༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧རྣལ་འབྱོར་བ་ཤེས་རབ་བསྟན་ཕན་མཆོག་གི་རྣམ་ཐར་བསྡུས་པ། | 2012/5/19 20:01:00

༧རྣལ་འབྱོར་བ་ཤེས་རབ་བསྟན་ཕན་མཆོག་གི་རྣམ་ཐར་བསྡུས་པ།

                          དགའ་བཟོད་པ་རྒྱ་མཚོ།  མདའ་ཆེན་དགོན

 

ཤེས་བྱའི་རྟོག་ཚོགས་འཁྲུག་པོ་དོན་དུ་དྲིལ།།

རབ་ཡངས་ས་ལམ་རིང་མོ་ཐོད་ཀྱིས་རྒལ།།

བསྟན་པའི་ཡང་ཏིག་གསང་སེམས་བླ་མེད་བོན།།

ཕན་བདེའི་ས་ཆེན་ཅིག་ཅར་བགྲོད་ལ་བསྔགས།།

 

ངེས་འབྱུང་དད་པས་བརྩོན་པའི་རྒྱུན་བསྲིངས་ཏེ།།

ཀུན་མཁྱེན་བླ་མའི་བཀའ་ལུང་ཚུལ་བཞིན་དུ།།

བསྒྲུབས་པའི་ཡང་སྙིང་གྲུབ་པའི་ངོ་མཚར་གཏམ།།

མ་གསང་སྐལ་ལྡན་དད་པའི་རྟེན་དུ་བསླངས།།

 

འདིར་གླེང་བར་འདོད་པ་ནི། འཇིག་རྟེན་འཁོར་བ་དུག་སྦྲུལ་ཚང་དུ་གཟིགས་ཤིང་སྲིད་པའི་

ཕུན་ཚོགས་དུག་ཆུའི་བཏུང་བར་མཐོང་བའི་བྱ་བྲལ་བ། ཕ་ཁྱིམ་གྲུ་བཞིར་སུན་པའི་ཕྱི་ཕྱག་

ཕུལ་ཞིང་འདུ་འཛིའི་གྲོང་པ་མིག་གི་མ་མཐོང་རི་ཁྲོད་པ། ཀུན་བཟང་རྒྱལ་ས་ཚེ་འདིར་

མངོན་དུ་གྱུར་བར་དམ་བཅའི་རི་མོ་བྲག་ལ་བཀོད་པའི་དགེ་སྦྱོར་བ། དོན་མེད་སེམས་ཀྱི་སྤྲོས་

པ་རྦད་ཀྱིས་བཅད་དེ་བླ་མའི་གདམས་ངག་སྙིང་ལ་འཆང་བའི་རྣལ་འབྱོར་བ། སྐུ་གཟུགས་

གསུང་རབ་མིན་པར་ལུས་མི་གུས། སྙིང་པོ་རྣམ་གསུམ་མིན་པར་ལྗགས་མི་སྐྱོད། བླ་མའི་གདམ

ས་ངག་མིན་པར་ཡིད་མི་ཕྱོགས། བསླབ་གསུམ་ཉམས་ལེན་མིན་པའི་ལས་མི་མཛད་པའི་ངེས་

པ་དོན་གྱི་རྣལ་འབྱོར་བའམ་རྟོགས་པ་མཆོག་ལྡན་གྱི་སྐྱེས་བུ་དམ་པ་ཤེས་རབ་བསྟན་ཕན་རིན་པོ་ཆེ་མཆོག་ནི། མདོ་སྨད་འཕན་ཆུ་བབ་བཟོའི་གཡེར་ཤིང་སྡེ་བའམ་དེང་སང་ལྟར་ན་སི་ཁྲོན་

མཛོད་དགེ་རྫོང༌། བབ་བཟོ་ཡུལ་ཚོ། རུ་ཆེན་གསུམ་པའི་གཡེར་ཤིང་སྡེ་བར། རབ་བྱུང་བཅོ་ལྔ་

བའི་ཤིང་བྱ1924ལོར་གཡེར་ཤིང་ཚང་ཞེས་པ་ཕྱུག་པོ་ཞིག་གི་ཁྱིམ་དུ་འཁྲུངས།

གཉན་པོ་འགྲུབ་ཅེས་མིང་བཏགས་འོན་ཀྱང་ཀུན་གྱིས་གཅེས་མིང་དུ་ཨ་གཉན་ཞེས་འབོད།   དགུང་ལོ་བཅོ་ལྔའི་སྟེང་དགེ་ཚུལ་གྱི་རྟགས་བླངས་ནས་མདའ་ཆེན་དགོན་པའི་གྲྭ་གྲས་སུ་ཞུགས། དགུང་ལོ་ཉེར་བཞིའི་སྟེང་དབུས་གཙང་ཕྱོགས་སུ་མཇལ་སྐོར་དུ་བྱོན་ནས་གྲྭ་ས་གཡུང་

དྲུང་གླིང་དུ་དམ་པ་སངས་རྒྱས་བསྟན་འཛིན་མཆོག་གི་དྲུང་དུ་རབ་ཏུ་བྱུང་སྟེ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས། ཤེས་རབ་བསྟན་ཕན་ཞེས་མཚན་གནང༌། སྐབས་དེར་མདོ་ཁམས་དང་

དབུས་གཙང་སོགས་ཀྱི་དགོན་པ་དང༌། རྟེན་འགངས་ཆེན། གནས་རི་བྱིན་ཅན་རྣམས་ལ་

ལེགས་པར་མཇལ་ཞིང༌། ཨ་ལགས་སྣང་གསལ་རིན་པོ་ཆེ་སོགས་བླ་མ་དགེ་བའི་བཤེས་གཉེན་

མང་པོར་མཇལ་རྟེན་བསྔོ་འབྲེལ་རེ་ཕུལ་ནས་བྱིན་རླབས་ཞུས། ཕྱིར་བྱོན་ནས་འདུས་སྡེའི་སྒྲིག་

འོག་ཏུ་གྲྭ་པ་དཀྱུས་མའི་འཚོ་བ་སྐྱེལ་བཞིན་བཞུགས། བཤེས་གཉེན་བླ་མ་བརྟེན་ནས་འཆད་

ཉན་སྒོམ་སྒྲུབ་བྱས་རབས་མེད་ལ་དགེ་རྒན་མཁས་པའི་མདུན་ནས་ཐུན་མོང་རིག་པའང་སྦྱངས་རབས་མི་སྣང༌། ཕ་གཞིས་ཕྱུག་པོའི་མི་ཚོར་ལས་རྒྱ་ཆེ་བས།སྐབས་འགར་སོ་ནམ་ཕྱུགས་སྐྱོང་

བྱ་བར་རོགས་རམ་མི་བྱེད་ཐབས་མེད་བྱུང༌། སྤྱི་ལོ༡༩༥༨ལོར་དམངས་གཙོ་བཅོས་བསྒྱུར་བྱས་

པས་ཁྱིམ་གྱི་རྒྱུ་ནོར་ཡོད་རྒུ་གཞུང་བཞེས་བྱས་པ་དང་སྦྲགས་ནས། ཁོང་ཉིད་དགུང་ལོ་སོ་

བཞིའི་སྟེང་ཁྲིམས་ལ་སྦྱར་ཏེ་ལོ་འཁོར་དགུ་ཙམ་འདས། རབ་བྱུང་བཅུ་དྲུག་ཆུ་ཁྱི་༡༩༨༢ལོར་

དགུང་ལོ་ལྔ་བརྒྱད་ཐོག་དགེ་བའི་བཤེས་གཉེན་ཆེན་པོ་རྟོག་ལྡན་བསྟན་འཛིན་ཉི་མ་རིན་པོ་ཆེ་མཆོག་རྩ་བའི་བླ་མར་བསྟེན་ནས་སྡོམ་པ་བསྐྱར་གསོ་མཛད་ཅིང་བཀའ་སྡེ་སྣོད་ཀྱི་དབང་ལུང་ཁྲིད་གདམས་མང་པོ་ཞུས་པས་བླ་མའི་བྱིན་རླབས་རང་རྒྱུད་ལ་ཞུགས་པ་ལྟ་བུས། འཁོར་བ་ལ་

སྐྱོ་ཤས་དང་ངེས་འབྱུང་གཏིང་ནས་སྐྱེས་ཏེ་ད་ནི་འཁོར་བ་དང་ཁ་བྲལ་ནས་དབེན་པའི་རི་ཁྲོད་ཟིན་པའི་འདུན་པ་ཡང་ཡང་སྐྱེས། སྔར་ཕྱུག་པོའི་ཁྱིམ་དུ་གྲྭ་པའི་བསླབ་བྱར་འགལ་བའི་སོ་

ནམ་ཕྱུགས་སྐྱོང་གི་སྡིག་པའི་ལས་བསགས་པར་འགྱོད་སེམས་གཏིང་ནས་འཁྲུངས་ཏེ་ཁ་མིན་དོན་གྱིས་འགྱོད་བཤགས་ཕུལ།དགུང་ལོ་རེ་གཅིག་ཐོག་གོང་ལྟར་རྩ་བའི་བླ་མའི་དྲུང་དུ་ལོ་གསུམ་སྒྲུབ་གྲྭར་བཞུགས་ཏེ། ཀུན་མཁྱེན་ཤར་རྫ་བའི་བཀའ་བརྟེན་ལམ་རིམ་ལ་འཆད་ཉན་དང་ སྒོམ་སྒྲུབ་ཟུང་འབྲེལ་བྱས། དེའང་སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་དང༌། དངོས་གཞིའི་ ཉམས་ལེན་གྱི་རིམ་པ། གཏུམ་མོ་རྩ་རླུང༌། བཅུད་ལེན། འོད་གསལ་མུན་མཚམས་བཅས་ལོ་ གསུམ་གྱི་སྒྲུབ་པ་དང་ཉམས་ལེན་མཐའ་དག་ཡོངས་སུ་མཐར་ཕྱིན། མཚམས་དེར་གྲོང་པ་ དང་དགོན་པར་མི་འབེབ་པའི་སེམས་ཐག་གཅོད་ཅིང༌། དཀར་མོ་རི་ཁྲོད་དུ་གཏན་འདུག་ བྱེད་པའི་དམ་བཅའ་ཕུལ་ཏེ་སྟ་གོན་བགྱིས། འོན་ཀྱང་དགོན་པའི་ཚོགས་ཆེན་ཞལ་ངོར་ བསྐོས་པས་ལོ་གཉིས་ཕྱི་འགྱངས་སུ་བསྲིངས། ལས་བསྐོས་ཟིན་མ་ཐག་རི་དྭགས་རྙི་ལས་འཆོར་ བ་ལྟར་དཀར་མོ་རི་ཁྲོད་དུ་བྱོན་ནས་གཏན་བཞུགས་མཛད་དེ། མཚན་བཅས་མཚན་མེད་ཀྱི་ དགེ་སྦྱོར་ལ་ཉིན་མཚན་མེད་པར་ཆུ་བོའི་རྒྱུན་ལྟར་བརྩོན་ཞིང༌། གྲོང་པ་མིག་གིས་མ་མཐོང་ བར་ལོ་འཁོར་བཅོ་བརྒྱད་ཙམ་བཞུགས་ཏེ། རབ་བྱུང་བཅུ་བདུན་པའི་མེ་ཁྱི་༢༠༠༦ལོར་ དགུང་ལོ་གྱ་གཉིས་ཐོག་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་གི་དགོང་མོ་ཆུ་ཚོད་བརྒྱད་ཀྱི་སྟེང་དགོངས་པ་བོན་དབྱིངས་སུ་ཐིམ། རི་ཁྲོད་དུ་བཞུགས་ནས་ཉམས་ལེན་མཛད་ཚུལ་ནི། ཁོང་ གི་ཚ་བུ་རྣམས་ཀྱིས་རྒྱགས་ཆད་དུ་མི་འཇུག་པས་འཚོ་བ་ལ་སེམས་ཁུར་ཅི་ཡང་མི་དགོས། ས་ འདམ་ལས་བཟོས་བའི་མཚམས་ཁང་དེའི་ནང་དུ་རྔ་གཤང་སྦུབ་རོལ་གྱི་འུར་སྒྲ་མི་སྒྲོག་ལ། ཌ་ སིལ་གྱི་ཁྲོལ་སྒྲའང་མི་གྲགས།བཟླས་བརྗོད་དང་འདོན་ཆོག་སོགས་གདངས་མཐོན་པོས་དབྱངས་སུ་གྱེར་བ་མི་མཛད་ཅིང༌།ཅི་ཞིག་ལ་ཧད་དེ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་སྟངས་ཀའང་ཆེར་མི་གནང་བར།བུང་སྦྲང་གི་འཕུར་སྒྲ་ལྟར་མཐོ་དམའ་དང་བར་མཚམས་མེད་པར་བཟླས་བརྗོད་ལ་བརྩོན་པ་ཆུ་བོ་རྒྱུན་ལ་འགྲན་བཞིན་བཞུགས་པ་ཡིན།ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་ལ་མཚོན་ན།ནངས་སྔ་མོ་ཆུ་ཚོད་བཞིའི་ཐོག་ཡར་བཞེངས་ནས་བྱམས་མའི་སྔགས་བསྟོད་སྐོར་གསུམ་དང༌།ཞི་ཁྲོ་རིག་གསུམ་བོན་སྐྱོང་བཅས་ཀྱི་བསྙེན་པ་ཕྲེང་སྐོར་རེ་བགྲངས་ནས་ནངས་ཇ་བཞེས།དེ་ནས་ཡི་དམ་ཀུན་འདུས་ཀྱི་སྒྲུབ་བཞུང་དབུ་ནས་འཇུག་སྟེ་བསྙེན་གྲངས་ཚང་པ་དང་ཚོགས་འཁོར་དང་སྐུ་བསྟོད་གཏོར་འབུལ་ཕྱྭ་ཚེ་དང་བཅས་པ་མཐར་ཕྱིན།གུང་ཇ་བཞེས་ནས་ཁམས་སངས་དང་གཞུང་གི་བསྙེན་པ་བསོག་ཞོར་སྐྱང་སྤྲུལ་རིན་པོ་ཆེའི་སྐུ་གདུང་གི་མཐར་སྐོར་བ་རྒྱག་བཞིན་ཆུ་ཚོད་གཉིས་ཙམ་འདས།  ཕྱི་དྲོ་ངན་སོང་སྐྱེ་སྒོ་གཅོད་པ་དང༌། དྲི་མེད་ལྟུང་བཤགས་སོགས་བཤགས་པའི་སྐོར་ཁོ་ན་ཤོག་ལྡེབ་བརྒྱ་ལྷག་ཡོད་པ་མཐར་ཕྱིན་པ་དང་བསྔོ་བ་སྨོན་ལམ་མཛད། འདི་ནི་ཉིན་གཅིག་གི་འཆར་གཞི་ཡིན་པས་རྒྱུན་དུ་མ་ཆག་ པར་མཛད་ཅིང་ནུབ་མོ་ཆུ་ཚོད་བཅུ་ཡས་མས་སུ་མཇུག་ཟིན། ཁོང་ཡིད་ཟུངས་ཤིན་ཏུ་བཟང་ བས་ཚང་མ་བློ་འདོན་ཡིན། ཉེ་གནས་པ་དག་གི་ངག་ལྟར་ན། ཁོང་གི་ཉིན་གཅིག་གི་འདོན་ པའི་འཆར་གཞི་ཆེས་ཉི་མ་རིང་སྒང་དུ་ནངས་པར་ཆུ་ཚོད་བཞིའི་ཐོག་ནས་དགུང་མོ་མུན་རུབ་ཡག་བར་རྫོགས་དཀའ་བ་ཞིག་རེད། ཇ་ཐོག་མ་གཏོགས་ཉིན་གང་པོར་ངལ་གསོ་སྐད་ཅིག་ ཀྱང་མི་མཛད།ངག་ནི་དུས་རྒྱུན་པར་བཅད་འདུག་ཅེས་ཟེར། ལག་འཐེན་འཁོར་ལོ་དང་མི་བྲལ

།ང་ཚོས་ཕར་ལྟས་ན་ཁོང་གིས་ཁ་ཏོན་བཟླས་བརྗོད་སོགས་མཚན་བཅས་ཀྱི་དགེ་བ་ཁོ་ནར་བརྩོན་པ་ལས། མཚན་མེད་ལ་མཉམ་པར་འཇོག་པ་དང་འོད་གསལ་ལ་ཟུམ་མེར་གཟིགས་པ་ སོགས་མི་མཛད་པ་དེ་ཁོ་ན་རྒྱུ་མཚན་དུ་བྱས་ནས། ནང་གི་ཉམས་རྟོགས་མངོན་དུ་གྱུར་ཡོད་ པ་སུས་ཀྱང་མི་ཤེས ཁོང་གི་ཞལ་ནས་དགེ་བ་གང་བྱས་ཀྱང་སྦྱོར་དངོས་རྗེས་གསུམ་ཚང་དགོས

།སྦྱོར་དངོས་རྗེས་གསུམ་ཚང་ན་ལུས་ངག་གི་དགེ་སྦྱོར་ཆེན་པོ་མ་གྲུབ་ཀྱང༌། དོན་དུ་ཕན་ཡོན་ ཆེན་པོ་ཡོད། སྦྱོར་དངོས་རྗེས་གསུམ་ཀྱིས་མ་ཟིན་ན་ལུས་ངག་གི་དགེ་བ་སྟོབས་ཆེ་ཡང་ཕན་ ཡོན་ཆུང༌། ཞེས་དང༌། ཡང་འཆད་རྩོད་རྩོམ་གསུམ་ལ་མཁས་ཤིང་གྲོང་ཆོག་འདོན་པ་ལ་ ལྗགས་མྱུར་བའི་མཁས་པ་ག་གེ་མོའི་གནས་ཚུལ་གླེང་ཚེ། འོ་དེ་འདྲ་ཡིན་ན་ཤིན་ཏུ་ལེགས་མོད

།འོན་ཀྱང་ཆོས་པ་རྣམས་མཆོག་གསུམ་བསླུ་བ་མེད་པར་ཡིད་ཆེས་དང༌། འཇིག་རྟེན་འཁོར་ བར་སྐྱོ་ཤས་དང་ངེས་འབྱུང༌། དགེ་སྦྱོར་ལ་སྦྱོར་དངོས་རྗེས་གསུམ་ཚང་པ་ཞིག་བྱུང་ན་དེས་ ཆོག་ཅིང་དེ་ལས་ལྷག་པའི་ཕན་ཡོན་ཆེན་པོ་མེད། ཅེས་ཟེར་བ་ཡིན། སྤྱིར་ཁོང་གི་རང་བཞིན་ ནི་བྱ་བ་དང་གནས་ཚུལ་གང་ཡིན་ཡང་ཁོང་ཉིད་ཀྱིས་དངོས་སུ་མ་ངེས་བར་དུ་གཞན་གྱི་ངག་ལ་ཡིད་ཆེས་མི་མཛད་ལ། ལྷག་པར་དུ་བླ་སྤྲུལ་གྲུབ་རྫུ་དག་གི་འུད་བརྗོད་ཀྱི་གཏམ་ལ་ཡིན་ མིན་གཉིས་ཀའི་ལན་མི་སྨྲ་བར་ལྐུག་པའི་རྣམ་ཐར་འཛིན་ཞིང༌། རང་གི་ཉམས་རྟོགས་ཡོན་

ཏན་སོགས་གསང་བྱའི་རིགས་གཞན་ལ་ཟུར་ཙམ་ཡང་སྨྲ་མི་སྲིད། དེས་ན་ཁོང་གིས་མཚན་

བཅས་ཀྱི་དགེ་སྦྱོར་ངོམས་པ་མེད་པར་དུས་རྟག་ཏུ་བརྩོན་པ་མི་ལྷོད་པ་དེའང༌། གནས་ལུགས་

སྟོང་པ་ཉིད་ཀྱི་དོན་མངོན་དུ་གྱུར་བའི་རྟོགས་ཚད་མཐོན་པོ་དེ་ཐུགས་སྒམ་ཞིང་ཟབ་པའི་གསང་མཛོད་དུ་སྦས་པའི་རྟགས་མཚན་ཕྱིར་སྟོན་པ་གདོན་མི་ཟ་སྟེ། ཐེག་པ་ཆེན་པོ་ལས། བོན་

ཉིད་དབྱིངས་སུ་མངོན་རྟོགས་ཀྱང༌། འདུས་བྱས་དགེ་རྩ་རྒྱུན་མི་བཅད། ཅེས་པའི་ཚད་དུ་ཕྱིན་

པ་མངོན་སུམ་དུ་གྲུབ་ཅིང༌། ཇི་སྐད་དུ། གནས་ལུགས་ཀྱི་དོན་ཅི་ཙམ་རྟོགས་པ་བཞིན་དུ་རྒྱུ་

འབྲས་ལ་ཞིབ་ཏུ་འགྲོ་བ་ཡིན། ཞེས་ཆོས་ཀྱི་གནས་ཚད་མཐོན་པོར་ཕྱིན་པ་ལས་འབད་མེད་

ཤུགས་འབྱུང་གི་སྤྱོད་པས་རྒྱུ་འབྲས་ཇེ་ཞིབ་ཏུ་བཏང་བ་གོར་མ་ཆག་སྙམ་མོ། ཁོང་ཉིད་རི་

ཁྲོད་དུ་བྱོན་ནས་ཟླ་བ་ཁ་ཤས་འདས་མཚམས་ངའི་སར་ཕེབས་ནས་དྲི་མེད་ལྟུང་བཤགས་ནང་དུ། མི་འགྲོ་ཡོན་དང་ཡས་སུ་བསྟན་པ་དང༌། ཞེས་པ་སོགས་ཀྱི་དྲི་བ་འགའ་བཏོན་པ་ལྟར་ངེད་

གཉིས་ཀྱིས་དེའི་སྐོར་གྱི་ལབ་གླེང་ཅུང་ཙམ་བགྱིས། གུང་ཇའི་སྐབས་ཡིན་པས་དེ་རིང་ངེད་

གཉིས་ཀྱིས་གུང་ཇ་འཐུང་ཞུས་པ་ལ་ཁོང་གིས་མ་ཉན་པས། ངས་ནན་ཞུ་ཅུང་ཙམ་བྱས། འོ་

མིན་ངས་ཁྱོད་གཅིག་བུའི་ཁྱིམ་དུ་ཇ་མི་འཐུང་བ་མིན། གཞན་གྱི་ཁྱིམ་དུ་ཇ་མ་འཐུང་པར་ལོ་ བཅུ་གཉིས་ལྷག་ཟིན་འདུགཅེས་གསུངས་བྱུང༌། ང་རང་ཧ་ལས་སོང༌། སྲིད་པའི་ཕུན་ཚོགས་རྩྭ་ བཞིན་དོར་ནས་ཕྱི་མ་ཉག་ཅིག་དོན་དུ་གཉེར་བའི་དགེ་བྱེད་པ་ཡང་རབ་ཅིག་ཡིན་པ་མ་ཟད་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་སྐྱོང་མཁན་ཞིག་ཀྱང་རེད། དེང་སང་གི་མི་མང་མང་ཤོག་ གུ་རླུང་ཁྱེར་ལྟ་བུ་རང་ཁྱིམ་རང་ཡུལ་དུ་སྡོད་མི་ཚུགས་པར་ཨ་གསར་ཁོ་ནའི་འཚོ་བ་སྐྱེལ་བའི་དུས་འདིར། མི་གཞི་བཙུན་པ་འདི་ལྟ་བུ་དེང་སང་གི་མིའི་ཁྲོད་དུ་ཉིན་སྐར་གྱི་ཟླར་གྱུར་ཡོད་ པས་ངོ་མཚར་ཆེ་སྙམ་བྱུང༌།ལོ་ཟླའི་འཁོར་འགྲོས་དང་འགྲོགས་ཏེ་དགུང་ལོ་མཐོན་པོར་སོན་པས་ཉི་གུང་སྐོར་བར་ཕེབས་པའི་ནུས་པ་ཉམས་ནས་ལོ་འགའ་བཞུགས། ཉིན་མོར་ཐབ་འགྲམ་ དུ་གདན་འཐུག་པོའི་སྟེང་དུ་བཞུགས་ནས་འཆར་གཞིའི་འདོན་པ་བསོག་ཅིང་ལག་འཐེན་འཁོར་ལོ་དང་མི་བྲལ། ཆབ་གསང་ཙམ་མ་གཏོགས་ཕྱིར་མི་ཕེབས་ལ་ཉི་མར་ལྡེ་བའི་སྲོལ་ཡང་མེད།    ཁོང་གི་ཚ་མོ་ཇོ་མོས་མཚམས་གཡོག་བྱས། ཁྱིམ་ནས་རྒྱགས་ཆས་སྐྱེལ་མི་ཐོན་ཚེ་ངག་གྲོལ་

ནས་ཁྱོད་ཚོས་གྲོ་ཁ་བསྐྱལ་ཡོང་བ་བཀའ་དྲིན་ཆེ། དེ་མིན་ང་ལ་བཤད་རྒྱུ་ཅི་ཡང་མེད། ལབ་ གླེང་འདྲ་ཡོད་ན་ཇོ་མོར་བྱོས། ཞེས་གསུངས་ནས་སྔར་བཞིན་ངག་བཅད་དེ་བཟླས་བརྗོད་ལ་ བརྩོན་པར་གནང༌། སྐུ་གཤེགས་ལ་ཉེ་བའི་སྔོན་ཞིག་ནས་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་ བ་ཞིག་ལ་མཚོན་ན། རང་ཁྱིམ་ནས་གནས་སྤོར་ཏེ་དབེན་ལ་ཉམས་དགའ་བའི་གཙང་ས་ཞིག་

ཏུ་རས་གུར་ཕུབ་ནས་དེར་སྐུ་གཤེགས་སུ་འཇུག་པ་མ་གཏོགས། སྔར་མལ་དུ་སྐུ་གཤེགས་

མཁན་མེད་ཅེས་ཐེངས་གཅིག་མིན་པར་གསུངས། དེ་ནི་ང་ཡང་སྐུ་གཤེགས་སྐབས་ཉེ་གནས་ པས་དེའི་གྲ་སྒྲིག་བྱ་དགོས་ཞེས་པ་ཤུགས་བསྟན་དུ་ཡོད་པ་གོ་ཡང༌། དེ་དུས་དགུན་གྲང་ངར་ རྒྱས་པའི་སྐབས་ཡིན་པ་མ་ཟད་རི་ཐང་མེད་པར་ཁ་བས་བཏུམས་ཡོད་པས། ཕྱི་རོལ་དུ་གནས་ སྤོ་ཐབས་མ་བྱུང༌། སྐུ་གཤེགས་ལ་ཉིན་གསུམ་ཡོད་པའི་དུས་ཉེ་གནས་པ་ཚ་མོར་སྨྲས་པ།ངའི་ འཆི་རྐྱེན་འབམ་ནད་ཡིན་པས་ད་ནས་བཟུང་སྨན་མི་འཐུང༌། ངས་དུས་རྣམ་ཀུན་ཏུ་འཆི་ རྐྱེན་འབམ་ནད་ཡིན་ན་ཅི་མ་རུང་སྙམ་ནས་ཡིད་སྨོན་བྱས་པ་མ་ཟད་སྨོན་ལམ་ཡང་བཏབ་པ་ཡིན། ད་ནི་ངའི་འདོད་ཐོག་ཏུ་བྱུང་བ་འདྲ། གལ་ཏེ་ཁྱོད་ཀྱིས་སྨན་ཅིང་ཀྱང་འཐུང་དགོས་ ཟེར་ནས་ནན་ཏན་བྱས་ན་ང་ལ་བཟང་བྱས་པར་མི་འགྱུར་ངན་བྱས་པར་འགྱུར། ཁྱོད་ཀྱི་ཚེ་ གང་ངའང་འདུག་འདོད་པ་ནི་བྱིས་བློ་ཁོ་ན་སྟེ་འཇིག་རྟེན་ན་མི་སྲིད་པ་རེད། ཅེས་གསུངས། དེར་ཚ་མོས་ཀྱང་ནན་ཏན་མ་བྱས།ཉིན་དང་པོ་དང་གཉིས་པ་གཉིས་ལ་སྔར་བཞིན་འདོན་པ་མ་ཆག་པར་མཛད་ཅིང་གསོལ་བ་ཡང་དུས་གཉིས་ཀར་རན་ཙམ་བཞེས། སྐུ་ལུས་ཡང་ཞིང་ན་

འཁུན་གཏན་ནས་མེད་ལ། ཁོང་གི་ཞལ་ནས། ན་རྒྱུ་ན་མཁན་གཉིས་ཀ་མེད་ལ། འཆི་རྒྱུ་འཆི་ མཁན་གཉིས་ཀའང་གར་སོང་ཆ་མེད་དུ་གྱུར་སོང༌། ཞེས་ཞལ་རྩེད་ཀྱི་ཚུལ་དུ་གསུངས་ནས་ བཞད་ཀྱིན་བཞུགས། སྔར་ཡིན་ན་ཇ་ཐོག་མ་གཏོགས་ངག་བཅད་འདུག་ཀྱང་ཉིན་གཉིས་དེར་ ངག་གྲོལ་ནས་གང་ཞུས་པའི་ལན་ལྷུག་པོར་གསུངས་ཤིང༌། སྔར་གྱི་རྣམ་པ་རྩ་བ་ནས་གྱུར་ཏེ་

ལག་འཐེན་འཁོར་ལོ་བསྐྱུར་ནས་ཐལ་སྦྱོར་ཕྱག་རྒྱ་བཅས་ཏེ། སྐབས་འགར་སྤྱི་བོར་འཇོག་ ཅིང་སྐབས་འགར་སྙིང་ཁར་སྦྱར། ཞལ་འཛུམ་ཞིང་མདུན་དུ་སོང་ཚེ་ཐུགས་ཤིན་ཏུ་མཉེས་ པའི་ཚུལ་གྱིས་གང་ཞུས་པའི་ལན་གསལ་པོར་གནང༌། ཚ་མོས་མྱ་ངན་བྱེད་པར་དོགས་དབང་ གིས་ཡིན་ནམ་ཞལ་ཆེམས་ནི་ཟུར་ཙམ་ཡང་མ་གནང༌། ཉིན་གསུམ་པའི་ནངས་སྔ་མོར་ཉེ་ གནས་པ་ཇོ་མོས་རྐང་པ་འཁྱག་ཡོད་དམ་སྙམ་ནས་གམ་དུ་ཕྱིན་ཏེ་ཅུང་ཟད་སྐྲང་ཡོད་པའི་ཞབས་ཀྱི་བོལ་གོང་ལ་རེག་གྲབས་བྱེད་ཚེ། ཡ་མཚན་པའི་སྣང་བ་ཞིག་ལ་ཁོ་གཉིས་ཀྱི་བར་དུ་ འོད་དཀར་པོ་ཤིན་ཏུ་འོད་འཚེར་བ་གཟུགས་དབྱིབས་འདི་ཞེས་མ་ངེས་པ་ཞིག་གིས་ཁོ་གཉིས་ཀྱི་བར་གཅོད་པ་ལྟར་བྱས་ནས་ཅུང་ཙམ་གནས། དེ་དང་དུས་མཚུངས་སུ་འདག་ཞལ་ལས་ བསྐྲུན་པའི་ཁང་པ་ཆུང་ཆུང་དེའང་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་ཞིག་ཏུ་གནས་འགྱུར།  དེའི་ནང་དང་ངོས་ཐམས་ཅད་གཞི་སྔོ་དཀར་འདྲེས་མ་ཟ་འོག་ལྟར་ཤིན་ཏུ་འོད་འཚེར་བའི་ངོས་སུ། ཤིང་ལོ་དང་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་ནས་ཡོད་པ་དང༌། གསེར་གྱི་མདོག་ ལྟར་འོད་འཚེར་བའམ་ཟ་འོག་གི་མདོག་ལྟར་བཀྲག་མདངསརབ་ཏུ་ཆེ་བ་ཞིག་ཏུ་གྱུར། དེ་དང་མཉམ་དུ་རྔ་གཤང་གླིང་བུའི་སྒྲ་སྙན་མང་པོ་གྲགས་བྱུང་ཉེ་གནས་པས་འཆར་སྒོ་འདི་འདྲ་སྔར་བྱུང་མ་མྱོང་བས་ཡ་མཚན་ནས་ཐོག་མར་ཧད་དེ་སྡོད། དེ་ནས་དྲན་པ་རྙེད་པ་ལྟར་ ཁོང་དང་ཞལ་གྱེས་པའི་དུས་ལ་བབ་པའི་རྟགས་ཤར་བ་ཡིན་ཤས་ཆེ་སྙམ་ནས་ཡིད་སྐྱོ།  ངུ་ཤོར་ཡང་བསྲུན་ནས་མཆི་མ་མ་བཏང༌། ཁོང་ལ་ལྟས་ཚེ་སྔར་ལྟར་ཞལ་འཛུམ་བཞིན་ བཞུགས་འདུག དེར་མཐུད་དེ་ནུབ་ཕྱོགས་ནས་རྒྱལ་བ་རིགས་ལྔའི་ལྷ་ཚོགས་སམ་ཞི་ལྷ་མང་ པོ་གཅིག་འཕྲོར་གཅིག་མཐུད་ནས་ཁོང་གི་སྐུ་ལ་ཐིམ། དེའི་རྣམ་པ་ནི་ཞི་བའི་ལྷ་སྐུས་བརྒྱན་ པའི་འཁོར་ཆེན་ཞིག་དལ་གྱིས་འཁོར་ཡོང་བ་ལས། ལྷ་སྐུ་རྣམས་རིམ་གྱིས་ཁོང་གི་སྐུ་ལ་བབས་ པ་དང་འདྲ། དེའི་འཕྲོར་ཁོང་གི་དབུའི་ཐད་ཀྱི་བར་སྣང་ནས་བཀྲ་ཤིས་རྟགས་བརྒྱད་དང་ རིན་ཆེན་ནོར་བདུན་གྱི་རི་མོ་བཀྲ་ལ་གསལ་བ་མང་པོ་མར་བབས་ནས། རིམ་གྱིས་དབུ་ཐོག་ ཏུ་ཅུང་ཙམ་རེ་གནས་ཏེ་ཁོང་ལ་ཐིམ། དེའི་འཕྲོར་ད་ལིའི་མེ་ཏོག་ཡུ་བ་ཅན་ཤིན་ཏུ་ཆེ་བ་ གྲངས་མེད་པ་ཁྲ་སོབ་སོབ་ཁ་བ་བབ་པ་ལྟར་ཁོང་གི་སྐུ་ལ་ཐིམ། དེ་ནས་ཡིག་འབྲུ་གྲངས་མེད་ པ་ཁྲ་ཆེམ་ཆེམ་དང༌། བུམ་པ་དང་འཁོར་ལོ་སོགས་ལྷ་ཆ་གྲངས་མེད་པ་ཕྱོགས་སོ་སོ་ནས་ཆར་ འབེབ་པ་ལྟར་ཁོང་ལ་ཐིམ། ཁོང་གི་ཐལ་སྦྱོར་ཕྱག་རྒྱ་སྤྱི་བོ་དང་སྙིང་ཁར་སྦྱར་བའི་འགུལ་ སྐྱོད་བྱེད་པའི་ཚེ་འཇའ་ཚོན་དང་མེ་ཏོག་སྣ་ཚོགས།པད་འདབ་སོགས་གཡོ་འགུལ་བྱེད་པའི་རྣམ་པ་ལས་ཕྱག་གི་རྣམ་པ་མི་འཆར། དེ་ནས་སྲིད་པ་རྒྱལ་མོ་དྲེའུ་ནག་མོ་ལ་ཞོན་ནས། ཉེ་

གནས་པསང་ལ་བལྟས་ཏེ་རྒྱུག་ཡོང་ནས་ཁོང་གི་སྐུ་ལ་ཐིམ།མཚམས་དེར་ཁོང་གི་སྐུ་ལ་ཐིམ་ཟིན་པ་ལྟར་འཆར་སྒོ་ཅི་ཡང་མེད། ཉི་གུང་དུ་ཐོན་འདུག ཁོང་ནི་སྔར་བཞིན་ཐལ་མོ་སྦྱོར་ཞིང་

ཞལ་འཛུམ་པར་བཞུགས་འདུག མུན་རུབ་ནས་ཅུང་ཙམ་ལེན་པ་ན་ཁོང་གི་ཞལ་ནས། ད་ང་ཕྱི་ རོལ་དུ་ཆབ་གསང་ལ་འགྲོ་དགོས་གསུངས་ནས་གདན་ལས་བཞེངས་གྲབས་མཛད། ཇོ་མོས་ ཁྱོད་ཀྱིས་ཅུང་ཙམ་སྒུག་དང་ང་མགྱོགས་པར་ཡོང་ཟེར་ཏེ་མཚམས་པ་བསྟན་འཛིན་དར་རྒྱས་ལ་བོས་ནས་ཁོ་གཉིས་བྱོན་ཚེ། ཁོང་ཉིད་གཟིམ་མལ་ལས་ཕྱིར་ཕེབས་ནས་ཆ་ལུགས་ལྔ་ལྡན་གྱི་ བཞུགས་སྟངས་མཛད་དེ་དབུགས་རྔ་སྡུད་ཅིང་སྐུ་ཞི་བར་གཤེགས་སོ། མཚམས་ཁང་རྒྱ་ཆེ་ ཞིང་འོད་ཀྱིས་ཁེངས་པའི་རྣམ་པ་དང་རྔ་སྦུབ་རོལ་དབྱངས་ཀྱི་སྒྲ་སྙན་གཉིས་ཉིན་གསུམ་ལ་གནས། སྐུ་གདུང་ནི་ཡུལ་འདིའི་ལུགས་སྲོལ་ལྟར་སྒམ་དུ་བཅུག་ནས་ས་ལ་སྦས། སྐབས་དེ་ནས་ཉེ་ གནས་པ་ཚ་མོར་མཚོན་ན། རང་གི་དགེ་སྤྱོད་ཁོ་ན་མ་གཏོགས་བྱ་བ་གཞན་དག་ལ་བསམ་བློ་ ཅི་ཡང་མ་འཁོར་བས།འདས་པོར་མྱ་ངན་བྱེད་པ་གཙོ་བོར་བྱས་པ་ལས་ངོ་མཚར་ཆེ་བའི་རྟགས་མཚན་དེ་དག་གཙིགས་འཛིན་ཅི་ཡང་མ་བྱས་པར་བཏང་སྙོམས་སུ་བཞག་པར་མ་ཟད། ཐ་ན་ ཁོང་རང་གི་ཕུ་བོ་རྣམས་ལའང་མ་སྨྲས་པར་ངག་སྒོ་བསྡམས་ནས་སྡོད། ཉེ་འཁོར་གྱི་མཚམས་ པ་རྣམས་ལ་རྒྱུས་ཡོད་ཀྱང་ཀུན་ལ་བསྒྲགས་ན་ཡིད་ཆེས་མཁན་དཀོན་པར་དགོངས་ནས། ལབ་གླེང་བྱེད་པའི་ཞོར་དུ་ཐོན་ན་མ་གཏོགས་གནས་ཚུལ་ཆེད་དུ་བརྗོད་ཅིང་སྒྲོག་སྤེལ་བྱ་བའི་བསམ་པ་གཞི་ནས་མ་སྐྱེས་པའི་དབང་གིས། ལོ་འཁོར་ཧྲིལ་པོ་གསུམ་ལྷག་འདས་མཚམས་ད་ གཟོད་ཁོ་བོས་གཞི་ནས་ཐོས་པ་ཡིན།དེར་ཁོ་བོས་ཉེ་གནས་པ་ཇོ་མོ་དང་མཚམས་པ་རྣམས་ལ་འདྲི་རྩད་བགྱིས་ཏེ་ཡི་གེར་བཀོད་པ་ཡིན་ནོ།   སྨྲས་པ། 

ཆུང་ནས་སྤྲུལ་སྐུའི་མཚན་སྙན་མ་ཐོབ་ལ།།

 མང་ཐོས་མཁས་པའི་སྟེགས་བུར་འཛེགས་མ་མྱོང༌།།

 གྲོལ་ལམ་བླ་མེད་ལྟ་སྒོམ་ཕྱུག་རབས་མེད།།   

ཚེ་གང་གྲྭ་རྐྱང་དཀྱུས་མའི་ཁྲོད་ན་ཡིབ།། 

 སྔོན་སྦྱངས་ཤུབ་ནས་དྲངས་བའི་ཡེ་ཤེས་མཚོན།།

 སྦས་ནས་ལྐོག་ཏུ་བརྡར་བའི་རྣོ་དབལ་གྱིས།།

བདག་འཛིན་དུམ་བུར་གཏུབ་པའི་གཏམ་བཟང་འདིར།།

  ཤེས་ལྡན་གང་ཞིག་ངོ་མཚར་མི་སྐྱེ་སུ།།

 འོན་ཀྱང་མང་མང་ལོག་ལྟའི་ཆང་གིས་མྱོས།།

 ལ་ལས་མ་འདོད་ཕྲག་དོག་དུག་ལྕེ་སྐྱོད།། 

མངོན་སུམ་སྣང་བའི་བདེན་པའི་དངོས་པོ་འདིར།།

ཉན་མི་དཀོན་པ་ཁོ་བོས་སྔར་ནས་ཤེས།། 

བཀའ་ལུང་བཙན་པོའི་རྒྱབ་རྟེན་དཀོན་ཀྱང་རུང༌།། 

རྟོག་གེ་རིགས་པའི་འཕྲང་ལམ་དོག་ཀྱང་ཆོག། 

མ་འཁྲུལ་མངོན་སུམ་སྣང་བའི་འཆར་སྒོ་འདི།། 

མ་བཀག་མགྲིན་ལམ་ཡངས་པོ་བརྒྱུད་ནས་ཐལ།།

ཆོས་ཀྱི་ཡང་སྙིང་གྲུབ་པའི་རྟགས་མཚན་འདི།། 

སྐལ་ལྡན་དད་པའི་གསོས་སུ་མི་འདེགས་པར།།

 བར་མ་དོ་རུ་ལུས་ན་མི་རུང་བས།། 

ཕན་པའི་ངག་ནས་བདེན་པའི་གཏམ་འདི་སྨྲས།  དགེའོ།     

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.