༧ མདའ་ཆེན་དཀར་མོ་རི་ཁྲོད།
སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།
མ་རིག་མུན་སེལ་རང་རིག་སྒྲོན་མེ་འདེགས། །བདག་འཛིན་སྒྲོག་བཀྲོལ་བདག་མེད་ཐང་ལ་ཕྱུངས། །བཀའ་དྲིན་དཔག་མེད་སྐྱོང་བའི་དྲིན་ཆེན་མཆོག །བླ་མ་རྣམས་གསུམ་ཞབས་ལ་གསོལ་བ་འདེབས། །ཕྱི་མ་དོན་གཉེར་འདི་སྣང་བློས་གཏང་གི། །སྐྱེས་བུ་ལས་སྐལ་བཟང་པོའི་འཕྲོ་སད་ཀུན། །བོན་སྒོ་རིན་ཆེན་གླིང་ལ་ཕྱིན་པའི་ཚེ། །བདམ་ཁ་མ་ནོར་ཐེག་ཆེན་ནོར་བུ་ལོངས། །དེ་ཡང་ཀུན་གྱིས་མི་རྙེད་འདི་ལྟར་མཛོད། །དགེ་བའི་བཤེས་གཉེན་ཡིན་པས་བླ་མ་གཙུག་ཏུ་ཁུར། །དལ་འབྱོར་ཡོན་ཏན་བཅོ་བརྒྱད་དོན་མེད་ཆུད་མ་གསན། །མི་རྟག་སྒྱུ་མར་ངེས་པའི་སྐྱོ་ཤེས་ཡང་ཡང་བསྐྱེད། །འཁོར་བའི་ཉེས་དམིགས་བསམ་ལ་སྡིག་བཅུ་གཏན་ནས་སྤོངས། །ཐར་བར་བྲོད་ཁ་བཏིང་ལ་དགེ་བཅུར་བརྩོན་འགྲུས་རྩོམས། །གྲུབ་མཐའ་བོན་ཀུན་བཟང་བས་ཐོས་བསམ་ཀུན་ལ་བྱ། །འབྲས་བུ་མྱུར་དུ་འབྱུང་བས་སེམས་ཕྱོགས་དང་དུ་ལོངས། །དགེ་བའི་རུ་མ་ཡིན་པས་དད་མོས་འདུན་པ་དགོས། །ལམ་ལ་བར་ཆོད་མང་བས་སྐྱབས་འགྲོའི་དཔུང་གཉེན་ཚོལ། །བག་ཆགས་ངན་པ་སྡང་བས་བཤགས་པའི་ཁྲུས་ལ་བརྩོན། །ཚོགས་བསགས་རྒྱུ་འབྲས་བདེན་པས་མཆོད་སྦྱིན་རྒྱུན་མ་བཅད། ། ཐེག་ཆེན་གཞི་མ་ཡིན་པས་བྱང་ཆུབ་སེམས་མཆོག་སྐྱེད། །རང་རྒྱུད་སྨིན་གྲོལ་འབྱུང་གི་བྱིན་རློབས་དབང་རྫོགས་ཞུས། །གདམ་པའི་སྔོན་འགྲོ་ཡིན་པས་མ་ལུས་འདོར་མི་བྱ། །ཞིང་གི་སོ་ནམ་འདྲ་བས་གཏང་སྙོམས་ཡེ་མི་རུང་། །ལམ་གྱི་མཐུན་རྐྱེན་ཡིན་པས་དུས་མེད་རྒྱུན་དུ་སྤྱད། །ཀུན་རྫོབ་བདེན་པའི་དུས་ཡིན་མཚན་བཅས་དགེ་བ་གཙོ། །དོན་དམ་མངོན་དུ་གྱུར་ཀྱང་སྤང་མེད་བསྟན་འགྲོའི་དོན། །དེ་རྣམས་ཐུགས་ལ་ཞོག་ཅིག་མི་བརྗེད་དྲན་གསོ་ལགས། །དངོས་གཞི་གདམ་པ་ཉམས་སུ་ལེན་པ་ལ། །འཇུག་སྒོ་དང་པོ་སེམས་ཚོལ་སེམས་འཛིན་དུས། །འོལ་ཚོད་མི་བྱ་བླ་མའི་གསུང་བཞིན་ཉན། །གལ་ཏེ་དེ་དུས་མ་ཟིན་གྱུར་སྲིད་ན། །ཕྱི་ནས་རང་གི་བརྩོན་འགྲུས་ཤུགས་དྲག་གིས། །མཚན་བཅས་མཚན་མེད་སྤེལ་མའི་སེམས་འཛིན་རྣམས། །ཡང་ཡང་བསྒོམ་ན་མི་ཟིན་མི་སྲིད་དོ། །སེམས་མ་ཟིན་པས་སྒོམ་ཚུལ་བྱས་ན་ཡང་། །དོན་མེད་མི་ཚེ་སྟོང་ཟད་ཡིན་པ་ངེས། །འཛིན་ལུགས་ཟིན་རྟགས་བླ་མས་གནང་དགོས་ཀྱང་། །མས་བོར་དྭ་བུར་ཕན་ཕྱིར་འདིར་ཟུར་སྨྲའོ། །དང་པོ་མཚན་བཅས་ཨ་ལ་སེམས་གཟིར་ཚེ། །སྔ་བསམ་ཕྱི་མནོའི་རྟོག་འཛིན་ཞི་ནས་སུ། །དྲན་པ་མི་འཕྲོ་ཧུར་རེ་ཨ་མཐོང་ཡང་། །ཨ་རུ་རྟོག་འཛིན་མེད་པར་ཀད་དེ་གནས། །དེ་ཡང་བྱ་ཤོར་མི་ཡོང་ཐུག་འཕྲད་ཟབ། །འདི་དུས་སྒོ་གསུམ་བྱ་བ་ཆེད་དུ་སྤང་། །དྲན་པ་འཕྲོ་འདུ་མི་མང་ལྷོད་ལ་བལྟ། །ལེ་ལོ་གཡེངས་སྐྱོང་བྱས་ན་ཆེར་མི་འཆར། །དེ་ནས་མཚན་མེད་ངང་ལ་གནས་ཙམ་ན། །དྲན་པ་སྣ་ཚོགས་རྗེས་མེད་ཤར་གྲོལ་ལམ། །ཡང་ན་མི་འཕྲོ་ཀད་དེ་གནས་པ་འམ། །འཕྲོས་ཀྱང་མི་གནོད་གསལ་སྟོང་བདེ་བའི་ཉམས། །ཅི་རིག་ཐུན་རེ་ཤར་ན་ཟིན་རྟགས་ཡིན། །ཐུན་ཞེས་བྱ་བ་ཡུད་ཙམ་པ་རེ་དང་། །ཞག་ཟླར་འབྱམས་སོགས་སྲིད་པས་ཡུན་མ་ངེས། །ཅི་ཕྱིར་འབྱུང་ཁམས་ལྔ་ཤས་གང་ཆེ་ཡིན། །དེ་ཡང་སྦྱང་སྟོབས་ལ་རགས་དེ་ཕྱིར་བསྲིང་། །ཅིས་ཀྱང་ལོ་ཟླ་ཡུན་རིང་མི་ཟིན་ན། །ལུས་གནད་སེམས་གནད་མ་ཤེས་ལན་སྲིད་པས། །ལུས་གནད་ཆ་ལུགས་ལྔ་ལྡན་ཤིན་ཏུ་སྦྱང་། །སེམས་གནས་སྔ་ཕྱིའི་རྟོག་པ་རབ་ཏུ་བཀག །སྐབས་འདིར་རྟོག་འགྱུར་བཀག་པ་མི་སྐྱོན་ཏེ། །རྣམ་རྟོག་རྐུན་བུ་འདྲ་བས་བཟུང་ཕྱིར་རོ། །བཀག་པས་གཏིང་ནས་ཁོག་པར་མི་སྲིད་ཀྱང་། །བྱིང་རྒོད་ལྡིང་འཐས་རྟོག་འཛིན་ངོས་ཟིན་འགྱུར། །དེ་མིན་ཐབས་ལམ་གཞན་གྱིས་ཟིན་པ་དཀའ། །དེ་ཟིན་དེ་ཉིད་སྒོམ་དུ་བསྒྱུར་ཐབས་ནི། །མི་འཕྲོ་གནས་ན་མཆོག་ཏུ་མི་འཛིན་ལ། །འཕྲོས་ཀྱང་སྐྱོན་དུ་ལྟ་བ་མ་ལགས་ཏེ། །དྲན་པ་དྲན་པས་སོ་ཚུག་གར་འགྲོར་གཏང་། །དེ་ཚེ་འགྱུ་བ་རང་འབྱུང་རང་དྭངས་ལ། །བཀག་བསྒྲུབ་མི་དགོས་བློ་བྱས་ཞི་གནས་ཡིན། །དེ་ལ་གོམ་པས་རང་བཞིན་ཞི་གནས་འཆར། །རྒྱུན་ཆད་མེད་ན་མཐར་ཐུག་ཞི་གནས་ཟེར། །དེ་ཡིས་ཆོག་གམ་སྙམ་ན་མི་ཆོག་སྟེ། །ལྷག་མཐོང་སྒྲོན་མེ་ཞི་གནས་མུན་པའི་ལྷ། །དོན་དམ་མངོན་པར་མི་རྟོགས་ལྡིང་སྐྱོན་འབྱུང་། །དེས་ན་ལྷག་མཐོང་གང་ཞེས་བྱ་བ་ན། །སེམས་དེར་དངོས་འཛིན་གཞི་རྩ་བྲལ་བ་རུ། །བསྒོམ་བྱའི་ཡུལ་དང་སྒོམ་བྱེད་མཁན་པོ་གཉིས། །འདི་ཞེས་མེད་ཅིང་གསལ་ལ་རང་བཞིན་མེད། །སྐྱེ་འགག་རྟག་ཆད་སྣང་སྟོང་ཡོད་མེད་སོགས། །ཡིན་མིན་གང་གི་སྒྲ་མི་འཇུག་པ་དེ། ། སེས་ཀྱི་གནས་ལུགས་ཡིན་པས་བཟོ་བཅོས་མེད། །དེ་ཤེས་དེ་དྲ༷ན་མི་ཡེངས་རྒྱུན༷་འཐུད་ན། །རྟོག་འཛིན་ཞི༷་ནས་མི་རྟོག་ངང་གན༷ས་ཚེ། །ངོ་བོ་གསལ་སྟོང་ལྷ༷ག་གི་མཐོ༷ང་བ་ལ། །ཞི་གནས་ལྷག་མཐོང་ཟེར་བའི་ཐ་སྙད་བཏགས། །ལྷག་གི་མཐོང་བ་དེ་ནི་ལྟ་བ་ལ། །མི་གཡོ་གནས་པ་དེ་ནི་སྒོམ༷་པ༷འོ། །དེ་གཉིས་མཉམ་པར་འཇོག་པས་མཉམ༷་བཞ༷ག་ལ། །སྤྱོད་ལམ་གང་ལ་བསྲེ་ཤེས་རྗེས༷་ཐོ༷བ་པོ། །མཉམ་རྗེས་དབྱེར་མེད་རྩལ་སྦྱང་སྤྱོ༷ད་པ༷་ཡིན། །མ་རྩལ་ལྷུན་གྲུབ་དོན་རྟོགས་འབྲ༷ས་བུ༷འོ། །དང་པོ་ཚིག་ཏུ་ཟིན་པ་གོ་བ་སྟེ། །བར་དུ་རྒྱུད་ལ་ཤར་བ་ཉམས་ཡིན་ལ། །ཐ་མར་འབྲལ་མེད་རང་ཆས་རྟོགས་པའོ། །སྟོང་པ་གཞི་ལ་གསལ་བ་ལམ་ཡིན་ཏེ། །དབྱེར་མེད་ལྷུན་གྲུབ་འབྲས་བུ་ཞེས་ཀྱང་བྱ། །དེ་བཞིན་སྟོང་པ་མ་ལ་གསལ་བ་བུ། །དབྱེར་མེད་ངང་ལས་ཡུལ་གསུམ་རྩལ་དུ་སྣང་། །སྟོང་པའི་ཀློང་ལས་གསལ་བའི་མཁའ་རུ་ཤར། །གཉིས་མེད་མཉམ་པའི་དབྱིངས་ལས་ཐམས་ཅད་བྱུང་། །སྐུ་གསུམ་ཁམས་གསུམ་ལ་སོགས་གྲངས་མེད་ཀྱིས། །དེ་དོན་རྟོགས་མ་རྟོགས་ཀྱི་ཁྱད་པར་ཏེ། །རྟོགས་པས་སངས་རྒྱས་བདག་མེད་ངང་ལས་གྲོལ། །མ་རྟོགས་སེམས་ཅན་བདག་འཛིན་དབང་གིས་འཁྲུལ། །ངོ་བོ་གཅིག་ལ་དཔྱད་ལུགས་མི་འདྲ་བས། །བདེ་སྡུག་སྐྱོན་ཡོན་ཁྱད་པར་ཆེ་འདི་བྱུང་། །གཞན་ཡང་རྒྱུད་སྡེ་རྣམས་ཀྱི་དགོངས་དོན་བཞིན། །འཁོར་འདས་བོན་གྱི་རྣམ་གྲངས་མཐའ་ཡས་པ། །རྩ་བ་འདི་ལ་དྲིལ་ལ་སྒྲོ་འདོགས་ཆོད། །ལེགས་པར་ངོ་འཕྲད་ཉམས་སུ་བླང་བ་ལ། །ཉམས་རྟོགས་རིམ་པ་གསུམ་མམ་དགུ་འམ་བཅུ། །དབང་པོའི་ཁྱད་པར་དབྱེ་བ་དེ་བཞིན་འཆར། །དང་པོ་སེམས་གནས་མི་འཕྲོ་རྩེ་གཅིག་ལ། །ཐུན་སྒོམ་ཐ་འབྲིང་རབ་གསུམ་འཆར་བར་བཤད། །བར་དུ་སེམས་བརྟན་བློ་ཡིས་སྤྲོས་བྲལ་ལ། །ངང་སྒོམ་གསུམ་འཆར་ཐ་མར་སེམས་མངོན་གྱུར། །སྒོམ་མེད་ཡེངས་མེད་དུ་མ་རོ་གཅིག་ངང་། །ཀློང་སྒོམ་གསུམ་དང་མཐར་ཐུག་སྒོམ་མེད་དོ། །དེ་རྣམས་རྟགས་ཚད་གང་ཞེ་ཐུན་སྒོམ་གསུམ། །ཐུན་གྱི་རིང་ཐུང་སུམ་ཆ་གནས་མི་གནས། །ངང་སྒོམ་གསུམ་ལ་ཉིན་མཚན་བརྟན་མི་བརྟན། །ཀློང་སྒོམ་གསུམ་ལ་དུ་མ་གཅིག་མི་གཅིག །མཐར་ཐུག་ས་ལ་ཐམས་ཅད་མཉམ་ཉིད་དོ། །དེ་ཚེ་བདག་འཛིན་ཉོན་མོངས་དུག་ལྔ་ཡང་། །རྡོ་ས་ཆུ་མཁའི་རི་མོ་ལྟར་རིམ་བཞིན། །སངས་དཀའ་སངས་སླ་རིམ་གྱིས་འཆར་བར་ངེས། །དེ་ཡང་དགོངས་ལུགས་མི་མཐུན་འགའ་ཡོད་ཀྱང་། །འདི་ནི་ཉམས་བརྒྱུད་ཨ་ཁྲིད་པ་ཡི་ལུགས། །འོན་ཀྱང་བཤད་པ་ཤེས་པས་མི་ཕན་ལ། །ཐོག་ཏུ་ཕེབས་ན་བཤད་པ་དགོས་མི་འགྱུར། །ལམ་རྒྱུས་ཤེས་པའི་མི་ཆོག་བགྲོད་པ་གཅེས། །བོན་རྣམས་ཤེས་པས་མི་ཆོག་བསྒྲུབ་དགོས་གསུངས། །དེ་ཕྱིར་སྒོམ་སྒྲུབ་ནན་ཏན་དགོས་པར་རིག །གང་ཞིག་ལས་འཕྲོ་མ་དག་སེར་གཟུགས་འགས། །ལྟ་བ་ལྟ་རུ་མེད་ཅེས་ཕྱལ་བར་བཏང་། །སྒོམ་པ་སྒོམ་དུ་མེད་ཅེས་བཏང་སྙོམས་འཇོག །དེ་དག་ན་བའི་སྟེང་དུ་མཚོན་བསྣུན་བཞིན། །འཁོར་བའི་ཐོག་ཏུ་འཁྲུལ་པ་མུ་སྟེགས་སོ། །ཀྱེ་མ་དེ་འདྲ་དེང་སང་རེ་མང་ན། །ལས་ལྡན་ཐར་འདོད་ཡོད་ན་ལུངལ་ལྟོས། །བཀའ་ལ་ཉན་ཞིང་རིག་པའི་ཚད་ལ་གཞལ། །རྟེན་པ་གནས་ཀྱིས་ས་ལ་ཀུན་རྫོབ་བདེན། །སྦྱང་བ་ལམ་གྱི་ས་ལ་བདེན་གཉིས་མཉམ། །མཐར་ཕྱིན་འབྲས་བུའི་ས་ལ་དོན་དམ་བདེན། །དེ་ཕྱིར་དང་པོ་ཐམས་ཅད་ཡོད་པར་བསྟན། །བར་དུ་མཉམ་ལ་ཐ་མར་མེད་ངེས་བསྟན། །མེད་ཅེས་ཟད་པའི་སྟོང་པ་མ་ལགས་ཏེ། །སངས་རྒྱས་རྣམས་ལ་འཁོར་བའི་སྡུག་བསྔལ་མེད། །དེ་མེད་བདེ་བ་ཉིད་ལ་དམིགས་མེད་དོ། །འོ་སྐོལ་གང་ཟག་ལམ་པས་སྦྱང་ཚུལ་ལ། །ཚད་གསུམ་བདེན་གཉིས་ཟུང་དུ་འབྲེལ་ངོས་ནས། །ལྟ་རུ་མེད་ཀྱང་མཐའ་བྲལ་དོན་མཐོང་དགོས། །བསྒོམ་དུ་མེད་ཀྱང་རང་རིག་དྲན་རྒྱུན་དགོས། །བྱ་རུ་མེད་ཀྱང་བྱ་ཆ་དགེ་སྦྱོར་དགོས། །བསྒྲུབ་ཏུ་མེད་ཀྱང་ཉམས་ལེན་བརྩོན་འགྲུས་དགོས། །མཐོང་རྒྱུ་མེད་ལ་ཡིད་ཆེས་མཐོང་མཆོག་ཡིན། །སྒོམ་རྒྱུ་མེད་ལ་མི་ཡེངས་སྒོམ་མཆོག་ཡིན། །བྱས་པ་ཀུན་ལ་མ་ཆགས་སྤྱོད་པའི་མཆོག །མ་བྱས་ལྷུན་གྱིས་གྲུབ་པ་འབྲས་བུའི་མཆོག །ཕྱོགས་རིས་ཇི་ལྟར་བྱུང་ཡང་ལྟ་བ་གོལ། །དམིགས་འཛིན་གང་ཚུག་བྱས་ཀྱང་སྒོམ་པ་གོལ། །དགེ་སྡིག་ཅི་ལ་ཆགས་ཀྱང་སྤྱོད་པ་གོལ། །དངོས་པོ་གང་དུ་གྲུབ་ཀྱང་འབྲས་བུ་གོལ། །དེ་ཕྱིར་འཁོར་འདས་བོན་སེམས་མ་ལུས་ཀུན། །གསལ་ལ་རང་བཞིན་མེད་པའི་གཟིར་གྱིས་སྡོམ། །སྣང་ལ་དངོས་པོ་མེད་པའི་རྒྱ་ཡིས་གདབ། །དཔེར་ན་ཆུ་ཟླ་གཟུགས་བརྙན་སྨྲིག་རྒྱུ་རླུང་། །འཇའ་སྤྲིན་བྲག་ཅ་རྨི་ལམ་སྒྱུ་མ་དགུས། །མཚན་ཏེ་གསལ་ལ་རང་བཞིན་མེད་ཤེས་བྱ། །གཞན་ཡང་གོལ་ས་མང་སྟེ་དོན་འདི་ཀས། །ཐམས་ཅད་ཆོད་པས་དེ་ལས་བློ་མང་སྤང་། །གང་ཞིག་མུ་བཞི་མཐའ་དྲུག་བརྒྱད་དགུ་སོགས། །གོལ་ས་ཀུན་བཀག་ཚེ་ན་ངོ་བོ་ཉིད། །སྒོམ་རྒྱུ་མི་རྙེད་འདི་ཡིན་ཅང་མེད་པས། །སྟོར་བ་སྲིད་དེ་བློ་འདས་དྲི་མེད་ཀྱི། །ལྟ་སྒོམ་ངང་ལ་འཇོག་ལུགས་མ་ཤེས་སྐྱོན། །ཅི་ལྟར་འཇོག་ན་སེམས་ཉིད་རང་ལུགས་ལ། །འདོད་པས་མ་བཅོས་རིག་པའི་དྲན་རྒྱུན་བསྟེན། །རིག་པའི་དྲན་རྒྱུན་ཟེར་བ་གང་ཞེ་ན། །ཅི་ལྟར་སྣང་བའི་འགྱུ་དྲན་རྟོག་འཛིན་ཀུན། །གསལ་ལ་རང་བཞིན་མེད་ཤེས་དེར་མི་ཡེངས། །མི་ཡེངས་པ་དེ་བློས་བྱས་མ་ལགས་སམ། །ཞེ་ན་རོ་གཅིག་བར་དུ་དེ་མེད་ན། །ཉམས་རྟོགས་འཆར་ཐབས་མེད་ཅིང་མཐར་ཐུག་དུས། །ཡོད་ཀྱང་མེད་དེ་ཡོད་ན་ཤེས་སྒྲིབ་ཡིན། །དེ་ཀ་རང་གིས་ཆོག་པ་ཅིར་སྙམ་ན། །ཕྱི་ཡི་བོན་ནི་སྣང་བ་འདི་ཀུན་ཏེ། །འདི་དག་གསལ་ཀྱང་མི་རྟག་རང་བཞིན་མེད། །ནང་གི་བོན་ཀུན་སེམས་ལ་འདུས་པ་སྟེ། །འདི་ནི་གསལ་ཡང་དངོས་པོ་རང་བཞིན་མེད། །ཕྱི་ནང་འབྲེལ་བའི་བོན་རྣམས་མ་ལུས་ཀུན། །བྱ་བ་གསལ་ཀྱང་བྱེད་པོ་རང་བཞིན་མེད། །སེམས་ཅན་སྡུག་བསྔལ་སངས་རྒྱས་བདེ་བ་གང་། །ངེས་པར་གསལ་ཡང་བརྟག་པས་རང་བཞིན་མེད། །དེ་བཞིན་ཉོན་མོངས་ཡེ་ཤེས་ལ་སོགས་ཀྱང་། །གསལ་ལ་རང་བཞིན་མེད་པར་ཤེས་གྱུར་ན། །ལྟ་བ་བླ་མེད་ཡང་དག་རྫོགས་ཆེན་མཆོག །དེ་ལ་ཐེ་ཚོམ་མེད་དོ་ཡོད་ན་འཁྲུལ། །འོ་ན་དེ་ཤེས་དེ་ཡིས་ཆོག་པ་ན། །གོང་གི་སྦྱང་ལུགས་རིམ་པ་ཅི་ཞེས་ན། །དོན་དེ་གོ་བས་མི་ཆོག་ཉམས་མྱོང་དགོས། །མྱོང་བས་མི་ཆོག་མངོན་དུ་གྱུར་དགོས་ཕྱིར། །དང་པོ་ཚིག་ཏུ་ཟིན་པ་བསྙེལ་མི་བྱ། །བར་དུ་རྒྱུད་ལ་འགེལ་ནས་ཡུལ་ལ་བསྲེ། །ཐ་མར་ཤུགས་ལས་བྱུང་ཡང་ལ་བཟླ་དགོས། །དེ་ཕྱིར་ཐེ་ཚོམ་མ་མང་བློ་འགོང་སོད། །དེ་ལྟར་ཉམས་སུ་ལེན་དུས་ཕྱི་ནང་གི །བར་ཆོད་བྱེད་པའི་རིགས་འབྱུང་སྲིད་མོད་ཀྱང་། །རང་སེམས་དཔང་དུ་བཙུག་ནས་རང་ཉིད་ཀྱི། །རང་ལ་མ་ཁྲེལ་བ་ཅིག་བྱས་ན་ནི། །ཀེགས་དང་བདུད་ཀྱིས་ཚུགས་པར་མི་འགྱུར་རོ། །བར་ཆོད་རྣམ་གྲངས་གང་དང་གང་ཞེ་ན། །དགྲ་གཉེན་ཆགས་སྡང་ལྷ་འདྲེ་གཉིས་འཛིན་དང་། །བདེ་སྡུག་བདམ་ཁ་ཉམས་ལེན་རེས་འཇོག་དང་། །བྱིང་རྒོད་དབང་འཆོར་ལ་སོགས་གྲངས་མང་ཡང་། །ཅིར་སྣང་རང་བཞིན་མེད་པའི་ངང་ཉིད་དུ། །དམིགས་མེད་ཤེས་རབ་མཚོན་དཔེ་བཟློག་བྱས་ན། །གང་གིས་མི་འགྱུར་གང་ཡང་སྤང་བླང་མེད། །མི་བཀག་མི་སྒྲུབ་རིག་པའི་རྒྱུན་མ་གཅོད། །ཐམས་ཅད་གསལ་ལ་རང་བཞིན་མེད་པ་ཡི། །གནད་དེས་གཉིས་འཛིན་སྣང་བ་མ་ལུས་ཀུན། །མཁའ་དང་སྤྲིན་བཞིན་རང་འབྱུང་རང་ཞིར་འགྲོ། །ཨེ་མ་དེ་ལས་འདས་པའི། །སངས་རྒྱས་བསྒྲུབ་ཐབས་གདམ་པ། །གང་དུ་བཙལ་ཡང་མི་རྙེད། །རྙེད་ཀྱང་དེ་དག་མིན་ནོ། །ཅི་ཕྱིར་རང་ལ་རང་གིས། །བལྟས་ན་དེ་མིན་མེད་ཅིང་། །བཀའ་ལུང་ཀུན་གྱི་དགོངས་པ། །དམིགས་མེད་ངང་དུ་རྫོགས་ཕྱིར། །ཁོ་བོས་ཐེ་ཚོམ་མེད་དོ། །འོན་ཀྱང་མ་རིག་ལོག་རྟོག །འཁྲུལ་བའི་མུན་པའི་གཏིང་ནག །ཐོས་བསམ་སྒྲོན་མེས་མ་གསལ། །ནོར་བ་ཡོད་ན་བཤགས་སོ། །བསམ་པ་བཟང་པོའི་གྲོས་འདིར། །ལས་འཕྲོ་བཟང་པོས་ཉན་ན། །ཉམས་མྱོང་བཟང་པོ་འབྱུང་ནས། །འབྲས་བུ་བཟང་པོ་འཐོབ་བོ།། ཞེས་ཉམས་སུ་མྱོང་བའི་མན་ངག་ཚིགས་སུ་བཅད་པ་འདི་ནི། གང་ཞིག་ཉམས་ལེན་བྱེད་མི་རྣམས་ལ་ཕན་ཕྱིར། བསླབ་བསུམ་དོན་ལྡན་སྐྱེས་བུ་རྟོགས་ལྡན་བསོད་ནམས་ཀྱིས་བསྐུལ་བ་ལ་བརྟེན་ནས། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་རང་ལོ་ཞེ་གཉིས་ཐོག་ཏུ་སྤྲོས་བྲལ་དང་པོ་ཤར་ཙམ་ན་བརྩམས་པས། སྐྱེས་བུ་གོང་མ་རྣམས་ཀྱིས་གཟིགས་འོས་སུ་མི་སྣང་ཡང་། ལམ་ཞུགས་བྱིས་པ་རིམ་སྐྱེས་པ་རྣམས་ལ་སྙིང་གཏམ་ལྷུག་པར་བཤད་པ་ཡིན་ཏེ། འོན་ཀྱང་གདམ་པ་འདི་ནི་ཟབ་པའི་ཡང་ཟབ་ཕྲ་བའི་ཕྲ་བ་ཡིན་པས། བདག་འདྲ་ཚུར་རོལ་དཔྱད་དཀའ་བ་ལས་བྱུང་བའི་ཉེས་འགལ་ཡོད་ན་མི་འཆབ་བོ།། དེ་ལྟར་ཡིན་ན་གཟུ་ལུམ་སྨྲ་གལ་ཅི་ཞེ་ན། དེ་ཙམ་མ་ལགས་ཏེ་རང་གི་ཉམས་ལ་བཀའ་ལུང་རིག་གསུམ་མཚུངས་པའི་གོ་དོན་གཅེས་བསྡུས་བྱས་པ་ཡིན་ཏེ། བསྡུས་ཚིག་རྣམས་ལ་གོ་བ་མ་ཕོག་ན། མ་གཏོགས་འདིའི་གྲོལ་ངེས་སོ་སྙམ་པ་ལགས་སོ།། བཀྲ་ཤིས་ སོ།།