ལུང་རྟོགས་བསྟན་པའི་བ་དན་དཀར།།
འཇིགས་མེད་དཔུང་བས་བླ་ནས་བླར།།
སྒྲེང་མཁས་བསླབ་གསུམ་དབང་ཕྱུག་ཆེ།།
རྗེ་བཙུན་དམ་པའི་ཞབས་པད་དུ།།
མི་ཕྱེད་དད་པ་འཛིན་མའི་གཞིར།།
འཁྲུངས་པའི་ལག་སོར་དོག་པ་ཅན།།
གནས་གསུམ་ཚལ་དུ་ལྡེམ་པའི་གར།།
རྩེན་བཞིན་ཞུ་མཆིད་དབྱངས་སུ་ལེན།།
ཨེ་མ་བཀྲ་ཤིས་ཉམས་དགའ་བ།།
ལྷུན་པོ་སྟུག་པོའི་གཞལ་མེད་ཁང༌།།
ས་ལ་འཕོས་འདྲ་བདེ་བའི་ཞིང༌།།
ཤར་རྫ་གཡུང་དྲུང་ལྷུན་པོ་རི།།
གང་དེའི་དབྱིག་འཛིན་ཐིག་ལེ་ན།།
རྒྱལ་བ་གཉིས་པ་རང་བསྟན་གྱི།།
ལང་ཚོ་རྫོགས་ལ་མངོན་སྲེད་དེ།།
སླར་ཡང་མི་ཡི་གར་བསྒྱུར་བ།།
ཀུན་མཁྱེན་གྲུབ་དབང་ཤར་རྫ་བས།།
བསྟན་དང་འགྲོ་ལ་ཕན་བདེའི་གཏེར།།
ཟད་མོ་ཤེས་པའི་གྲུ་ཆར་དཔྱིད།།
མ་ལུས་ཅི་དགར་གཅིག་ཏུ་འཇོ།།
སྙིགས་མ་ལས་ཀྱང་ཆེས་སྙིགས་མའི།།
དུས་འདི་གང་གི་ཐུགས་བསྐྱེད་མཐུས།།
སྒོམ་སྒྲུབ་བསྟན་པ་པད་མའི་ཚལ།།
མགོན་ཁྱོད་མཁྱེན་བརྩེའི་ཟེར་གྱིས་འཛུམ།།
ངེས་འབྱུང་དྲི་བཞོན་གྱིས་བསྐུལ་པའི།།
སྲིད་པ་བློ་ལས་ལྡོག་པའི་མེས།།
རྣམ་གཡེང་བདུད་བཞི་ནགས་ཀླུང་སྲེགས།།
ཡང་དག་སྔོན་འགྲོའི་དྲི་བསུང་ཐུལ།།
རྒྱུད་སྦྱང་བསགས་སྦྱང་ཆུ་གཏེར་ལས།།
བལྟམས་པའི་ཞི་ལྷག་དབྱིག་གི་ནོར།།
དཔྱད་འཇོག་རྒྱལ་མཚན་རྩེར་བཀོད་དེ།།
ཀུན་གཞི་གནས་ལུགས་ངང་གིས་བསྐྱངས།།
གཏུམ་མོ་བདེ་སྟོང་ཡེ་ཤེས་ལ།།
སེམས་ཉིད་རྣལ་མར་དབང་འབྱོར་བའི།།
རིགས་ཅན་གདུལ་བྱའི་ལས་དཔོན་ཏེ།།
གསུང་སྐྱེས་སློབ་མ་བགྲང་ལས་འདས།།
ངུར་སྨྲིག་གསར་བའི་བླ་གོས་ཅན།།
བློ་ལྡན་ངང་བ་གཞོན་ནུའི་ཚོགས།།
ཐུན་མིན་སེམས་སྦྱང་རིག་པ་ལ།།
གྱ་གྱུ་དབྱངས་ཀྱིས་རྩེ་གཅིག་གཞོལ།།
ཚུལ་དེས་དགེ་ཐང་པད་མ་ཚལ།།
གྲགས་པའི་དོ་ཤལ་རིང་སོང་བས།།
ལྕགས་ཀྱུ་མེད་པ་ལྷ་མིའི་ཡིད།།
འཛིན་པའི་རྩེ་དགའ་ཟད་དུ་མེད།།
འདི་ན་ལས་སྨོན་བཟང་པོའི་མཐུས།།
ཐམས་ཅད་མཁྱེན་ཅིང་གཟིགས་པའི་མགོན།།
དཔོན་གསས་བླ་མའི་ཞབས་སྐྱེས་རྡུལ།།
ཅོད་པན་ཐོབ་པའི་སྐལ་བཟང་ཤར།།
འོན་ཏེ་ཉིན་མཚན་དུས་ཀྱི་འགྲོས།།
ཆུ་ཡི་གཉེར་མ་ལས་ཀྱང་མགྱོགས།།
བརྗེད་ངད་ལེ་ལོའི་རྡོག་ཁྲེས་ཀྱིས།།
ཤེས་བརྩོན་འཕྲག་པའི་ཟིལ་ཤུགས་འཕྲོགས།།
དེ་བས་ལྔ་ཟུང་རིག་པའི་བཅུད།།
ཐོས་དང་བསམ་པས་རོ་མྱང་བ།།
ཁོ་བོ་ལ་ལྟོས་ཉིན་མོ་ཡི།།
སྐར་མ་ལས་ཀྱང་ཆེས་དཀོན་ནོ། །
དེང་འདིར་གཤེན་གྱི་བསྟན་པ་ལ།།
འཛིན་སྐྱོང་སྤེལ་བའི་གཤེན་པོའི་ཚོགས།།
མཚམས་སྤྲིན་མདངས་ཀྱིས་ལེགས་སྤྲས་པའི།།
གྲངས་ལས་འདའ་བ་མོད་ལགས་ཀྱང༌།།
རྒྱུ་སྐར་ཁྲོད་དུ་ཟླ་བ་དང༌།།
ལྷུན་པོའི་ཚོགས་ལས་རི་དབང་བཞིན།།
ངེས་པ་དོན་གྱི་དགེ་བའི་བཤེས།།
ཡང་དག་གཅིག་ཏུ་ཁྱེད་ཉིད་འཁུམ།།
དེ་ཕྱིར་སྤྱི་ན་གངས་རིའི་ལྗོངས།།
འཚོ་བའི་བོན་གྱི་སྒྲུབ་སྡེ་ཡོངས།།
སྒོས་སུ་རང་དགོན་སེ་ཞིག་ཏུ།།
སྔོན་ནས་མཛད་འཕྲིན་འོད་སྣང་གིས།།
ཁོར་ར་ཁོར་ཡུག་རྒྱན་དུ་འཚེར།།
རྗེས་སོར་གང་ལ་གང་འདུལ་དང༌།།
དེ་ལ་དེར་སྟོན་སྨིན་གྲོལ་གྱིས།།
བསྟན་པའི་གདུགས་དཀར་གྲིབ་བསིལ་ཅན།།
འདེག་ལ་ངལ་བ་ཁྱེད་ཀྱིས་བཞེས།།
བདག་ཀྱང་ཚེ་རབས་པད་མའི་ཕྲེང༌།།
ཉིད་ཀྱི་ཐུགས་རྗེ་འོད་ཟེར་ལ།།
བསྟེན་ནས་འཕྲལ་ཕུགས་འདུན་པའི་བློ།།
མི་འགྱིང་འགྲུབ་པའི་སྐྱབས་འཇུག་ཞུ།།
མཚར་སྡུག་མི་ཟད་རྒྱན་གྱི་མཆོག།
བཞིན་རས་མཐོང་བ་དོན་ལྡན་པ།།
འདྲེན་བྱེད་དབང་པོའི་བདུད་རྩི་རུ།།
སྨིན་པའི་སྐལ་བཟང་སྙིང་ལ་ཉར།།
དེ་སླད་བྱམས་བརྩེའི་སྤྲིན་དཀར་ཕུང༌།།
གཡོ་བའི་བཀའ་སློབ་ཟ་ཟིའི་ཆར།།
བར་མེད་འཇོ་ལ་བདག་ཡིད་ཀྱི།།
རེ་སྒུག་ཚ་གདུང་གཞིལ་བར་རྩོམ།།
ཞུ་མཆིད་གསེར་གྱི་གླིང་བུ་ལ།།
དྲི་མེད་རེ་ཁྰས་ཉེར་མཚོན་ཏེ།།
སྙན་པའི་གདངས་དབྱངས་འཐེན་བཞིན་དུ།།
དངུལ་རྫ་ཟབ་མོའི་སྒང་དེར་སྙེགས།།