སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཚངས་ཆེན་ངག་གི་རོལ་མོ།
[ 2011/7/27 | By: ཡ་བྲང་གཡུ་འབྲུག ]
 

           

                                 ཚངས་ཆེན་ངག་གི་རོལ་མོ་དེང་འདིར་ཁྲོལ།

 

ཤེལ་དཀར་བཞིན་ལ་གཟི་ཡི་སྤྱན་འབྲས་གཡོ།།

བྱེ་རུའི་མཆུ་ལ་མུ་ཏིག་ཚེམས་ཕྲེང་བཞད།།

གདུང་བའི་བུ་ལ་བརྩེ་བའི་དྲོད་སྦྱིན་མ།།

ཚངས་ཆེན་ངག་གི་རོལ་མོ་དེང་འདིར་ཁྲོལ།།

རྨད་བྱུང་ཕན་བདེ་སྣང་བ་དཀར་པོའི་ཆ།།

ཚེ་གཅིག་ཡུན་ལ་མ་ལུས་དབང་འབྱོར་ཞིང་།།

རྣམ་དག་བསླབ་གསུམ་བསྟན་པའི་མཛོད་འཛིན་པ།།

ཡང་དག་བཤེས་ཀྱི་བཀའ་དྲིན་རྗེས་སུ་དྲན།།

ཐོས་ན་དགའ་བའི་འཛུམ་དང་དགོད་པའི་ཉམས།།

མྱོང་ན་དགའ་བདེའི་རོ་ཡི་མཆོག་སྦྱིན་པ།།

གངས་དཀར་ལྗོངས་སུ་སྙན་ངག་རིག་པའི་གཞུང་།།

ཐོག་མ་སྒྲོག་འདི་གཙང་གཤེན་མཁས་པའི་དྲིན།།

གང་དེར་ཕང་འགྲོའི་རྒྱུད་མང་གདེང་ཀ་ལས།།

སྙན་དུ་ཕབས་པའི་སྙན་ཚིག་རིག་བྱེད་གཞུང་།།

གཅིག་ཏུ་གྲགས་པའི་ཤེལ་དཀར་མེ་ལོང་མ།།

གཙུག་ལག་རྒྱ་མཚོའི་ཀློང་ན་མངོན་པར་འཛུམ།།

ཚུལ་དེའི་རྟོགས་དཀའ་ཚིག་དང་གཞལ་དཀའི་དོན།།

ཡོངས་སུ་བཀྲ་བ་གཙང་གཤེན་དགོངས་པའི་རྒྱན།།

སྙན་ངག་གཞུང་གི་བསྟན་བཅོས་རྒྱུ་སྐར་ཁྲོད།།

སྔོན་མེད་གཟི་བྱིན་འབར་བའི་ཟླ་གཞོན་ཉིད།།

འཇིག་རྟེན་ཞིང་འདི་འཇིག་པའི་རང་བཞིན་ཏེ།།

རྟག་ཙམ་མ་ཡིན་མི་རྟག་སྒྱུ་མའི་གྲོང་།།

མི་ཚེ་མདུན་མ་མི་ལུས་ལ་བརྟེན་ནས།།

གཏན་བདེའི་ཞིང་དུ་གཏན་ནས་འགྲོ་བར་འདོད།།

འོན་ཏེ་འདི་སྣང་ཞིང་གི་འདི་དག་ཀུན།།

སྤང་སྒྱུར་གྲོལ་བའི་ལམ་ནས་སྤང་ནུས་མིན།།

དེ་ཕྱིར་ལྔ་རིག་གཙུག་ལག་རྒྱ་མཚོའི་གཞུང་།།

བདེ་བླག་འཇུག་སླད་སྡེབ་ལེགས་ཚིག་ལ་འབད།།

ལུས་བསྐྱེད་བཀའ་དྲིན་སྟོང་གསུམ་ནོར་ལས་ལྷག།

སློབ་དཔོན་གསུང་འཕྲིན་དམར་ཆུང་སེམས་ལས་ཚ།།

གང་གི་དལ་རྟེན་རིན་ཆེན་མི་ལུས་བསྐྲུན།།

ཁྱེད་ཀྱིས་འཕྲལ་ཡུན་བདེ་དགེ་ཆར་དུ་སྙིལ།།

བློ་ལྡན་སློབ་མའི་བློ་རིག་གློག་ལས་མྱུར།།

བརྩེ་ལྡན་མཁས་པའི་བརྩེ་བ་མཚོ་ལྟར་ཟབ།།

ཚུལ་ལྡན་དམ་པའི་སློབ་གསོའི་མཐུ་བྱས་ཏེ།།

ཤེས་ལྡན་གཞོན་ནུས་ས་སྟེང་གང་བར་རྩོམ།།

གང་གི་རྣམ་དཔྱོད་རྩལ་ལ་རབ་བརྟེན་ཏེ།།

མང་ཐོས་བརྩོན་པའི་ལྷུར་བ་དང་བླངས་ཤིང་།།

ཁྱེད་ཞབས་རྡུལ་གྱིས་ཟིན་པའི་སློབ་འབངས་ཡོངས།།

སྡེབ་ལེགས་ཚིག་གི་སྦྱོར་བ་ཞུམ་པ་མེད།།

སྲིད་ན་དཀོན་པའི་རིན་ཆེན་ནོར་གྱི་མཆོག།

གཅིག་ཏུ་བསྡུས་ཏེ་ཡངས་པའི་རྒྱལ་ཁམས་ཀུན།།

བཀངས་ནས་ཕུལ་ཡང་བཤེས་གཉེན་བཀའ་དྲིན་ལ།།

བསྒྲུན་དུ་མེད་པ་མཁས་པའི་ལུང་གིས་ཟིན།།

དེས་ན་ཡོངས་འཛིན་དམ་པའི་བཀའ་སློབ་དག།

ཇི་སྲིད་འཚོ་བའི་བར་དུ་མི་བརྗེད་པ།།

དྲན་དང་ཤེས་བཞིན་གཉིས་པོས་སོ་བྱས་ནས།།

སླར་ཡང་གཙུག་ལག་རྒྱ་མཚོའི་འཇིངས་ཚད་གཞལ།།

འདི་ལྟར་བསྐལ་བཟང་ཞིང་གི་སྐལ་ལྡན་ཚོགས།།

ཐོས་བརྩོན་ལེགས་པའི་ལམ་དེར་ཡོངས་བརྩོན་ཏེ།།

རྣམ་མང་ཤེས་རིག་གླིང་གི་ཤེས་རབ་ཀུན།།

ངོམས་མེད་རྒྱུད་ལ་སྦྱོར་བ་གཞན་ལ་ངོམ།།

སླད་མར་ཁྱེད་ཐུགས་སྨོན་པ་ཡིད་བཞིན་ཀུན།།

འགྲུབ་ཅིང་གངས་དཀར་རི་བོའི་ལྗོངས་ཆེན་དུ།།

ངག་ཀུན་དའི་དགའ་ཚལ་འབུམ་དགྲོལ་ཞིང་།།

ཞི་བདེ་སྣང་གསལ་འོད་ཀྱིས་ཁྱབ་གྱུར་ཅིག།

དགེན་རྫ་ཚེ་དབང་བསྟན་འཛིན་གྱིས་སྙན་གཞུང་གཙང་གཤེན་དགོངས་རྒྱན་འཆད་ཁྲིད་ལེགས་འགྲུབ་ཀྱི་ཉིན་མོར་དཀའ་དྲིན་རྗེས་སུ་དམིགས་ཏེ་སྦྱར། 2006 10 3

 

 
 
Re:ཚངས་ཆེན་ངག་གི་རོལ་མོ།
[ 2011/7/29 20:30:36 | By: སྐུ་མགྲོན་qv48Pc(སྐུ་མགྲོན) ]
 
སྐུ་མགྲོན་qv48Pc(སྐུ་མགྲོན)གནའ་སྔ་མོར་ཞང་ཞུང་སྒོ་བ་དང་དུས་དེང་སང་ཁྱུང་པོ་སྟེང་ཆེན་ནམ་ཁམས་སྟེང་ཆེན་དུ་འབོད་པའི་ཡུལ་གྱི་དྲྭ་གྲོགས་ལྷ་གཡག་དར་མས་གོམ་གང་མདུན་སྐྱོད་ཀྱི་ཤུགས་རྒྱག་པར་ནམ་ཡང་བརྗེད་ཀྱི་མེད།
 
 
Re:ཚངས་ཆེན་ངག་གི་རོལ་མོ།
[ 2011/7/29 20:20:00 | By: སྐུ་མགྲོན་qv48Pc(སྐུ་མགྲོན) ]
 
སྐུ་མགྲོན་qv48Pc(སྐུ་མགྲོན)གཉན་ཆེན་ཐང་ལྷ་བདག་གིར་བཞེས་ཤིང་གཡུང་དྲུང་གཙུག་ཕུད་ཀྱི་མཚན་དུ་མནབ་པའི་གྲོགས་པོ་གང་གིས་གཤེན་གྱི་རྡོག་བྲོ་རྒྱག་པའི་ང་རང་ལ་ལེགས་པའི་མཐོང་ལམ་སྟོན་པར་སྤྲོ་བའི་གསོས་སུ་སྨིན་ནས་ཡོད་དོ།།
 
 
Re:ཚངས་ཆེན་ངག་གི་རོལ་མོ།
[ 2011/7/29 20:12:45 | By: སྐུ་མགྲོན་qv48Pc(སྐུ་མགྲོན) ]
 
སྐུ་མགྲོན་qv48Pc(སྐུ་མགྲོན)མ་ནང་ཚང་གི་གཡུང་དྲུང་ཞེས་སྔར་ནས་གོ་མྱོང་བའི་དྲྭ་གྲོགས་གང་དེས་ང་རང་ཚོའི་གཤེན་གྱི་བྲོ་ར་རུ་ལེགས་པའི་ཁ་གཡང་གནང་བར་དགའ་བ་ཁོག་ཏུ་ཤོང་གི་མེད།
 
 
Re:ཚངས་ཆེན་ངག་གི་རོལ་མོ།
[ 2011/7/29 12:29:07 | By: yongdrom ]
 
yongdromབཀྲ་བདེ་ལེགས། རྩོམ་འདི་ལེགས་པོ་མཐོང་སོང་།
གཤམ་དུ་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
གཉན་ཆེན་ཐང་ལྷ་བདག་གིར་བཞེས་ཤིང་གཡུང་དྲུང་གཙུག་ཕུད་ཀྱི་མཚན་དུ་མནབ་པའི་གྲོགས་པོ་གང་གིས་གཤེན་གྱི་རྡོག་བྲོ་རྒྱག་པའི་ང་རང་ལ་ལེགས་པའི་མཐོང་ལམ་སྟོན་པར་སྤྲོ་བའི་གསོས་སུ་སྨིན་ནས་ཡོད་དོ།
 
 
Re:ཚངས་ཆེན་ངག་གི་རོལ་མོ།
[ 2011/7/28 18:07:17 | By: danzengyixi ]
 
danzengyixi

རྗོད་བརྗོད་བྱེད་གང་གི་ཐད་ནས་ལེགས་་པོ་འདུག
མུ་མཐུད་ནས་གོམ་གོང་མདུན་བསྐྱོད་བྱེད་ཡ།
ལྷ་གཡག་དར་མས
གཤམ་དུ་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
གནའ་སྔ་མོར་ཞང་ཞུང་སྒོ་བ་དང་དུས་དེང་སང་ཁྱུང་པོ་སྟེང་ཆེན་ནམ་ཁམས་སྟེང་ཆེན་དུ་འབོད་པའི་ཡུལ་གྱི་དྲྭ་གྲོགས་ལྷ་གཡག་དར་མས་གོམ་གང་མདུན་སྐྱོད་ཀྱི་ཤུགས་རྒྱག་པར་ནམ་ཡང་བརྗེད་ཀྱི་མེད།
 
 
Re:ཚངས་ཆེན་ངག་གི་རོལ་མོ།
[ 2011/7/27 11:04:10 | By: triyungblog ]
 
triyungblogཡག་པོ་འདུག མུ་མཐུད་དུ་་་་་་་་་
གཤམ་དུ་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
མ་ནང་ཚང་གི་གཡུང་དྲུང་ཞེས་སྔར་ནས་རྣ་གོམས་སོང་ཚར་བའི་དྲྭ་གྲོགས་གང་དེས་ང་རང་ཚོའི་གཤེན་གྱི་བྲོ་ར་རུ་ལེགས་པའི་ཁ་གཡང་གནང་བར་དགའ་བ་ཁོག་ཏུ་ཤོང་གི་མེད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.