ལང་ཚོའི་རྦབ་ཆུར་ཕྱིར་རྟོགས་བྱས་པ།
སྐབས་འགར་ངའི་རྣམ་ཤེས་མེ་ལོང་དང་འདྲ་བར་འདི་འདྲ་བ་ཞིག་ཤར་ཡོང་། དེ་ནི་ལང་ཚོའི་རྦབ་ཆུའི་འདྲ་གཟུགས་ཤིག་སྟེ་ངའི་ཚོར་ཤེས་ཀྱིས་བཞིངས་བསྐྲུན་བྱས་པའི་སྣང་བརྙན་ཞིག་ཡིན། དོན་དུ་ལང་ཚོ་ཞེས་པ་ནི་ན་ཚོད་ཀྱི་མིང་ད་གྲགས་ལ། རྦབ་ཆུ་ནི་ངོས་གཟར་པོ་ནས་དྲག་ཏུ་འབབ་བཞིན་པའི་ཆུ་བོ་ཞིག་གི་མཚན་གྱི་ཡ་རྒྱལ་དུ་བཤད། དེ་ལྟར་ཐ་སྙད་དེ་གཉིས་ལྷན་དུ་སྦྱོར་བར་བྱས་ཚེ་ད་གཟོད་ལང་ཚོའི་རྦབ་ཆུ་ཞེས་པའི་ཐ་སྙད་དེ་གྲུབ་པ་རེད། སྐབས་འགར་ཟུང་སྦྱོར་བྱས་ཤིང་། རེ་ཞིག་ངས་རྩོམ་ཐུང་ཞིག་གི་བརྗོད་བྱར་བཟུང་བའི་ཐ་སྙད་འདི་དག་ཐོག་མར་སྐུ་ཞབས་རང་གྲོལ་གྱི་ངག་ནས་འོང་ཞིང་། བར་སྐབས་འགར་མི་རིགས་ཤིག་གི་གཞོན་ནུ་ཚོའི་སྙིང་ཁོང་ནས་གྲགས། གནད་དོན་འདི་དག་ལ་བསམ་གཞིག་བྱས་ཡོང་བའི་ལམ་བར་ཞིག་ནས་གཙང་གཤེན་དགོངས་རྒྱན་དང་། ཚངས་སྲས་བཞད་སྒྲ་སོགས་ལས་སུ་ཞིག་གི་མིག་ལམ་དུ་ལྷང་ངེར་གསལ་བའི་གཟུགས་དང་། དཔེ། ཡང་ན་དཔེ་ཅན་ནམ། གཟུགས་ཅན་དེ་དག་བརྩོན་མི་དགོས་པར་དྲན་འོང་། སྤྱིར་གཟུགས་སུ་བཀོད་དུས་མེ་འོད་ཉི་མ་ཡིན་ཟེར་བ་དང་འདྲ་ལ། དཔེ་བཀོད་དུས་མེ་འོད་ཉི་མ་དང་མཚུངས་ཞེས་ཟེར་གྱི་ཡོད། སྐབས་འདིའི་ལང་ཚོ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་སྐབས་ཀྱི་བོད་རིགས་ཀྱི་གཞོན་ནུ་ཚོའི་ལང་ཚོ་ལ་ཟེར་ཞིང་། དེ་ལྟར་ལང་ཚོ་རྒྱས་པའི་བཞིན་པའི་གཞོན་ནུ་སྐོར་ཞིག་གི་གསར་གཏོད་ཀྱི་སྙིང་སྟོབས། འཐབ་འཛིང་གི་ཉམས་འགྱུར། དེ་ལས་ཡ་མཚན་པ། སྐབས་དེའི་མི་རིགས་ཤིག་གི་མདུན་ཕྱོགས་ན་ཡོད་པའི་སྐྱེས་ཕོ་མོ་ཚོའི་སྤོབས་པ་ཡོད་ཚད་སྐུ་ཞབས་རང་གྲོལ་གྱིས་ཅི་ཞིག་རེད། གང་ལགས། སུ་དང་འདྲ། ག་རེ་དང་མཚུངས། ཡང་ན་འདི་དང་མཐུན་ཆེ་ཟེར་བ་རེད་དམ་ཅེས་པའི་དྲི་བ་ཞིག་ཡོང་ཚེ། སྙན་འཇེབས་ཀྱི་རོལ་དབྱངས་ལས་མཆེད་པའི་གཏམ་ལན་ཞིག་ཡོད་པ་ནི་ཤ་ཞན་དང་ལ་རྒྱ། རེ་བ་དང་ཡིད་ཆེས་ཡོད་ཚད་དྲག་ཏུ་འཕྱུར་བཞིན་པའི་སྐབས་ཤིག་རང་གྲོལ་ལགས་ཀྱིས་དེ་དག་ཡོད་ཚད་འདི་འདྲ་བ་ཞིག་དང་མཚུངས། འདི་རེད་ཅེས་བོས་ཡོད་པའི་བཟོ་ལྟ་ཞིག་གི་རྣམ་པ་སྟེ་རྩོམ་པ་པོའི་ངག་གི་རིག་བྱེད་ཀྱི་མཛེས་ཉམས་ལས་ན་སོན་པའི་ལང་ཚོའི་རྦབ་ཆུ་ཟེར་བ་དེ་རེད། དབྱངས་རྟ་འདི་ལ་ངས་ཉན་ནས་ཡོད་དུས་འདི་ལྟར་ཐོས། གངས་དང་ཁ་བའི་ཡང་བཅུད་འདུས་པའི་རྦབ་ཆུ་ཉིད་རི་ངོས་གཟར་པོ་ནས་འབབ་ཕོད་པ་དེས་དུས་རབས་དེའི་ན་གཞོན་གྱི་དཔའ་སྟོབས་མཚོན་ཡོད་ལ། ངར་ཤུགས་དང་བཅས་ཏེ་བཞུར་བ་དེས་མི་རབས་གསར་པའི་རང་གཤིས་མཚོན་ཀྱི་ཡོད་པ་ཡང་དེ་བཞིན་རེད། མདོར་ན་མ་འོངས་པའི་ལམ་ཁར། ཀྱག་ཀྱོག་སྔར་ལས་ཆེ་ཡང་། བོད་ཀྱི་གཞོན་ནུ་རྣམས་འཇིགས་པའི་གོ་སྐབས་དང་བྲལ་ཞིང་། ཞེས་བོད་ཀྱི་གཞོན་ནུ་སྐོར་ཞིག་ལ་འབོད་བརྡ་གཏོང་བའི་ཚུལ་འདྲ་པོ་ཞིག་སྟེ་མ་འོང་པར་ང་ཚོ་འགྲོ་དགོས་སའི་ལམ་ཁ་དེ་ཉིད། ཀྱག་ཀྱོག་སྔར་དང་མི་འདྲ་བ་ཞིག་ཡིན་ཡང་ཁྱོད་ཚོ་འཇིགས་པའི་གོ་སྐབས་བྲལ་ཞེས་མི་རབས་གསར་པ་ཞིག་གིས་ལས་འགན་གང་བསྒྲུབ་དགོས་པ་དང་། མི་རབས་སོ་མ་དེ་ཡི་འཕྲག་སྟེང་ན་འགན་འཁྲི་ཅི་ཞིག་ཁུར་དགོས་པའི་དོན་བྱ་དེ་དག་དང་ལེན་བྱས་ཚེ་འཇིགས་རྔམ་དང་། འཚེ་བ་གང་འདྲ་བྱུང་ཡང་དགྲ་ཀུན་ཇག་གསུམ་དུ་བསྒོམ་སྟེ་འཐབ་འཛིང་བྱེད་དགོས་པ་ལས་ཁྱེད་ཚོ་འཇིགས་ནས་བྲོས་ས་ཞིག་གམ། ཡང་ན་དངངས་སྐྲག་དང་བཅས་ཏེ་བཟུར་ས་མེད་ཅེས་བརྗོད་པ་རེད། ད་དུང་ལང་ཚོའི་རྦབ་ཆུའི་བསྟན་དོན་ངོ་མ་ནི་རི་ངོས་སམ་བྲག་ངོས། ཡང་ན་ཀྲང་ངེར་འགྱིངས་ལ་ཤིན་ཏུ་ནས་རྔམ་ཞིང་གཟར་བའི་ངོས་བཙན་པོ་ཞིག་ནས་དྲག་ཏུ་རྒྱུན་ཆད་མེད་པར་འབབ་བཞིན་པའི་རྦབ་ཆུ་ལྟར་རྒྱུན་རིང་ཞིང་། དྲག་ཤུག་ལྡན་པའི་དུས་རབས་ག་གེ་མོ་ཞིག་གི་ན་གཞོན་གྱི་སྙིང་སྟོབས་ནི་གངས་ཆུ། རྫ་ཆུ། རི་ཆུ། ལུང་ཆུ། ཕ་ཆུ། མདའ་ཆུ་སོགས་ཡོངས་སུ་འདུས་ཡོད་པའི་ཆུ་བོའི་ཚུལ་བཞིན་བསམ་རྒྱ། དྲན་ཤེས། སྙིང་སྟོབས། སྤོབས་པ་ཡོད་ཚད་འདུས་པ་འམ། འཛོམས་ཤིང་མི་རབས་དེའི་ལུས་སེམས་གཙང་མའི་མི་བུ་དེ་དག་གི་ནང་བསམ་པའི་ཟུང་འཇུག་དེའི་མཚོན་དོན་ཡོངས་འདུས་ཀྱི་ཆུ་བོ་ཞིག་ཏུ་ངོས་བཟུང་སྟེ་ཆུ་བོའི་གྲི་ལ་རྣོ་འཇོག་པ་དང་། ལྗོན་ཤིང་རྒྱས་པ། མེ་ཏོག་སྨིན་པར་བྱེད་པ་བཞིན་རལ་གྲི་བཞིན་རྣོ་བ་འམ། ལྗོན་ཤིང་ལྟར་རྒྱས་པ། ཡང་ན་མེ་ཏོག་བཞིན་འབྲས་བུ་སྨིན་པའི་མི་རིགས་འདི་ཡི་ལྔ་ཟུང་རིག་པ་ལ་ན་གཞོན་སྙིང་སྟོབས་དང་། བསམ་པའི་ངར་སྟོབས་སོགས་ཀྱིས་རྣོ་འཇོག་དགོས་པས་ཁྱེད་མེད་ན་བཟོ་རིག་པའི་ཆུ་གྲི་ལ་རྣོ་ཇི་ལྟར་འཇོག ཁྱེད་མེད་ན་གསོ་བ་རིག་པའི་ལྗོན་པ་རྒྱས་མི་ཐུབ། ཚད་མའི་མེ་ཏོག་དང་ནང་རིག་པའི་འབྲས་བུ་སྨིན་མི་སྲེད་ཅེས་དཔེ་གཟུགས་ཀྱི་ལམ་ནས་མི་རིགས་ཤིག་གིས་ལུས་སེམས་གཙང་མས་ཕྱི་ཤོལ་མེད་པར་རིག་གཞུང་དང་རང་ཕྱོགས་ལ་ཞབས་ཕྱི་དགོས་པར་གདམས་པ་རེད། ད་དུང་ང་ཚོས་ཁ་སོང་དེ་རིང་གི་དུས་སྐབས་འདིར་ཤིན་ཏུ་ནས་བརྗོད་དགོས་པ་ཞིག་ནི་རྙིང་ཞེན། བག་འཁུམ། རྨོངས་དད། ལེ་ལོ། ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད་ཅེས་ལང་ཚོའི་རྦབ་ཆུ་ནི་གཙོ་བོ་འདི་དག་ལ་རྒོལ་བའི་རྐན་སྒྲ་ཞིག་སྟེ་དེའི་རྩོམ་པ་པོ་ཁོང་འཇིག་རྟེན་ནས་ཞལ་གྱེས་ཟིན་ཡང་ང་ཚོ་མི་རབས་གསར་པར་བཞག་པའི་དྲན་རྟེན་ཡིན་ཞེས་ངོས་འཛིན་འདོད་པ་ཡིན་ཞིང་། རྦབ་ཆུའི་བཞུར་སྒྲ་ལས་སུ་ཞིག་གོ་ཐུབ་པ་བཞིན་ལང་ཚོའི་རྦབ་ཆུ་ལས་སུ་ཞིག་གོ་ཐུབ་ཀྱི་གདའ། འདི་ལྟར་བསམ་ནས་ཀློག་པ་པོ་ཚོས་སྙན་ངག་གི་ཟུང་འཇུག་ལ་བརྟགས་དགོས། ངས་དེ་རིང་སློབ་སྤྱིའི་ངལ་གསོའི་སྐབས་སུ་དབུགས་ཐེངས་གཅིག་གིས་ལང་ཚོའི་རྦབ་ཆུའི་ཕྱོགས་ཙམ་མམ། ཡང་ན་དེའི་སྣང་བརྙན་རེ་ཞིག་འདི་ལྟར་རེད་ཅེས་ཕྱིར་སྟོན་བྱེད་དགོས་པའི་གཏན་ཚིགས་ནི་གཙོ་བོ་ཟུང་འཇུག་ཡོད་པའི་སྙན་ངག་ཟེར་བ་ནི་འདི་ལྟར་ཟེར་བ་རེད་ཅེས་ཁྱེད་ཚོར་ངོ་སྤྲོད་ཐུབ་པའི་ཆེད་དུ་ཡིན་ལ། ཕྱི་ཤུན་ཙམ་གྱི་སྙན་ངག་སེམས་ཀྱི་དགྲ་རུ་གདམ་སྟེ་རྩོམ་པ་པོའི་རྣམ་དཔྱོད་ཀྱི་རྩལ་ལས་སྙན་ངག་ཕྱི་རུ་མངོན་པར་བྱེད་པའི་རྐྱེན་གྱིས་སུ་ཞིག་ཟུང་དུ་འབྲེལ་བ་ལས་སླད་མེད་ཅིང་གཙང་དག་ལྡན་པའི་སྙན་ངག་སིག་རེ་སྒུག་གི་ཀློང་ནས་ཕེབས་བསུ་ཞུ་བར་བསྐུར་བའི་སྔོན་བརྡ་ཡིན། དེ་ལྟར་བཤད་ཟིན་པ་དེ་དག་གིས་དུས་རབས་ཉི་ཤུའི་པའི་ལོ་རབས་བརྒྱད་ཅུའི་སྐབས་སུ་བོད་དགེ་ལྡན་ཉི་མའི་གླིང་དུ་སྐུ་མཚན་མངོན་པར་བལྟམ་པའི་རྩོམ་པ་པོ་ཞིག་གིས་སེམས་ཁོང་ནས་འོངས་ཤིང་། མགྲིན་པ་དང་། སོར་རྩེ་ནས་དབྱངས་རྟའི་མཛེས་པ་ཞིག་གསར་དུ་འབར་བའི་སྙན་ངག་སྟེ་ལང་ཚོའི་རྦབ་ཆུར་གྲགས་པ་དེ་ཉིད་མི་ཞིག་ཡིན་པའི་དབང་དུ་བྱས་ན་དེའི་ནང་ཁྲོལ་འདི་འདྲ་བ་ཞིག་རེད། དེའི་ཕྱི་ཡི་མཛེས་པ་འདི་ལྟར་རེད། དེའི་ཕྱི་ནང་གཉིས་ཀ་ཟུང་འབྲེལ་གྱི་ཚུལ་དུ་ཡོད་པའི་ཤེས་བྱ་དེ་ཉིད་འདི་ལྟ་བུ་ཞིག་ལ་ངོས་འཛིན་དགོས་ཞེས་འབོད་བརྡ་ཐེངས་གཅིག་བྱས་པ་དེ་ཡིན་ལ། དེའི་ཟུར་དུ་མཚོན་དོན་ཡོད་པ། གནས་ལུགས་ཡོད་པ། གཙོ་འགན་ཡོད་པ། བསམ་པའི་ཚབ་མཚོན་ཏུ་གྱུར་པ་དེ་ལྟར་གྱི་སྙན་ངག་གམ་རྩོམ་པ་དེ་ཉིད་ཁྱོད་ངོ་མ་དེ་འམ། ཡང་ན་ང་རང་དངོས་གནས། ཡང་ན་ངའི་ཚབ་མཚོན་དེ་འམ་ཁྱོའི་བསམ་པའི་སྣང་བརྙན་དེ་ཡིན་པས་ལམ་ལུགས་དེ་ཉིད་ཚུལ་ལེན་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་ཞིག་ཡིན་པར་གོ་བ་རྩོམ་པའི་གར་སྟེགས་ན་ཡོད་པའི་ངའི་རྩོམ་གྲོགས་ཚོས་ལོན་ཐུབ་ན་བསམ་པ་ནི་ད་ལྟའི་མི་ཚེ་འདིའི་རེ་བ་ཁོ་ན་ཡིན།
ཞེས་འདི་གའི་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་ཆེན་དུ་རང་མོས་སྙན་ངག་སྐོར་ནས་བགྲོ་གླེང་གི་སྐབས་སུ་ཟུང་འཇུག་ཡོད་མེད་ཀྱི་སྙན་ངག་ཟེར་བའི་སྐོར་ནས་ཅུང་ཙམ་དྲི་བ་རེ་བྱུང་བའི་རྐྱེན་གྱིས་སྨྱུག་མིང་དུ་གཤེན་སྨྱུག་ཅེས་འབོད་པའི་གཙང་ཚྭ་བ་དེས་རང་ཤག་ཤེས་རབ་དགྱེས་པའི་ལྷ་ཁང་ནས་མཇུག་གྲུབ་པར་བྱས།དོན་གྱི་བསམ་པ་ཡ་རེ་མཚར།། ཚིག་གི་སྡེབ་སྦྱོར་མཛེས་ཤིང་མཛེས།།
དེ་ཉིད་ཟུང་འབྲེལ་སྙན་ངག་སྟེ།། རྩོམ་པ་ཀུན་གྱི་ཡོངས་རྩེ་ཡིན།།
- ཟིན་ཐོ་གོང་མ།ཐ་སྙད་རྐུ་མ།
- ཟིན་ཐོ་འོག་མ།རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་།