སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འོད་ཀྱི་སྐར་ཆེན། 
[ 2011/10/18 19:58:00 | By: ཡ་བྲང་གཡུ་འབྲུག ]
 

                  འོད་ཀྱི་སྐར་ཆེན་ཤར་གྱི་མཐའ་ན་འཛུམ།

 

 

            མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཆེ་བའི་ཡོན་ཏན་ཕྱི་ནས་མཇལ་བ།

 

དེ་རིང་བདག་གིས་ས་ཆེན་འདི་ཤེད་ཀྱིས་འགོམ་སྟེ་མགོ་བོ་འདི་གྱེན་དུ་བཀྱག་ན།  ངའི་མིག་ནང་དུ་འཆར་འོང་བ་དང་ངའི་སེམས་དཀྱིལ་ན་འཁོར་ཡོང་བ་ནི།འདི་ནས་ཕྱིར་ལྡོག་གིས་བརྩིས་པའི་མི་ལོ་དྲུག་བརྒྱ་ང་དྲུག་འདས་པའི་སྔུན་སོ་ན།བཙན་པོའི་མངའ་ཐང་ཕྱོགས་སུ་འཐོར་ཏེ་མིང་དུ་ལྷག་རྗེས།བོད་དང་བོད་ཆེན་དམིགས་སུ་བཟུང་སྟེ་ཆོལ་ཁ་གསུམ་ཞེས་རིས་སུ་ཆད་རྗེས།ས་དགེ་བཀའ་རྙིང་བོན་པོ་དང་བཅས་པའི་རིས་ཆད་ཀྱི་ཆོས་ལུགས་དང་གྲུབ་མཐའི་ར་བ་ཕྱི་ནས་བསྐོར་ཞིང་སློབ་བརྒྱུད་དང་ལྷ་སྡེ་རྩོད་པའི་རྣོ་ངར་གྱི་འགལ་འདུ་ནང་ནས་འཁྲུགས་པའི་དུས་དེ་ཤེད་ན།གངས་དཀར་རི་བོ་གནམ་ལ་འཆོང་ས་གཙང་ཆུ་སྔོན་པོ་གཞུང་དུ་རྒྱུག་ཡུལ།ཡུལ་མཐོ་ལ་ས་གཉན་པར་གྲགས་པའི་བོད་ཆེན་པོའི་ཞིང་ཁམས་ཤར་རྒྱལ་མོ་ཚ་བ་རོང་ནས།གབ་ཏོག་ཤེལ་གྱི་རྡོ་རིང་གཡོན་དུ་བཞག་སྟེ་རྒྱབ་རི་ཤ་བ་རི་ཡི་མདུན་དུ་བལྟས་ན་ཆུ་ཆེན་རབ་བརྟན་རྒྱལ་པོའི་མངའ་འབངས་གཏོགས་པའི་མ་པང་ཡུལ་ཚོ་རུ་ཅོ་སྡེ་བ་སྟེང་ཅོག་ཅེས་པ་ས་བབས་ཅུང་མཐོ་ལ་མཎྜལ་ཐང་དུ་བཀོད་འདྲའི་དབུས་འགྱུར་གྱི་གྲོང་ཁྱེར་ན།

རབ་བྱུང་དྲུག་པའི་གདོང་ངན་ཞེས་པ(སྤྱི་ལོ1356)མེ་ཕོ་སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་ལྔ་ཉིན། ཡབ་རྒྱུ་བོན་ལ་ཐུགས་བྱང་ཆེ་བའི་དབྲ་རིགས་ཀླུ་རྒྱལ་དང་ཡུམ་བཞིན་བཟང་མོས་གུས་ལྡན་པའི་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་མཚན་ལྡན་འཕྲུལ་གྱི་བུ་ཆུང་ཞིག་མི་ཡུལ་ཁམས་ན་བཙས་སྟོན།    སྐྱེས་མིང་གཡུང་དྲུང་རྒྱལ་གསོལ་ཞིང་རྣམ་རིག་རྒོད་ལ་གཞུང་རྒྱུད་དྲང་པ་ནི་བུ་ཆུང་འདི་ཡི་གཤིས་སུ་གྲུབ་པར་སུ་ཡིས་བསྙོན།སྐུ་མཆེད་གསུམ་གྱི་བར་མ་ཡིན་ལ་ཆུང་ནས་ས་གནས་རང་གི་ལུགས་བཞིན་ཡབ་ཀྱི་དྲུང་ནས་འབྲི་ཀློག་འདོན་ཆོག་བསླབས་ཏེ་བློ་རྩལ་དང་ཤེས་རབ་ཀྱིས་མི་སེམས་སྒུལ་པའི་གཏམ་རྒྱུད་མོད་པོ་བྱུང༌། ཕ་ཤུལ་རྗེས་འཛིན་གྱིས་སེལ་འདེབས་པ་དང༌།  གཏོ་འཆའ་བ།  ཇུ་ཐིག་དང་མོ་རྩིས་སྨན་དཔྱད་སོགས་རྒྱུ་བོན་ཕྱོགས་དེ་གསན་བསམ་གང་ལེགས་མཛད། 

དགུང་ལོ་བཅུ་རུ(1366)བཞེས་ཚེ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་བསྙེན་གནས་དང་དགེ་བསྙེན་མཚོན་པའི་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས།ཚུལ་མཚན་ཤེས་རབ་རྒྱལ་མཚན་གསོལ།དགེ་སྤྱོད་ཆབ་གཏོར་ཆགས་མེད་དང་ཤ་ཆང་ཚྭ་སྒོག་གཏན་སྤངས་མཛད་དེ་འབེ་དྲང་སྲོང་རིན་ཆེན་རྒྱལ་མཚན་མདུན་ནསདགུང་ལོ་བཅུ་གཉིས1368ཐེག་ཆེན་བསྐྱེད་ཞུས་ཤིང་མཉེས་པ་སུམ་ལྡན་གྱིས་ཕོར་རྩེ་ཡེ་ཤེས་རྒྱལ་མཚན་དང་ན་རིང་ཀུན་བཟང་རྒྱལ་མཚན།རྟོགས་ལྡན་ཤེས་རབ་བློ་གྲོས་ཞབས་ལ་གཏུགས་ཏེ་དབང་ལུང་མན་ངག་གི་གདམས་ཁྲིད་མང་དག་ཞུས་པ་མ་ཟད་འགྲོ་མགོན་ཆེན་པོའི་ལུགས་ཀྱི་སྲིད་པའི་མཛོད་ཕུག་དང་གབ་པ་དགུ་སྐོར།དཔལ་ཆེན་པོའི་དགོངས་བཞེད་བཞིན་ཁམས་ཆེན་མོ་བརྒྱད་ཀྱི་བསྡུས་འགྲེལ།བླ་ཆེན་དྲན་པའི་དྲང་ངེས་གཉིས་ཀྱི་བོན་སྡེ།རྗེ་བཙུན་ཡར་མེ་བའི་བཀའ་བརྟེན་སྡེ་ལྔ་སོགས་གསན་བསམ་ལྷོད་མེད་མཛད། 

དེ་ནས་རིང་པོར་མ་ཕྱིན་པར་གཙང་གི་གྲྭ་སའི་ཕྱོགས་སུ་ཆིབས་བསྒྱུར་གནང་སྟེ་འབྲི་ཆུ་གསེར་ལྡན་འགྲམ་ནསདགུང་ལོ་བཅོ་བརྒྱད1374རྗེ་བཙུན་རྩོང་ཁ་པ་བློ་བཟང་གྲགས་པར་མཇལ་ཏེ་རྟེན་འབྲེལ་བསྟོད་པའི་ལེགས་སྨོན་ཤླཽ་ཀ་རེ་ཕུལ་བ་དང་མ་འོངས་བསྟན་པར་གཅིག་གྲོགས་གཅིག་ཕན་གྱི་ཞལ་འཆར་གནང༌།  ཚ་སྒང་དུ་མཁས་གྲུབ་རིན་ཆེན་བློ་གྲོས་ཞབས་ཕྱིར་འབྲིང་ཞིང་གཡས་རུའི་འདུ་གནས་དབེན་ས་ཁ་རུ་ཕེབས་ཏེ་ཕྱི་ནང་གསང་གསུམ་གྱི་ལུང་རྟོགས་ཡོན་ཏན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ཐོས་བསམ་ཡ་མ་བྲལ་བས་སྒོམ་པའི་དོན་ལ་མནོན།                                                                                                    

དེ་ནས་སངས་རྒྱས་པའི་ལུགས་ཀྱི་ནང་བསྟན་མཚན་ཉིད་རིག་པ་ཐུགས་ལ་འཁྲེངས་ནས་རོང་སྟོན་ཤེས་བྱ་ཀུན་རིག་ཡང་དག་བཤེས་སུ་བསྙེན་ཏེ།རྒྱ་གར་ལུགས་ཀྱི་ཚད་མ་སྡེ་འདུན་གཙོས་པའི་ནང་བསྟན་ཚད་མ་རིག་པ་དང༌།མངོན་པར་གོང་འོག་དགོངས་བཞེད་ནང་བསྟན་སྐྱེ་དངོས་རིག་པ། འདུལ་ལུང་སྡེ་བཞིའི་དགོངས་དོན་ནང་བསྟན་ཀུན་སྤྱོད་རིག་པ།མངོན་རྟོགས་རྒྱན་འགྲེལ་གཙོས་པའི་ནང་བསྟན་ཤེར་རྟོགས་རིག་པ༌།དབུ་མ་ཐལ་རང་ལུགས་ཀྱི་ནང་བསྟན་སྟོང་ཉིད་རིག་པ་སོགས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ཆེན་ཁག་ལ་ཕྱི་ཡི་ཚིག་ཐག་ཆོད་དེ་ནང་གི་གནས་ལུགས་རྟོགས།བདེན་པ་དཔང་དུ་བཞག་སྟེ་རིགས་པའི་བགྲོས་ལ་གཏབ་པས་གསང་ཕུ་ལ་སོགས་དབུས་གཙང་གི་རྩོད་གྲྭ་ཀུན་ཏུ་གྲྭ་བསྐོར་ཕེབས་ཏེ་དཔལ་ན་ལེན་ཏྲརདགུང་ལོ་ཉེར་དགུ1385དཀའ་བཅུ་རབ་འབྱམས་པའི་དམ་བཅའ་བཞག་སྟེ་མདོ་སྔགས་རིག་གཞུང་རྒྱ་མཚོའི་བདག་ཉིད་ཀྱི་མཁས་པའི་ཁྱུ་མཆོག་ཏུ་གྱུར་ཏོ།

དགུང་ལོ་སུམ་ཅུ་རྩ་གཅིག་ཐོག(1386)ཕྱིར་གཡས་རུ་དབེན་སར་ཕེབས་ཏེ་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་གཙོས་པའི་བསླབས་པ་སུམ་ལྡན་དྲང་སྲོང་རྨ་མེད་བཅུ་ཕྲག་དྲུང་དུ་དག་པ་དྲང་སྲོང་གི་བསྙེན་པར་རྫོགས་ཏེ་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་མིག་འབྲས་བཞིན་དུ་གཅེས་པར་འཛིན།  འཇད་ཞང་སྟོན་ཡེ་ཤེས་རྒྱལ་མཚན་མདུན་ནས་མ་རྒྱུད་བྱམས་མའི་སྐོར་གྱི་དབང་ལུང་མན་ངག་དང་མེ་སྟོན་ཀུན་བཟང་རྒྱལ་མཚན་མདུན་ནས་ཁྲོ་ཕུར་ཞང་གསུམ་གྱི་རྒྱུད་ལུང་དབང་བཞི་ཡོངས་སུ་མནོས་ཏེབླ་མེད་རྫོགས་ཆེན་གྱི་ཉམས་ལེན་ཉིན་མཚན་དུས་དྲུག་སྐྱོང་ཞིང་སྣང་སེམས་དབྱེར་མེད་མཐའ་བྲལ་ཀློང་སྒོམ་ཆེན་པོའི་ངང་དུ་འཁོད། སྐབས་དེར།        

དམ་པ་གང་ཉིད་མཁས་གྲུབ་ཡོན་ཏན་གྱིས་གྲགས་པས་ཡོངས་སུ་འཁྱུད་ཅིང་བྲུ་ཡི་སློབ་དཔོན་ཡབ་སྲས་ཀྱིས་དབུ་རྩེ་དཀར་དམར་གདན་ས་ཕུལ་ཅིང་མ་འོངས་གདན་འཛིན་གྱི་རྒྱལ་ཐེབས་མཛད་པར་བཀའ་ཡིས་གནང༌།རིང་པོ་མ་ལོན་པར་ཡབ་ཡུམ་གྱི་ཞལ་ཆད་ཐུགས་ལ་འཁྲེངས་ཏེ་སྐྱེས་ཡུལ་རྒྱལ་རོང་ཕྱོགས་སུ་ཕེབས་ཏེ་ཆེས་མཐའ་མའི་ཡབ་ཡུམ་ཞལ་མཇལ་དང་འཁོར་འདས་རང་གྲོལ་གྱི་གདམས་པ་ཟབ་མོ་གནང༌།  ཕྱིར་དར་མདོར་ཕེབས་ཚེ་དབེན་ས་ཁར1403?﹚ཆུས་འཇིགས་བྱུང་བ་ཐོས་འཕྲལ་ཐུགས་ཡིད་རབ་ཏུ་ཆད་དེ་ཟུང་ཆུ་ཁོག་ཏུ་ཞབས་བསྒྱུར་གནང་ཞིང་མཁའ་འགྲོ་འུག་གདོང་ལྔའི་དབུས་མ་ལ་མོར་རྩེར་ཕྱྭ་སྲས་སྒྲུབ་ཚེ་དབེན་ས་བསྐྱར་བཞེངས་སྐོར་གྱི་ཐུགས་ཉམས་ཤར།    

སློབ་མ་རིན་ཆེན་རྒྱལ་མཚན་ཞབས་ཕྱི་འབྲང་སྟེ་དབུས་གཙང་ཕྱོགས་སུ་ཕེབས་ཤིང་དབེན་ས་ཁ་འཇིག་ཤུལ་དེར་ཁམས་ཆེན་མོ་བརྒྱད་དང་གསེར་མཆོད་མཁར་ཉག་སོགས་ཐུགས་དམ་དུ་རྙེད་པར་གྲགས།དབེན་གནས་གཡས་རུ་མཁར་སྣར་བཞུགས་ཤིང་སྔགས་སེམས་ཟུང་འཇུག་གི་བསྒྲུབ་པར་མཛད་ཞོར་མཚན་ཉིད་སྔགས་རྫོགས་ཀྱི་བཀའ་བརྟེན་འཕང་མེད་ཕྱི་རབས་བོན་འབངས་དག་གི་སྐྱེས་སུ་བསྩལ།དུས་ཀྱི་བརྡ་དང་དགོངས་པའི་ཉམས་ལ་བརྟག་སྟེ"སྨན་གྱི་རི་ལ་གསེར་གྱི་ཉི་མ་ཤར"འདྲའི་དགོན་སྡེ་གསར་དུ་བཞེངས་པའི་སྟ་གོན་ལ་རེམ་ཚེ།    

སྡེ་བ་རིན་སྤུངས་བའི་རྒྱལ་རྩེའི་དཔོན་གྱིས་སྲིད་ཞུ་སྒྲུབ་པ་ཞལ་གྱིས་བཅས་ཤིང་ཆོས་སྲིད་ཟུང་འབྲེལ་གྱི་བླ་དཔོན་མཛད་པའི་རེ་འདུན་གང་ཙམ་ཞུས་ནའང༌།ཐུགས་ཀྱི་དགོངས་པ་དང་སྤྱན་གྱིས་གཟིགས་པ་གཏན་དུ་མ་གནང་སྟེ་དམ་པ་གང་ཉིད་སྐབས་དེའི་ཆོས་སྲིད་ཟུང་འབྲེལ་དུ་འཆེས་པའི་ཆོས་མིན་སྲིད་མིན་གྱི་ལམ་ལུགས་དེ་དག་ལ་ཐུགས་ཡིད་རབ་ཏུ་སུན་པས་སོ།དགུང་ལོ་ལྔ་བཅུ་བཞེས་ཐོག1405  

སྔར་གྱི་དབེན་སའི་གནས་གཞིས་སྤར་ཏེ་སྨན་རི་གླིང་ཞེས་གཡུང་དྲུང་བོན་ལུགས་ཀྱི་ཕྱི་དར་བཤད་པ་དང་སྒོམ་སྒྲུབ་ཟུང་འབྲེལ་གྱི་བསྟན་པའི་ཕྱི་མོ་དེ་ཉིད་ཡོངས་སུ་བཞེངས་གྲུབ་བྱུང་བ་མ་ཟད།ཁྱད་པར་དུ་གཡུང་དྲུང་བོན་ལུགས་འདུལ་རྒྱུད་འདི་ཉིད་ལ་སྔར་གྱི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་བྱས་རྗེས་བླ་མེད་བཞག་ཐོག མཛད་རྗེས་ཆེ་བ་ཁག་ཅིག་ཞུས་ན།

གྲོལ་བསྒྱུར་ཁས་སུ་འཆེས་པའི་བརྟུལ་ཤུགས་ཀྱི་རྩིངས་སྤྱོད་དག་ཐེར་མཛད་དེ་རྣམ་དག་འདུལ་བའི་ལུགས་ཀྱི་བསླབས་པ་སུམ་ལྡན་རབ་བྱུང་ངུར་སྨྲིག་གི་སྡེ་གསར་དུ་བཙུག་པ།མཚན་ཉིད་སྡེ་ལྔསཁོག་ཕུག་ཅིང་གབ་མཛོད་སེམས་གསུམ་གྱིས་གཞུང་དྲངས་ཏེ་འཕྲུལ་སྒྲོན་རྣམ་ལྔས་ཟུར་རྒྱན་པའི་བཤད་སྒྲུབ་ཟུང་འབྲེལ་གྱི་ལག་ལེན་གསར་དུ་བརྣན་ཏེ་དོན་དམ་གྱིས་མདོ་སྔགས་ཟུང་དུ་སྦྲེལ་བ།མཁས་རྣམ་མི་མཐུན་བདེན་དོན་ཀུན་ལ་ཡོད་པའིགཏན་ཚིགས་བཀོད་དེ་རིག་གཞུང་རིས་མེད་ཀྱི་བསླབ་པ་དང་ཞིབ་འཇུག་ནན་ཏན་གྱིས་འབད་པར་བརྩོན་པའི་གྲོས་འགོ་གསར་དུ་གཏོན་པ།ཕྱོགས་བཞི་སྟོད་སྨད་ཀྱི་འཁོར་སློབ་ཁྲི་སྟོང་ཞབས་སུ་འདུས་ཤིང་ཁྲིད་གདམས་མན་ངག་གིས་སློབ་ཚོགས་མང་པོ་མཐའ་ནས་སྐྱོང་བ།  སྔར་གྱི་བོན་པོའི་ཤེས་རིག་ཁག་བདེ་བླག་ཚིགས་སུ་བསྒྲིགས་ཏེ་སྔར་མེད་གསར་སྣོན་དང་འཁོ་མེད་ཟུར་ཕྱུང་གིས་གཡུང་དྲུང་བོན་ལུགས་ཀྱི་རིག་གཞུང་གསལ་ཁ་གནད་ཆེན་གཏོད་པ།འཕྲུལ་སྒྲོན་རྣམ་ལྔ་གསར་དུ་རྩོམ་ཞིང་ཕྱི་ནང་གསང་རྒྱུད་ཀྱི་ཆོག་ཁྲིག་ལག་ལེན་དམ་དུ་བསྒྲིགས་པ།རྒྱལ་བ་བྲུ་ཡི་རིངས་ལུགས་སྲོག་ཏུ་གཞུག་ཅིང་རིགས་རུས་སྐུ་སྐྱེའི་ཐོབ་ཐང་རྒྱང་ཕུད་གཏང་སྟེ་ལུངས་རྟོགས་ཡོན་ཏན་གྱིས་ཕྱུག་པའི་རྒྱལ་ཐེབས་གསར་དུ་བསྐོས་པ།     

མདོར་ན་བོད་གངས་རིའི་ལྗོངས་སུ་མཁས་གྲུབ་གཉིས་ལྡན་སྐྱེས་མཆོག་གཞལ་ལས་འདས་ནའང་དམ་པ་འདི་ཉིད་ནི་གཡུང་དྲུང་བོན་ལུགས་ཀྱི་ཤེས་རིག་ཁྲོད་དུ་ལོ་རྒྱུས་ཀྱི་སྐྱོག་འཚམས་མི་སྣ་གལ་ཆེན་ཞིག་སྟེ་ངེས་དོན་གྱིས་གཡུང་དྲུང་བོན་བསྟན་གསལ་བའི་བྱེད་པའི་བདག་ཉིད་ཡིན་པར་བཅས།མཐར་དགུང་གྲངས་དྲུག་ཅུ་བཞེས་ཏེ་ཤིང་ལུག་ལོར(1415)ཐུགས་སྲས་རིན་ཆེན་རྒྱལ་མཚན་རྒྱལ་ཐེབས་གསེར་གྱི་ཁྲི་ལ་མངའ་གསོལ་ཞིང་ཉིད་ཀྱི་ཞལ་ནས"རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ"ཕྱིར་བཤེས་གཉེན་རབ་འབྱམས་པ་གང་དག་མཆོག་གསུམ་སྲུང་མ་མཆོད་དེ་མཚན་ཉིད་རྟགས་སུ་དྲིལ་ལ་ཕྱིས་འབྱུང་གདན་ས་བསྐྱང་བར་ཞལ་གྱིས་གདམས། 

ལོ་དེའི་ཟླ་དྲུག་པའི་ཚེས་གཅིག་ནས་གཏེར་ཆུ་ཁར་ཞབས་སོར་འཁོད་དེ་ཞང་ཞུང་སྙན་རྒྱུད་ཀྱི་ཁྲིད་གདམས་མན་ངག་འཁོར་སློབ་ཡོངས་ལ་བསྩལ་ཞིང་ཚེས་བརྒྱད་ཉིན་ཐོ་རེངས་བསྐྱར་དུ་ཤར་ཚེ་ཚུལ་གོས་རྣམ་དྲུག་སྐུ་ལ་བཀླུབས་ཤིང་བོན་འཆད་དབྱངས་ཀྱིས་དལ་བུར་སྦྲེལ་ཏེ་དགོངས་པ་བོན་གྱི་དབྱིངས་སུ་ཀློད།   

ཇི་སྲིད་དམ་པ་གང་ཉིད་ཀྱི་སྐུ་ལུས་བྱད་བཞིན་ང་ཚོ་དང་ཡོངས་སུ་གྱེས་ནའང༌།  ང་ཚོས་བློ་ཕམ་ཞེ་གནང་གཏན་ནས་མི་འོས་ཏེ། དམ་པ་གང་གི་ཤེས་རབ་ཀྱི་གཏེར།  སྙིང་རྗེ་ཡི་གདིང༌།བློ་གྲོས་ཀྱི་མཛོད་སོགས་རྗེས་འཇུག་དག་གིས་ཡོངས་སུ་ངོས་ཟིན་ཡོད་པས་མི་ཚད་མཉམ་མེད་བླ་མའི་རིང་ལུགས་ཀྱིས་བོན་བསྟན་སྲིད་པའི་སྒྲོན་མེ་འཇིག་རྟེན་ཁམས་དེར་ཡོངས་སུ་བྱེད་པའི་སྟ་གོན་ལ་ཆེས་ཆེར་ཀུན་ནས་འབྱོར་བས་སོ། 

དུས་དེ་རིང་ཡང་ང་ཚོ་ས་འདིར་འཛོམ་སྟེ་མཉམ་མེད་བླ་མའི་ཞལ་རིས་མདུན་ནས།  བསམ་པ་རྩེ་གཅིག་གིས་གསོལ་འདེབས་རྣམ་དག་གིས་བཀའ་དྲིན་རྗེས་སུ་དམིགས་ཏེ་གདུང་འབོད་ངག་ཏུ་འདྲེན་པ་འདིས།ང་ཚོས་དམ་པ་གང་ཉིད་འཕགས་པ་རུ་བསྒྱུར་ནུས་མིན་ལ་བྱད་ཀྱི་མཛེས་པའང་མཇལ་བའི་སྐལ་བཟང་ཡེ་ནས་མེད།རྒྱུ་མཚན་ནི་སྔར་ས་ནས་ཁོང་ཉིད་འཕགས་པ་ཡིན་ལ་བོན་གཤེན་མཁས་གྲུབ་དག་གིས་སྐྱེས་མཆོག་ཏུ་བསྒྱུར་ཟིན། དེ་ལས་ཀྱང་ང་ཚོ་དང་ཀུན་ནས་ཡོངས་སུ་གྱེས་ཏེ་མི་ལོ་ལྔ་བརྒྱ་གོ་དྲུག་འདས་པས་རེད།   ལྡོག་སྟེ་ང་ཚོ་གནས་འདིར་འཛོམ་པར་ཏན་ཏན་དོན་སྙིང་བླ་ལྷག་ཆེ་ལ་འོས་ཤིང་འཚམས་པ་ཞིག་ཀྱང་རེད།གང་ལགས་ཤེ་ན།ཇི་སྲིད་ཡུན་དུ་ནུབ་པ་མེད་པའི་མཉམ་མེད་བླ་མའི་ཀུན་སྤྱོད་ཀྱི་མཛེས་པ་དང་ཤེས་རབ་ཀྱི་ཟབ་ཚད།ཐུགས་རྗེ་ཡི་འོད་སྣང༌།བྱམས་བརྩེ་ཡི་ཟེར་མདངས་སོགས་ང་ཚོས་ཡིད་ལ་བརྣག་སྟེ་སེམས་སུ་དམིགས་ཏེ་ཁོང་ཉིད་རྗེས་སུ་དྲན་པར་བྱེད།  ཆེ་བའི་ཡོན་ཏན་ཕྱི་ནས་མཇལ་ཞིང་རྟོགས་པའི་ཡོན་ཏན་ནང་དུ་སྒོམ་པར་བྱེད། ང་ཚོ་འདིར་འཛོམ་པར་བོད་ཁམས་ཡོངས་ཀྱིས་དོ་སྣང་བྱེད་པའི་ངེས་པར་མེད།དོ་སྣང་བྱེད་ཀྱང་སེམས་སུ་འཛིན་པའི་དུས་མ་མཆིས།རེད་དེ་མཉམ་མེད་བླ་མས་འདི་རུ་བཞག་པའི་མཛད་རྗེས་འཛམ་བུ་གླིང་པས་བསྐལ་པའི་བར་དུ་བརྗིད་པ་མི་སྲིད།འདི་ལྟར་སེམས་སུ་སྙམ་སྟེ།མཉམ་མེད་བླ་མའི་རྨི་ལམ་མཐའ་ཅན་དུ་མི་མཛད་ཅིང་བོན་གཤེན་མཁས་གྲུབ་དག་གི་བླ་བྲང་ཁྱིམ་ཐབ་ཏུ་མ་བསུས་ཏེ།བསླབ་པ་སུམ་ལྡན་གྱིས་འཁོར་ལོ་གསུམ་གྱི་མུ་འཁྱུད་ལ་འཇུས་ཏེ་བཤད་པས་ཁོག་ཕུབས་ཤིང་སྒྲུབ་པས་གཞུང་བསྲང༌།སྒོམ་པས་མཐའ་འཁྱོལ་གྱིས་བསྟན་པའི་སྙིང་པོ་ལ་བརྩོན་པར་རིགས་སོ  

     

            མཉམ་མེད་བླ་མའི་ཆེ་བའི་ཡོན་ཏན་ཕྱི་ནས་མཇལ་ཏེ་ལྕགས་ཡོས་ལོའི་ཟླ༡ཚེས༥ཉིན་བྲིས།

                                   201195ཉིན་བཅོས།     

དཔྱད་གཞི་ཡིག་ཆ། 

བསྟོད་པ་རྣམ་རྒྱལ་ཁང་བཟངདམུ་གཤེན་ཉི་མའི་སྙན་བརྒྱུད།  ལག་བྲིས་མ།

རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་འདྲེན་ངོ་མཚར་པདྨོ་སྟོང་ལྡནམཁན་ཆེན་ཉི་མ་བསྟན་འཛིན་གྱིས་རྩོམ།  ལྕགས་དཔར་མ།

སྐུ་མདུན་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུངརྩོམ་པ་པོ་མི་གསལ། 

སློབ་དཔོན་སྤྱན་གཅིག་པའི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བབཙུན་པ་གྲགས་པ་རྒྱལ་མཚན་གྱིས་མཛད། 

རིས་མེད་བསྟན་རྩིས་མུན་སེལ་སྒྲོན་མེབོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས།  2009.1

 

 
 
Re:འོད་ཀྱི་སྐར་ཆེན།
[ 2012/2/18 18:16:55 | By: jiuxie ]
 
jiuxieགྲོགས་པོའི་ཟིན་བྲིས་སུ་མགྲོན་ལ་ཐོན་ཡོད། ཡག་པོ་བྲིས་འདུག གྲོགས་རྙིང་མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
 
 
Re:འོད་ཀྱི་སྐར་ཆེན།
[ 2011/11/7 13:54:04 | By: yongdrom ]
 
yongdromཧེ་བོན་ཟིན་བྲིས་སུ་ཁྱེད་དང་གཙང་ཚ་བསམ་གཏན་འགྱུར་མེད་གཉིས་ནས་བགྲོད་གླེང་མང་ཙམ་གནང་འདུག་པ་དེ་དག་མཐོང་དུས་ཁྱེད་ཀྱི་ཟིན་བྲིས་ཀློག་རྒྱུའི་སྤྲོ་བ་གསར་དུ་སྐྱེས་བྱུང་བས་དེ་རིང་ང་གཤེན་གྱི་བྲོ་རའི་ནང་དུ་སླེབ་ཡོད་ཧེ་ཧེ། བཀྲ་ཤིས་བདེ་ལེགས།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
ཐུགས་རྗེ་གནང་། སྤྱིར་ང་ཚོ་ཟིན་བྲིས་པ་ཚོས་ཁྱེད་ཡག་ཡག་དང་ཁོ་སྡུག་སྡུག་གི་གཏམ་ལས་འགོང་སྟེ་ཟིན་བྲིས་དག་གི་ལེགས་ཉེས་གང་ཕྱོགས་ནས་རིས་སུ་མ་ལྷུང་བའི་དཔྱད་མཆན་འགོད་པ་དང་བསམ་འཆར་བགྲོ་བ་ནི་གནད་ཀྱི་དམ་པར་སེམས་ན་ཕྱིས་འབྱུང་ཟིན་བདག་ཁྱེད་ཉིད་གྱིས་ཀྱང་གལ་ལ་ཐུག་པའི་གཏམ་གླེང་དང་འབོལ་སྐུལ་བྱེད་པ་སྙིང་ནས་རེ།
 
 
Re:འོད་ཀྱི་སྐར་ཆེན།
[ 2011/10/19 9:26:41 | By: སྐུ་མགྲོན་qVMx5C(སྐུ་མགྲོན) ]
 
སྐུ་མགྲོན་qVMx5C(སྐུ་མགྲོན)དངོས་གནས་གསར་རྩོམ་གྱི་ཚིག་སྦྱོར་ཨན་ཙམ་འདུག་བ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.