྟག་གཞིག་དང་བླང་དོར་དང་རྩིས་གདབ་དང་བཟང་ངན་གྱི་ཁྱད་པར་སོགས་མི་འབྱེད་པར་གང་ལའང་མི་བསམ་མི་འཕྲོ་བར་རང་ས་རང་ཐོག་ཏུ་ཀད་དེ་བཞག་ན་འགྱུ་དྲན་རང་འབྱུང་རང་སངས་སུ་ངོ་འཕྲད་པ་གཅིག་འབྱུང༌། ཡང་དེ་ཚེ་ཁམས་དྭངས་དུསཅིར་ཡང་མི་དྲན་པར་སྟོང་ལ་གསལ་དྭངས་པའི་ཉམས་ཤིག་སྐྱེ་སྟེ། ཡུན་རིང་ཐུང་མ་ངེས་པ་དེ་ལ་ཅི་ཙམ་གནས་ཐུབ་ཐུབ་ཏུ་སྦྱང༌། ཁམས་ངན་དུས་དེ་མི་འབྱུང་ཡང་འགྱུ་དྲན་གྱི་རྗེས་སུ་མ་ཤོར་བ་རང་འབྱུང་རང་སངས་སུ་ཉམས་སུ་བླང༌། གལ་ཏེ་དེ་ཡང་མི་ནུས་པ་བྱིང་འཐིབས་སུ་འགྲོ་བ་དང་འཕྲོ་རྒོད་དུ་ཤོར་བ་སྲིད་པས་དེའི་གེགས་སེལ་རང་ཉམས་དང་བསྟུན།

གསུམ་པ་དེ་ལྟར་ཉམས་སུ་བླངས་པས་སེམས་སྟོང་་གཞི་མེད་གཅིག་ལ། སྣང་བ་འགག་མེད་རྒྱུ་རྐྱེན་བྲལ་བ་ཅིག་ཤར་བ་ལ་ཚུར་རོལ་བདག་ཏུ་འཛིན་པའི་སེམས་ཞེས་བྱ་བ་ཅིག་དང་ཕ་རོལ་པོ་གཞན་དུ་སྣང་བ་ཅིག་འཆར་རྒྱུ་གཉིས་སོ་སོར་མེད་པར་སྣང་བ་དེ་ཀ་སེམས། སེམས་དེ་ཀ་སྣང་བགཉིས་སུ་མེད་པར་ལྷག་གིས་མཐོང་བའོ།། 

བཞི་་ནི། སྣང་སེམས་དབྱེར་མེད་ཀྱི་དོན་དེ་ལས་མི་གཡོ་བའོ།།

ལྔ་པ་ནི་དེ་ཉིད་རྗེས་སུ་ཐོབ་སྟེ་སྣང་བ་ཅི་གསལ་སེམས་སུ་སྣང་བ་སེམས་ལ་ཅི་བསམ་པ་སྣང་བར་འཆར་བས་སྣང་སེམས་གཉིས་རང་དབང་རང་གིས་བསྒྱུར་བ་གཞན་སྣང་དེ་བདེ་སྡུག་གི་དབང་དུ་མི་འཆོར་བའོ། དེ་ལྟར་མཉམ་རྗེས་འདི་ལ་འདོད་ལུགས་གཞན་ཀྱང་ཡོད་དེ་འདི་ནི་མཐར་ཐུག་གི་ལུགས་སོ།། ནམ་རྒྱལ་གྱི་ཉམས་ལ་ཤར་བའོ།། བཀྲ་ཤིས་པར་གྱུར་ཅིག ངོ་མཚར་ཆེའོ།། དགེའོ།། 

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.