བོན་དང་སྒྲུང་གི་གནད་དོན།
ཧི་བོན་ཟིན་ཚོགས་ཀྱིས་བོན་ལ་ཤ་ཚ་སྟེ་སྒྲུང་གཏམ་དགག་ན།
ཡ་བྲང་གཡུ་འབྲུག་གིས་བོན་ལ་ཁ་ཚ་སྟེ་སྒྲུང་གཏམ་གླེང་བ།
1. ཁ་སང་དེ་རིང་ལ་དྲ་བའི་སྒང་དུ་འུར་ལྡིར་ཅུང་ཟད་ཆེ་བ་ནི། ཟིན་བྲིས་པ་ཁྲི་གཡུང་དྲུང་གིས《སྟག་གཟིག་འོལ་མོ་ལུང་རིང》ཞེས་པའི་གེ་སར་སྒྲུང་ཡིག་ཅིག་ཉེར་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་སྐད་ཀྱི་བརྡ་འཕྲིན་ཞིག ཧི་བོན་ཟིན་བྲིས་སུ་སྤེལ་ཚེ་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོན་གཤེན་དང་ཟིན་བྲིས་པ་དག་གིས་དོ་སྣང་ཆེས་ཆེར་མཛད་དེ། གཡུང་དྲུང་བོན་ལ་མི་མཐུན་ལོག་པར་བཤད་པའི་དཔེ་རྒྱུན་དེ་རིགས་ཁུངས་བཙལ་བ་དང་རྩད་གཅོད་པའི་གྲོས་གཞི་འདོན་པ་ནི་དངོས་གནས་དགའ་ན་འགྲིག་ལ། གླེང་ན་འོས་པའི་གནད་དོན་དུ་ངང་གིས་གྲུབ་པར་སྣང་། རེད་དེ། བདག་གིས་དེ་རིང་སྨྲ་འདོད་པ་ནི་དེ་ལས་རིང་དུ་གྱེས་ཤིང་རྒྱང་དུ་བསྐལ་བའི་གནད་དོན་ཏེ། མ་གཞི་སྒྲུང་གིས་གཡུང་དྲུང་བོན་ལ་གནོད་པའི་གནད་ཅིག་ཡོད་དམ་ཞེས་པ་དེ་ཡིན།
2. གེ་སར་སྒྲུང་ནི་གནའ་བོའི་ངག་བརྒྱུད་བྱས་པའི་གཏམ་རྒྱུད་མིན་ལ་སྒྲུང་ལྡེའུ་བོན་གསུམ་གྱི་སྒྲུང་དང་འདྲ་པོ་གྱུར་ཀྱང་དངོས་དེ་མིན། གེ་སར་སྒྲུང་ནི་གོང་མ་ལྷ་ལས་བབས་པའི་གནམ་ཡིག་མིན་ལ་འོག་མ་ཀླུ་ལས་དྲངས་སྐད་ཀྱི་འབུམ་དང་འདྲ་པོ་ཡོད་ཀྱང་དངོས་དེ་མིན། གེ་སར་སྒྲུང་ནི་མཁས་པས་བརྩམས་པའི་རྩོམ་ཆོས་མིན་ལ་བླུན་པོས་གང་འདོད་སྨྲ་བའི་འཆལ་གཏམ་འདྲ་པོ་བྱུང་ཡང་དངོས་དེ་མིན། གེ་སར་སྒྲུང་ནི་བཤད་ཚད་བདེན་པས་སྟོང་བའི་རྫུན་གཏམ་མིན་ལ་རྟེན་གཞི་ཁྱུ་ནས་མེད་པའི་གདོད་མའི་ལྷ་སྒྲུང་དང་འདྲ་པོ་ཡོད་ཀྱང་དངོས་དེ་མིན། གེ་སར་སྒྲུང་ནི་རྒྱལ་པོས་བཀའ་ཡིས་བཅད་པའི་གསེར་ཡིག་མིན་ལ་འབངས་མིས་གྲོས་སུ་གདབས་པའི་ཞུ་ཡིག་འདྲ་པོ་འདུག་ཀྱང་དངོས་དེ་མིན། གེ་སར་སྒྲུང་ནི་བླ་མས་མར་ལ་གནང་བའི་བཀའ་ལུང་མིན་ལ་སློབ་བུས་ཡར་ལ་ཕུལ་བའི་གསོལ་འདེབས་དང་འདྲ་པོ་ཡོད་ཀྱང་དངོས་དེ་མིན།
འོ་ན་གང་ཞིག་ཡིན་ནམ་ཟེར་ན་བོད་པའི་བློ་གྲོས་ཀྱི་གཉུག་གཤིས་ལས་ཐོན་པའི་དགའ་སྐྱོ་ཆགས་སྡང་གིས་གྲུབ་ཅིང་། འཚོ་བ་དངོས་བྱུང་ལས་བརྒལ་བའི་ལྷ་སྒྲུང་རིང་མོ་ཞིག་ཏུ་ཁོ་བོས་འདོད། རྐྱེན་དེས་སྐབས་ཐོག་གི་ལྷ་སྒྲུང་སྨྲ་བ་ཚོས་སོ་སོའི་ཞེན་ཆགས་དབང་གིས་བོན་ལ་སྡང་པ་དང་བན་ཕྱོགས་སྒྲུབ་པ་ནི་བོད་པའི་གཙོ་རྒྱུགས་རིག་གནས་བསམ་བློའི་བག་ཆགས་ལས་མ་བྱུང་བར་སུ་ཡིས་བསྙོན། བག་ཆགས་དེ་ནི་འདས་པའི་ལོ་ངོ་ཆིག་སྟོང་ལྷག་གི་དུས་ཡུན་བརྒྱུད་བོན་ལ་སྡང་བ་དང་སྡིག་པ་ནི་ཐུབ་བསྟན་པ་དག་གིས་དགེ་བའི་ལེགས་བྱས་སུ་མཐོང་གི་ཡོད་པ་ང་ཚོར་ངོ་སྤྲོད་ཐུབ་སྟེ། རྒྱལ་པོ་ཡིན་ལ་བླ་མའང་ཡིན་པའི་སྟོད་མངའ་རིས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་བསྡུས་ལས་གསལ་བ་བཞིན་ནོ། །
3. སྤྱིར་ནས་བཤད་དེ་ཡོང་ན་སྒྲུང་ཡིག་ཁག་ན་བོན་ལ་ཟུར་ཟ་དང་བཤེ་ཚིག་བཏང་བ་ནི《སྟག་གཟིག་འོལ་མོ་ལུང་རིང》རྐྱང་པས་ག་ལ་འདངས་ཏེ་《ཧོར་གླིང》དང《མོན་གླིང》དུ། “དབལ་གསས་སྟག་ལྷ་མེ་འབར”དང་“བོན་སྤྲུལ་ཚེ་དབང་རིག་འཛིན”སོགས་ཀྱིས་མཚོན་པའི་བོན་གཞུང་དུ་ཡོད་ཡོད་འདྲ་ལ་མེད་པར་སྣང་བའི་ཐ་སྙད་བཀོལ་ཏེ། ནག་པོ་བདུད་དུ་བཅད་པའི་གླིང་གི་ལྡོག་ཟླ་དེ་རིགས་ཀྱིས་ནམ་ནམ་ཞར་ཞར་དུ་གསོལ་བ་ཕུར་ཚུགས་སུ་འདེབས་རབས་བཤད་པ་ལན་ཅིག་ག་ལ་ཡིན། དེ་ལས་ཀྱང《ཞང་གླིང》ནི་བོན་དང་དངོས་སུ་འབྲེལ་བའི་སྒྲུང་རིང་ཐོག་མ་དེ་ཡིན་པར་འདུག་ལ། 《སྟག་གཟིག་འོལ་མོ་ལུང་རིང》ནི་《ཞང་གླིང》ལས་བརྒལ་ཏེ་དངོས་སུ་བོན་ལ་གདོང་དུ་སྟོན་པའི་སྒྲུང་རིང་གཉིས་པ་དེ་རེད། འོན་ཏེ་སྒྲུང་ནི་ལོ་རྒྱུས་མིན་ལ་དོན་དངོས་འཚོ་བ་ལས་བརྒལ་བའི་རིགས་དེ་རྟོགས་ཕྱིར་བདག་གིས་ནི་ད་བར་ཞིབ་མོའི་བློ་ཡུལ་དུ་མ་བྱས་མོད། ཐེངས་འདིར་དྲྭ་གྲོགས་ཚོས་འཐད་དང་མི་འཐད་ལབ་གླེང་འོག་ནས་རང་གི་བསམ་ཚུལ་རྡོག་རྡོག་ནི།
4. དེ་ཡང་དྲྭ་གྲོགས་མང་པོ་ཞིག་གིས་《སྟག་གཟིག་འོལ་མོ་ལུང་རིང》གི་རྩོམ་སྒྲིག་པ་དང་སྒྲུང་པའི་ཁུངས་བཙལ་དགོས་པ་བཤད་ལ། ཡང་རེ་འགའ་ཞིག་གིས་བརྒལ་ལན་དང་དགག་ཡིག་ཕྲིས་དང་འབྲི་དགོས་ངེས་ཀྱི་ངར་སྐད་འདོན་གྱི་འདུག རེད་དེ་བདག་གི་ལྟ་ཚུལ་ནི་དེ་དག་གང་ཡང་མིན། ཅི་སྟེ་སྒྲུང་ཡིག་དེས་བོན་ལ་སྡང་པ་ནི་དོན་དུ་གྲུབ་ཀྱང་ཁ་གཏད་ས་གདོད་མའི་བོན་ལུགས་ཁོ་ན་སྟེ། འཚེ་བ་བོན་དུ་སྨྲ་བའི་གདོད་མའི་བོན་ལ་དགག་པ་ཚ་ནན་དུ་བཏང་གི་འདུག་སྟེ། གོང་གི་ལེའུ་དང་པོ་གསུམ་པའི་བར་དུ་བམ་ཀློག་ཙམ་བྱོས་དང་ཤེས་གསལ་རེད། འོ་ན་སྲིད་པ་རྒྱལ་མོ་དང་གཤེན་ལྷ་འོད་དཀར་སོགས་གཡུང་དྲུང་བོན་ལུགས་ཀྱི་ཡོངས་སུ་གྲགས་པའི་ལྷ་ཚོགས་ཀྱི་མཚན་ནས་འདོན་འདུག་ཟེར་ན་མི་གནོད་དེ། གདོད་མའི་བོན་ལུགས་སུ་ལྷ་ཚོགས་དེ་རིགས་ཀྱི་མིང་མཚན་མེད་པ་སུ་ཡིས་ཁག་ཐེག་ནུས། ཡང་འདི་ནས་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་ལགས་ཀྱིས་འོལ་གླིང་གི་མིའི་མིང་དུ་གཡུང་དྲུང་དཔལ་ལྡན་དང་གཡུང་དྲུང་རྒྱལ་བཏགས་འདུག་པས་གཡུང་དྲུང་བོན་ལ་དགག་པ་བཏང་འདུག་གསུང་ནའང་། གཏན་དུ་མི་འཐད་དེ། གཡུང་དྲུང་གི་མིང་དང་རི་མོ་ནི་སྟོན་པ་གཤེན་རབ་མ་བྱོན་གོང་ནས་བོད་ཡུལ་ན་ཡོད་པར་འདུག་སྟེ་མི་ལོ་ཉིས་ཁྲི་གོང་གི་རྡོ་ཆས་གསར་རྙིང་བརྗེ་འཚམས་སུ་བེད་སྤྱོད་གནང་མྱོང་ཡོད་པའི་རྫ་ཁོག་དག་ལས་ར་སྤྲོད་ཐུབ། དེ་ལས་ཀྱང་ངེས་པར་བསམ་དགོས་པ་ནི། གཡུང་དྲུང་བོན་རིན་པོ་ཆེ་ནི་དྲང་ངེས་གཉིས་སུ་འདུ་ན། དྲང་ངེས་ཀྱི་སྲོག་ཤིང་དུ་གྱུར་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད། དེ་བཞིན་དྲང་དོན་བོན་སྡེའི་བདེན་པ་བཞི་དང་ཕུང་པོ་ལྔ། རྟེན་འབྲེལ་བཅུ་གཉིས། ལམ་ལྔ་ས་བཅུ་དང་། ངེས་དོན་བོན་སྡེའི་སྙིང་པོར་གྱུར་པའི་བྱང་ཆུབ་སེམས་པའི་བསླབ་པ་དང་། ཐབས་བསྐྱེད་པ་དང་ཤེས་རབ་རྫོགས་པའི་རིམ་པ། ཡང་ཟབ་སེམས་ཀློང་མན་ངག་གི་སྡེ་ལ་འཐད་མིན་དང་འགྲིག་མིན། བཤེ་ཚིག་དང་ཟུར་ཟ་མཆིས་ཚེ་དངོས་གནས་གཡུང་དྲུང་བོན་ལ་དགག་པ་བཏང་བ་རེད་ལ་བརྒལ་ལན་ཀྱང་འབྲི་བ་སྨོས་སུ་ག་ལ་དགོས་ཨང་། ལྡོག་སྟེ། ཐ་སྙད་རེ་གཉིས་དང་དོགས་པ་རེ་འགའ་ལ་དགོས་པ་ཆེ་ཞིག་ཡོད་པ་མི་བསམ་ལ། ལྷག་ཏུ་གོང་གི་ཐ་སྙད་རེ་གཉིས་ཀྱི་གཡུང་དྲུང་བོན་ལ་དགག་འདུག་གསུང་ན་དགོད་བྲོ་བའི་དོན་དུ་ཟད། གཡུང་དྲུང་བོན་ཐ་སྙད་རེ་ཟུང་ཙམ་གྱིས་ག་ལ་ཚད་དུ་བཟུང་ས་འགྲོ་ཨང་། འོ་ན། སྒྲུང་པས་རྐང་གཙུགས་ཏེ་བོན་ལ་སྡང་པ་མིན་ན་བོན་དང་འབྲེལ་བའི་གེ་སར་སྒྲུང་ཞིག་ཅིས་ཕྱིར་བཤད་དགོས་སོང་ཟེར་ན། བསམ་བློ་གཏང་དགོས་ས་རེད་མོད། སྒྲུང་པས་རྟོག་བློ་ཡིས་གདོད་མའི་བོན་དེ་གེ་སར་གྱིས་ཆམ་ལ་ཕབས་ཚུལ་བརྗོད་ཚེ་མི་འགྲིག་པའང་མེད་དེ། སྒྱུ་རྩལ་ལ་ལོ་རྒྱུས་དང་འཚོ་བའི་ཚད་བཀག་མེད་པས་སོ། ཡང་བརྒྱ་ལ་ཞིག་ན། མང་ཚོགས་མང་པོ་ཞིག་གི་བློ་སྣ་ནི་གཡུང་དྲུང་བོན་ལ་སྡང་པའི་ལམ་དུ་འགྱུར་རབས་ཟེར་ན་དེ་ནི་གཏན་དུ་བོན་པོ་དང་སྒྲུང་གི་སྐྱོན་དུ་མི་སེམས་དེ་མི་དམངས་ནི་བློ་དམན་ཡིན་ཕྱིར་ལན་འདུག་སྙམ།
དེ་ཕྱིར་བདག་གིས་བསམ་ཞིང་བསམ་ན་ང་ཚོས་སྒྲུང་གཏམ་ལའང་ཚད་གཞི་འཛིན་ཏེ་དགག་པ་དང་བརྒལ་བ་ཡིན་ན། གསར་སྐྱེས་བོན་ཕྲུག་ཚོའི་ཁ་ལག་མང་པའི་སྐྱོན་དེ་ཨེ་འབྱུང་གི་ཉེན་ཁའི་སེམས་བྱུང་འདི་འགོག་ཏུ་མི་འདུག དེ་ཡང་ཡིན་ཏེ་རྩོམ་སྒྲིག་པས་བཤད་པ་ནང་བཞིན་དཔེ་རྙིང་ལག་བྲིས་མ་ཞིག་དེབ་ཏུ་སྒྲིག་ཚེ་ཁུངས་ཤིག་གང་དུ་འཚོལ་ཨང་།
5. མདོ་དོན་ཧྲིལ་གྱི་དྲིལ་ན་བདག་གི་རེ་བའི་རྨི་ལམ་ནི་བོན་པོའི་ཆེད་དུ་བན་དེའི་ཁུངས་བཙལ་བ་དང་བན་དེའི་ཆེད་དུ་བོན་པོར་ཚུལ་མཐུན་ཡིན་མིན་གྱི་ཞིབ་འཇུག་བྱེད་པ་ནི་གནད་དོན་ཡང་དག་ཏུ་གཏན་ནས་བསམ་གི་མེད་ལ། བན་དེས་བོན་པོར་དབང་བསྒྱུར་དང་ཆིག་ཆོད་བྱེད་པ་ནི་སྟོང་བསམ་རིང་ལུགས་ཀྱི་སྒེར་གཅོད་ཉག་ཅིག་ཡིན་ལ་བོན་པོས་བན་དེའི་དབང་ཤུགས་འཕྲོག་མིན་གྱི་གནད་དོན་ཡང་དེ་ལས་མ་འདས། དེ་ཕྱིར་དུས་རབས་ཉེར་གཅིག་ནི་གླེང་མོལ་གྱི་དུས་རབས་སུ་འཁེལ་ནས་འདུག་ཕྱིར་ཕྱོགས་སོ་སོ་ནས་རང་གི་རིང་ལུགས་ལ་བཙད་འཚོལ་དང་དོགས་དཔྱོད་བྱས་ཏེ་ཆོས་ལུགས་རང་རང་གི་རིན་ཐང་རང་ཉིད་ཀྱིས་རྟོག་པའི་ཀློང་དུ་སེམས་ན་དེ་བས་གལ་འགང་ཆེ་བ་ཞིག་གང་ན་བདོག་ཨང་། བན་བོན་གྱི་གནད་དོན་ནི་བོན་པོ་བན་དེ་ལ་འདྲེས་པ་ཆེ་ལ་བན་དེ་བོན་པོ་ལ་འདྲེས་པ་ཆེ། དེ་ཕྱིར་གླིང་ལྔ་མཚོ་དྲུག་གི་ཡུལ་གྲུ་གཞན་ན་མེད་པའི་སངས་རྒྱས་པའི་ལུགས་ཀྱི་བོད་བརྒྱུད་ནང་བསྟན་འདི་གྲུབ་པར་རེད། གནད་འདི་ཡིས་མཉམ་གནས་ངང་ནང་པ་སངས་རྒྱས་པའི་ལུགས་སུ་ཅི་ལྕོག་གི་བྱས་རྗེས་རེ་བཞག་ཚེ། སྔར་གྱི་སྐད་ཆ་ཞིག་ཚིག་སྒྲོས་བསྒྱུར་ན། གནམ་ལ་ཉི་ཟླ་ཟུང་གཅིག། ས་ལ་བོན་ཆོས་ཟུང་འབྲེལ། ཞེས་པའི་མཐུན་སྒྲིལ་དགེ་ལེགས་དབྱངས་ཀྱིས་གནམ་ས་བར་སྣང་ཡངས་པོའི་ཀློང་ནས་ཀུན་ཏུ་གྲགས་པ་མི་འགྱུར་གྲང་།
ཡ་བྲང་གཡུ་འབྲུག་གིས་ཤར་ཕྱོགས་ཞི་བདེ་རྒྱ་མཚོའི་ངོགས་སུ་སློབ་སྦྱང་བར་གསེང་དུ་སྤེལ།
2011. 12. 8ཉིན།
(གསལ་བཤད། དོན་དང་བརྡ་ཡི་ཆ་ནས་འགྲིག་མིན་འཐད་མིན་གྱི་རྣམ་འགྱུར་སྟོན་ལ་དགའ་བའི་བསུ་མ་ད་ནས་གྲ་སྒྲིགས་བྱས་ཚར་ཡོད་པ་མ་ཤེས་ན་ག་ལ་འགྲིག)