བོད་ཆེན་པོའི་ལོ་རྒྱུས་སྟེང་དུ་ལོ་ངམ་གྱིས་བསྐྲུན་པའི་ཟིན་ཐོའི་
སྐོར་གསར་དུ་དཔྱད་པའི་གཏམ།
༧ དེ་ཡང་འོ་ཅག་བོད་ཆེན་པོའི་སྔ་གསར་ད་གསུམ་གྱི་ལོ་རྒྱུས་དང་གཏམ་རྒྱུད་སོགས་ལ་དཔྱད་ཞིབ་གནང་མཁན་རྒྱལ་ནང་དང་རྒྱལ་ཕྱི་སོགས་ཡུལ་གྲུ་མི་འདྲ་བ་འགའི་ཞིབ་འཇུག་པ་དང་ཆེད་མཁས་མི་སྣ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་འདི་ཉིད་མཐོང་ཆེན་དུ་བརྩིས་ནས་ཞིབ་འཇུག་གི་གནས་གཞིས་གལ་ཆེན་ཞིག་ཏུ་ངོས་འཛིན་བཞིན་ཡོད་ལ། ཞིབ་འཇུག་པ་དང་ལོ་རྒྱུས་སྨྲ་བ་དག་གིས་དཔྱད་གླེང་འདིའི་སྐབས་བབས་ཀྱི་སྲོག་ཏུ་གྱུར་པའི་ལོ་ངམ་རྟ་རྫིས་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་སྟེང་དུ་ཟིན་ཐོ་ཅི་འདྲ་ཞིག་བསྐྲུན་ཡོད་མེད་ཀྱི་སྐོར་ལ་འབྲེལ་བ་ཟབ་པའི་དོགས་སློང་དང་དཔྱད་ཞིབ་མཛད་མཁན་ཧ་ལམ་བྱུང་མེད། སྤྱིར་ལོ་ངམ་རྟ་རྫི་ཞེས་སུ་གྲགས་པ་འདི་ཉིད་གྲི་གུམ་དང་ཕལ་ཆེར་དུས་མཉམ་དུ་བྱུང་བའི་བོད་ཀྱི་རྒྱལ་ཕྲན་ཞིག་ཡིན་པར་འོག་ནས་གསལ་ཞིང་། ལོ་ངམ་རྟ་རྫི་དང་གྲི་གུམ་འཐབ་དོན་དང་། ལོ་ངམ་གྱིས་བོད་སྲིད་སྐྱོང་ཚུལ་སོགས་ཀྱི་སྐོར་ཅུང་ཟད་འཁོད་ཡོད་པའི་ལོ་རྒྱུས་ནི་གནའ་རབས་བོད་བཙན་པོའི་སྐབས་ཀྱི་དཔེ་རྙིང་རེ་ཞིག་དང་། བོད་དང་འབྲེལ་ཡོད་ཀྱི་བོན་པོའི་ལོ་རྒྱུས་རྣམས་ཡིན་ཞིང་། འདི་ནས་གྲི་གུམ་བཙན་པོ་དང་ལོ་ངམ་རྟ་རྫི་གཉིས་ཀྱི་གཏམ་རྒྱུད་དང་། ལོ་རྒྱུས་སོགས་ལ་སེམས་ཤེས་ཀྱིས་ཟུར་བལྟ་རེ་བྱས་ཚེ་བོད་ཀྱི་ལོ་རྒྱུས་སྟེང་གི་བྱས་རྗེས་ཆེ་བའི་མི་སྣ་འདི་ཉིད་ཀྱིས། བོད་ཆེན་པོའི་ལོ་རྒྱུས་སྟེང་དུ་ཁོང་ཉིད་བོད་ཀྱི་བཙན་པོ་བྱས་པའི་ཟིན་ཐོ་བསྐྲུན་ཡོད་མེད་ཀྱི་སྐོར་ནི་ང་ཚོས་ངེས་ཅན་དུ་བརྟག་དཔྱོད་ནན་གྱིས་བྱེད་དགོས་པ་ཞིག་རེད། དེ་རིང་ཁ་རྩང་གི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་ཐུན་མོང་གི་སྤྱི་སྲོལ་ཞིག་ལ་གནམ་གྱི་ཁྲི་བདུན་དང་བར་གྱི་ལྡེང་གཉིས་ཞེས་ཁ་བྱང་ལག་བྱང་གི་རྨང་གཞིའི་སྟེང་ནས་གྲི་གུམ་གྱི་རྗེས་སུ་བོད་རྒྱལ་སྤུ་ལྡེ་བྱོན་པ་དང་། གྲི་གུམ་དང་སྤུ་ལྡེ་གཉིས་ཀྱི་བར་ན་བོད་རྒྱལ་ཞིག་བྱོན་མྱོང་མེད་པའི་གླེང་གཞི་ཞིག་གི་སྲོག་རྩ་འཛིན་བཞིན་པ་དེ་རེད། འདིའི་སྐོར་ནས་ཅུང་ཟད་བཤད་ཚུལ་མི་མཐུན་པ་ཞིག་གི་ལམ་སྲོལ་རྒྱུན་འཛིན་བྱས་ནས་གོང་དུ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་སྤྱི་སྲོལ་དུ་བགྲང་པའི་བཤད་སྲོལ་དེ་དག་མི་འཐད་པའི་ཚུལ་འདྲ་སྟོན་མཁན་ཞིག་ཉེ་བའི་ཆར་ཞིབ་འཇུག་པ་ཚོའི་ཁྲོད་དུ་བྱུང་ཡོད་པ་ནི་ཕྱིས་བྱུང་བོད་དང་བོན་ཆོས་ཞིབ་འཇུག་པ་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་རེད། མཁས་དབང་ཁོང་གིས་རྩོམ་གནང་བའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་དེའི་སྐོར་གྱི་བཤད་ཚུལ་དེ་དག་ཞིབ་མོར་བསྟན་ཡོད། ཉེ་ཆར་ཁོ་བོས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྐོར་གྱི་བགྲོ་གླེང་གནང་མཁན་གྱི་གཏམ་བཤད་པ་ཞིག་ལ་ལོ་ངམ་རྟ་རྫིས་བོད་ཀྱི་སྲིད་ལོ་གྲངས་བཅུ་ཕྲག་ལས་བརྒལ་བར་བསྐྱོང་ཡོད་པར་བསྟན་ཡོད་ཀྱང་། བོད་ཀྱི་ལོ་རྒྱུས་བཤད་མཁན་ཕལ་གྱིས་ལོ་ངམ་ཁོང་བོད་རྒྱལ་གྱི་གྲས་སུ་འཇོག་ཏུ་མེད་པ་འམ་བགྲང་དུ་མེད་པའི་རྒྱུ་མཚན་འདི་ཅི་ཞིག་ཅེས་འདྲི་ཚིག་ཅིག་འབུལ་མྱོང་། དེ་ནས་བཟུང་ཁོ་བོས་ལོ་ངམ་བོད་ཀྱི་རྒྱལ་པོ་བྱས་ཡོད་མེད་ཀྱི་སྐོར་ལ་བསམ་གཞིག་འདྲ་བྱེད་དགོས་པར་བྱུང་། མཚམས་འདི་ནས་བསམ་གཞིག་གམ། ཉིན་གྲངས་མི་ཉུང་བ་ཞིག་གི་རིང་དུ་བོད་ཀྱི་ལོ་རྒྱུས་ལ་ཟུར་བལྟ་བྱས་པའི་མཇུག་འབྲས་མཐའ་སྡོམ་གྱི་ཚུལ་དུ་སྡོམ་ཚིག་ཅིག་སྤེལ་ན། སྤུ་རྒྱལ་བཙན་པོའི་གྲས་སུ་ལོ་ངམ་ཞེས་མཚན་གྱི་རྣམ་གྲངས་ཤིག་བགྲང་པ་སྔ་ཡོད་ཀྱི་ལོ་རྒྱུས་ཉུང་ཉུང་ཡིན་ཞིང་། སྤ་སྟོན་བསྟན་རྒྱལ་བཟང་པོས་བརྩམས་པའི་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལྟར་ན་བར་གྱི་ལྡིང་གསུམ་དུ་འཆད་དགོས་པར་ནམ་མཁའི་ནོར་བུས་རྒྱལ་རབས་དང་ཆོས་འབྱུང་གི་གཞུང་ཕལ་མོ་ཆེར་ངོས་འཛིན་སྟངས་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་དེ་རྣམས་གསལ་བར་སྟོན་པའི་རེའུ་མིག་ཅེས་པ་ཞིག་བྲིས་ཡོད་པ་ལས་གསལ་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཀྱི་ཤོག་གྲངས་༢༤༣་ལས་གསལ ཞིང་། སྤུ་རྒྱལ་གྱི་རྒྱལ་རབས་རྣམས་ཀྱི་གྲས་སུ་ལོ་ངམ་བགྲང་ཡོད་པ་འམ། བཞག་ཏུ་ཡོད་པའི་ལོ་རྒྱུས་དང་རྒྱལ་རབས་ཉུང་ཉུང་ཡིན་ཡང་། བོད་ཆེན་པོའི་རྒྱལ་སར་འཁོད་པའི་སྐོར་ལེགས་བཤད་མཛོད་དང་། བསྒྲགས་པ་གླིང་གྲགས། དར་རྒྱས་གསལ་སྒྲོན། སྐལ་བཟང་མགྲིན་རྒྱན་སོགས་ལས་མང་ཙམ་བསྟན་དུ་ཡོད་པར་ལོ་རྒྱུས་འདི་དག་གཟིགས་ཞིབ་མཛད་པའི་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་མངོན་གསལ་རེད། ཡིན་ཡང་དེ་དག་ལས་བོད་ཀྱི་རྒྱལ་ས་བཟུང་པ་ཙམ་བཤད་ཀྱང་། བོད་རྒྱལ་ཡིན་པར་ཚིག་ཟིན་དངོས་སུ་བསྟན་མེད་ཅིང་། བསྟན་འབྱུང་དེ་དག་ལས་མང་ཙམ་གྱིས་བར་གྱི་ལྡིང་གཉིས་ཞེས་བགྲང་ཡོད་ལ། བར་གྱི་ལྡིང་གཉིས་ཞེས་བགྲང་པའི་རྒྱལ་པོ་དེ་གཉིས་ཀྱི་བར་ན་བོད་རྒྱལ་ལོ་ངམ་ཞེས་པའི་རྒྱལ་པོ་ཞིག་ཀྱང་བྱོན་ཡོད་པར་བསྟན་མེད། ཡིན་ཡང་ཁོ་བོས་འདིའི་སྐོར་ཞིབ་འཇུག་ཅིག་བྱེད་དགོས་པའི་དབང་དུ་བྱས་ན་སྤ་སྟོན་གྱིས་བརྩམས་པའི་དར་རྒྱས་གསལ་སྒྲོན་ལ་རྒྱབ་བཅོལ་མཛད་ནས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་བོད་ཀྱི་རྒྱལ་ཐོག་དགུ་པའི་གྲངས་སུ་འདྲེན་འོས་པ་ཏྲི་རྒྱལ་ལོ་ངམ་ཞེས་གསལ་བར་བསྟན་པ་ལྟར་ལོ་ངམ་ཁོང་ཉིད་གཅིག་ནས་བོད་ཀྱི་རྒྱལ་པོ་ཡིན་པ་དང་། གཉིས་སུ་བར་གྱི་ལྡིང་གཉིས་ཙམ་མ་ཡིན་པར་གནམ་གྱི་ཁྲི་བདུན་རྗེས་སུ་བར་གྱི་ལྡིང་གསུམ་བྱོན་ཡོད་པར་ངོས་འཛིན་བྱེད་འདོད་པ་ཡིན་ཞིང་། གོང་དུ་ཞུས་ཟིན་པ་བཞིན་འདིའི་སྐོར་རྒྱ་ཆེར་འཁོད་ཡོད་པ་ནི་བོན་པོའི་ལོ་རྒྱུས་རྣམས་ཡིན་ལ། བན་དེའི་ལོ་རྒྱུས་ཕལ་ལས་ལྷ་ཐོ་ཐོ་རི་སྙན་བཙན་གྱི་གོང་གི་རྒྱལ་རབས་རྣམས་ཀྱི་མིང་ཙམ་ལས་དོན་ཟབ་མོར་བསྟན་མེད་ལ། དེའི་གོང་གི་རྒྱལ་རབས་རྣམས་ཀྱི་སྐོར་ཅུང་ཟད་ཟབ་ཏུ་བསྟན་ཡོད་པ་ནི་གཉའ་ཁྲི་མཆེད་ཁུངས་སོགས་ཀྱི་སྐོར་ནས་རེ་ཞིག་བཤད་ཡོད་པ་དེ་དག་ཡིན་ཞིང་། དེ་མིན་ཁྲི་བདུན་གྲས་ཀྱི་ཕྱི་མ་རྣམས་དང་། བར་གྱི་ལྡིང་གསུམ་མམ་ལྡིང་གཉིས་སོགས་ཀྱི་ལོ་རྒྱུས་སྐོར་མང་པོར་ཤོད་དུ་མེད། དེ་ལྟར་གཉའ་ཁྲི་ནས་བརྩིས་པའི་ཁྲི་བདུན་གྲས་སུ་འདྲེན་བཞིན་ཡོད་པའི་བོད་ཀྱི་བཙན་པོ་རྣམས་དང་། དེ་མིན་ལོ་ངམ་དང་གྲི་གུམ། སྤུ་ལྡེ་སོགས་ཀྱི་སྐོར་ནས་ཟབ་རྒྱས་སུ་བསྟན་པ་བོན་པོའི་ལོ་རྒྱུས་རྣམས་ཡིན་པར་སྨོས་མ་དགོས། ཡིན་ཡང་དེ་དག་ལས་ལོ་ངམ་བོད་རྒྱལ་གྱི་གྲས་སུ་བགྲང་དུ་མེད་པ་ནི་བོད་རྒྱལ་བརྒྱད་པ་བསད་པའི་རྒྱུ་མཚན་གྱིས་བོད་པ་རྣམས་སེམས་མ་དགའ་བའི་རྐྱེན་གྱིས་བོད་ཀྱི་ལོ་རྒྱུས་ཕལ་ལས་ལོ་ངམ་བོད་ཀྱི་སྲིད་འཛིན་ནམ་རྒྱལ་པོར་ངོས་འཛིན་མ་འདོད་པ་ཞིག་ཡིན་པར་སྙམ་ཞིང་། དོན་དུ་བཤད་ཚུལ་དེ་དག་ནི་ཨ་ལག་བོན་བརྒྱ་མཆོག་གིས་བོན་པོ་རྣམས་ཀྱིས་གྲི་གུམ་བདུད་ཡིན་ཚུལ་བཤད་པ་དང་། བན་དེ་རྣམས་ཀྱིས་དར་མ་བདུད་ཡིན་ཞེས་པ་ནི། རང་རང་གི་ཆོས་ལ་དགའ་བའམ་ཞབས་འདེགས་རོགས་རམ་བྱེད་མཁན་ཞིག་ཡིན་ན་ལྷ་འམ་ཆོས་ཀྱི་རྒྱལ་པོ་ཞེས་བསྟོད་ར་བྱེད་པ་ནི་ཆགས་སྡང་གི་གཏམ་ཁོ་ན་ཡིན་ལ་ཞེས་གསུངས་པ་བཞིན་སྟེ། དེ་མིན་ཞིབ་པར་བསམ་གཞིག་བྱས་ཚེ་ལོ་ངོ་བཅུ་ཕྲག་ལྷག་བོད་ཀྱི་སྲིད་བསྐྱོང་ཞིང་རྒྱལ་སར་བཞུགས་ནས་མངའ་འབངས་མངའ་དབང་བསྒྱུར་བའི་མི་སྣ་ཁོང་ལྟ་བུ་བོད་རྒྱལ་གྱི་གྲས་སུ་མ་བཞག་ན་བོད་རྒྱལ་ཡིན་མིན་གྱི་ཚད་གཞི་ཡང་དག་ཅིག་འཇོག་པ་ལ་ཤིན་ཏུ་དཀའ་ཁག་ཆེ་བ་ཞིག་ཡིན་སྲིད་པས་སོ། །དེ་ལྟར་གྱི་བོད་རྒྱལ་ལོ་ངམ་ཁོང་གི་མཚན་ལ་ལོ་རྒྱུས་དག་ལས་སྐབས་འགར་ཏྲི་རྒྱལ་ལོ་ངམ་ཞེས་འབྱུང་ཡོད་ཅིང་། སྐབས་འདི་ནས་ཐ་སྙད་དེའི་སྐོར་ཅུང་ཟད་དཔྱད་འདོད་པ་ཡིན་ལ། སྤྱིར་བོད་ཆེན་པོའི་རྒྱལ་ཕྲན་ཙམ་དུ་གྱུར་པ་ལོ་ངམ་རྟ་རྫི་འདི་ཉིད་སྤུ་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་ཡོད་པ་ཞིག་ཡིན་པར་ཐེ་མི་ཚོམ་ཞིང་། བསྟན་འབྱུང་དར་རྒྱས་གསལ་སྒྲོན་སོགས་ལས་ཏྲི་རྒྱལ་ལོ་ངམ་རྟ་རྫི་ཞེས་ཏྲི་རྒྱལ་ལོ་ངམ་ནི་ལོ་ངམ་རྟ་རྫིའི་མཚན་གྱི་རྣམ་གྲངས་སུ་བགྲང་ཡོད། ཡིན་ཡང་ཏྲི་རྒྱལ་ལོ་ངམ་ཞེས་སུ་གྲགས་པའི་ཐ་སྙད་དེའི་སྐོར་འདི་དང་དེ་ཞེས་ངོས་འཛིན་གནང་མཁན་ད་བར་བྱུང་ཐུབ་མེད། སྐབས་འདིར་ཁོ་བོའི་སྣང་ངོར་ཤར་སྟངས་དང་འབྲེལ་སྟེ་ཅུང་ཟད་བཤད་དགོས་པའི་དབང་དུ་བྱས་ན། སྤྱིར་རྒྱལ་པོ་ཁོང་ཉིད་བོད་ཀྱི་རྒྱལ་ཕྲན་མི་འདྲ་བ་དུ་མར་ཡོད་པའི་གྲས་སུ་ཚུད་པ་ལྷོ་བྲག་ཕྱོགས་ཀྱི་རྒྱལ་པོ་ཞིག་ཡིན་པར་ཞང་བོད་ལོ་རྒྱུས་ཏི་སེའི་འོད་དང་། དར་རྒྱས་གསལ་སྒྲོན་སོགས་ལས་བསྟན་ཞིང་། ཏྲི་རྒྱལ་ལོ་ངམ་ཞེས་པའི་ཐ་སྙད་དེ་བཙན་པོ་ཁོང་རྒྱལ་ཕྲན་ཞིག་ཡིན་པའི་གནས་སྐབས་ནས་འདོགས་ཡོད་པའི་མིང་ཞིག་མིན་ཞིང་། ཕྱིས་སུ་གྲི་གུམ་གྱིས་བོན་བསྟན་བསྣུབ་སྟེ་གྲི་གུམ་དང་ལོ་ངམ་གཉིས་འཐབ་རྗེས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་པ་ཞིག་སྟེ། གྲི་གུམ་འཐབ་པ་ལས་རྒྱལ་ནས་ཁོ་རང་བོད་ཀྱི་རྒྱལ་ས་འཛིན་པའི་དབང་ཐོབ་པས་རྒྱལ་པོ་ལོ་ངམ་རྟ་རྫི་ཁོང་ལ་གྲི་རྒྱལ་ལོ་ངམ་ཞེས་པའི་མཚན་སྙན་ཐོབ་པར་སྣང་། ཏྲི་རྒྱལ་ལོ་ངམ་ཞེས་པའི་མཚན་གྱི་འབྲི་ཚུལ་དེ་ནི་གྲི་རྒྱལ་ལོ་ངམ་ཞེས་པའི་འབྲི་ཚུལ་ལས་ཡིག་གཟུགས་ཀྱི་ཆ་ནས་ཕྱིས་སུ་འགྱུར་བ་བྱུང་སྟེ་གྲི་ལ་ཏྲི་ཞེས་སྒྲ་ཡི་ཕྱོགས་ཙམ་མཐུན་པས་རྗེས་སུ་ལོ་རྒྱུས་སྨྲ་བ་ཚོས་ཡིག་ཐོག་ཏུ་འབྲི་སྲོལ་དེ་ལྟར་གྱུར་བ་རེད་སྙམ་བཞིན་ཡོད་ལ། ལེགས་བཤད་མཛོད་ལས་གྲི་རྒྱལ་ལོ་ངམ་རྟ་རྫི་དེ། །རྒྱལ་པོ་འཐབ་པའི་དོ་རུ་བཙལ་ཞེས་༡༩༡ལས་གསལ། གྲི་རྒྱལ་ལོ་ངམ་ཞེས་པའི་ཐ་སྙད་འབྱུང་ཡོད་པ་དེས་ཀྱང་ཏྲི་རྒྱལ་དང་གྲི་རྒྱལ་ཞེས་པའི་འབྲི་ཚུལ་གཉིས་ཡིག་གཟུགས་ཀྱི་ཆ་ནས་ཕན་ཚུན་འགྱུར་རེས་བྱུང་ཡོད་པའི་གསལ་བཤད་དམ། བདེན་དཔང་ཅུང་ཙམ་འགྲོ་སྲིད་པར་ངོས་འཛིན་བྱེད་པ་ཡིན་ཞེས་བརྗོད་པར་འདོད། དེ་ལྟར་ལོ་ངམ་རྟ་རྫི་འམ། གྲི་རྒྱལ་ཏྲི་རྒྱལ་ལོ་ངམ་ཁོང་ཉིད་སྐུ་ཚེའི་སྟོད་དུ་རྒྱལ་ཕྲན་ཞིག་གི་རྒྱལ་པོ་ཙམ་བྱས་ནས་གྲི་གུམ་བཙན་པོའི་འབངས་ཀྱི་ཚུལ་བཟུང་ནས་བསྡད་པ་ཡིན་ལ། ཡིན་ཡང་ཕྱིས་སུ་གྲི་གུམ་བཙན་པོས་ཁོ་རང་གི་འཐབ་ཟླ་དགོས་ཞེས་བཀའ་ཕབས་པར་བརྟེན་འབངས་ལོ་ངམ་དང་རྒྱལ་པོ་གྲི་གུམ་གཉིས་འཐབ་དགོས་པར་བྱུང་བ་རེད། བསྟན་འབྱུང་དང་ལོ་རྒྱུས་ཕལ་ལས་སྐབས་དེ་དུས་ལོ་ངམ་རྒྱལ་བས་གྲི་གུམ་སྐུ་བཀྲོང་ནས་ལོ་ངམ་གྱིས་མི་ལོ་གྲངས་མང་གི་རིང་དུ་བོད་ཀྱི་རྒྱལ་ས་བཟུང་པར་བསྒྲགས་པ་རིན་ཆེན་གླིང་གྲགས་ལས་གསལ་པོར་བསྟན་ཡོད་ཅིང་། དེ་མིན་བོན་གྱི་བསྟན་འབྱུང་ལེགས་བཤད་མཛོད་སོགས་ལོ་རྒྱུས་འགའ་ལས་གྲི་གུམ་ལོ་མི་ཉུང་བ་ཞིག་གི་རིང་དུ་བོད་བཙན་པོའི་རྒྱལ་སར་བཞུགས་པར་བཤད་ཡོད། ཡིན་ཡང་ལོ་རྒྱུས་རྣམས་སུ་ལོ་ངམ་གྱིས་བོད་བཙན་པོའི་རྒྱལ་ས་བསྐྱངས་པའི་ལོ་གྲངས་བཅུ་གསུམ་དང་བཅུ་དྲུག་སོགས་ཤོད་ཚུལ་འདྲ་མིན་ཏོག་ཙམ་ཞིག་བྱུང་ཡོད་ཅིང་། དེ་ལྟར་ཤོད་ཚུལ་དང་པོ་བསྟན་འབྱུང་དར་རྒྱས་གསལ་སྒྲོན་གྱི་བསྟན་ཚུལ་ཞིག་སྟེ་དོན་དུ་འདི་ལྟར་ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ། འདའ་ལེ་ཟམ་ཁ་ནས་ཉང་ཆུ་ལ་སྐྱུར་རོ། །སྲས་སྤུ་ལྡེ་ཧ་ཁྲི་གཉིས། དག་རྐོང་གཉིས་སུ་སྐྱུགས། བློན་པོ་དྲག་པ་བསད། ཞན་པ་སྤྱུགས། བཙུན་མོ་ལ་ལུག་རྫི་བྱེད་དུ་བཅུག སྲས་མོ་ལྷ་ལྕམ་ཁབ་ཏུ་བླངས་ནས། རྒྱལ་ས་ལོ་བཅུ་གསུམ་ཁོས་བཟུང་ངོ་ཞེས་བཞད་ཡོད་ཅིང་། དར་རྒྱས་གསལ་སྒྲོན་གྱི་ཤོག་གྲངས་༡༥༣-༡༥༤ལས། ལྟ་ཚུལ་འདིའི་རྗེས་འབྲང་ནི་བོན་ལུགས་ཀྱི་འཇའ་ལུས་པ་ཤར་རྫ་རིན་པོ་ཆེ་ཞེས་སུ་གྲགས་པ་དེ་ཡིན་ཞིང་། ཁོང་གི་དངོས་མཚན་ལ་བཀྲ་ཤིས་རྒྱལ་མཚན་ཞེས་འབོད། ཁོང་གིས་བརྩམས་པའི་ལེགས་བཤད་མཛོད་སོགས་ལས་ལོ་ངམ་གྱི་བོད་ཆེན་པོའི་རྒྱལ་ས་ལོ་གྲངས་འདི་ལྟར་བཟུང་ཡོད་པར་བསྟན་ནས་ཡོད། བསྟན་ཚུལ་ཕྱི་མ་ནི་བསྒྲགས་གླིང་ལས་བསྟན་པའི་ཚུལ་ཞིག་སྟེ་དོན་དུ་ལོ་ངམ་གྱི་བྱ་ཁྲི་ཉང་པོར་སྤྱུག ལྕམ་བལ་ལོད་ལ་ཆུང་མ་བྱས། སྨན་ལྕམ་ལ་ལུག་རྫི་བཅོལ། རད་ན་སི་ཏི་ཚེར་དོང་དུ་བསྐྱུར། བློན་པོ་ལི་བ་བཙེར་ཞིར་ཤིག་དོང་དུ་བསྐྱུར། ཟིང་པ་རད་ན་ལ་ཕག་རྫི་བཅོལ། དེ་ནས་ཁོ་རང་རྒྱལ་སར་ལོ་བཅུ་དྲུག་བསྡད་ཅེས་གྲི་གུམ་གྱི་སྲས་རྐང་པོ་སྤྱུག རྒྱལ་པོའི་ལྕམ་ལུག་རྫི་བྱེད་དུ་བཅུག་ནས་བོད་ཀྱི་རྒྱལ་ས་དེ་ཉིད་ལོ་བཅུ་དྲུག་ལ་ཁོ་རང་གི་བདག་དབང་བྱས་ཡོད་པར་ཤོད་ཡོད་པ་ལྟར་རེད་ལ། བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་ཤོག་གྲངས་༡༦༥ལས་གསལ། བཤད་ཚུལ་དེ་གཉིས་ལས་གཞན་པའི་ཤོད་ཚུལ་ཞིག་བྱུང་ཡོད་པ་ནི་བསྟན་འབྱུང་སྐལ་བཟང་མགྲིན་བརྒྱན་ལས་སྲས་མོ་ལྷ་ལྕམ་ཁབ་བླངས་ལོ་བཅུ་གཉིས། ལོ་ངམ་རྟ་རྫི་རྒྱལ་པོ་བྱས་པ་ཡིན་ཞེས་ལོ་ངམ་གྱི་བོད་ཀྱི་རྒྱལ་ས་ལོ་བཅུ་གཉིས་སུ་བཟུང་ཡོད་པར་བཤད་པ་དེ་རེད། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ཀྱི་ཤོག་གྲངས་༩༢ལས་གསལ། ཨ་ལག་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་སུ་བཙུན་མོ་དཔལ་ཟས་ལུག་འཚོ་སྐབས་གཉིད་ལོག་པ་ན་ཡར་ལྷ་ཤམ་པོ་དང་འཕྲད་ནས་མངལ་དུ་སྲས་བསྐྲུན། བཙས་པའི་མཚན་རུ་ལ་སྐྱེས་སམ་ཁྲི་སྨོན་ལྷ་བཟང་ཟེར། འདིའི་འཁྲུངས་ལོ་གསལ་བར་བཤད་མེད་ཀྱང་དགུང་ལོ་བཅུ་གསུམ་པ་ཆུ་གླང་ལོར་ལོ་ངམ་བཏུལ་ནས་གཅེན་སྤུ་ལྡེ་གདན་དྲངས་ཞེས་གསལ་ མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་གྲངས་༢༤-༢༥་ལས་གསལ།བ་ལ་གཞིག་ན། ལོ་ངམ་བོད་ཀྱི་རྒྱས་ས་ལོ་གྲངས་བཅུ་གཉིས་ལྷག་བཞུགས་ཡོད་པར་ཤུགས་ལ་གོ་ཐུབ་པ་ཡིན་ཞིང་། དེ་མིན་གྲི་གུམ་བཙན་པོས་བོད་ཀྱི་སྲིད་ལོ་བཅུ་གསུམ་དུ་ཏག་ཏག་བསྐྱོང་ཡོད་མེད་ཀྱང་ཐེ་ཚོམ་གྱི་དོགས་གནད་ཅིག་ཏུ་ངོས་འཛིན་བྱ་བ་ཡིན། དེ་མིན་འདིའི་སྐོར་གྱི་དོགས་གནས་གཞན་ཞིག་ནི་སྤ་སྟོན་གྱི་བསྟན་འབྱུང་དར་རྒྱས་གསལ་སྒྲོན་དང་། ཤར་རྫ་རིན་པོ་ཆེའི་ལེགས་བཤད་མཛོད་སོགས་ལས་སྤྱིར་ལོ་ངམ་གྲི་མཚོན་གྱིས་བསད་པ་དང་། དེ་མིན་ཁྱི་ལ་དུག་བསྐུས་པ་ཞིག་ལ་རག་པས་དུག་གིས་བཀྲོང་ཞེས་ལོ་ངམ་བཀྲོང་ཚུལ་སྣ་ཁ་མི་འདྲ་བ་གཉིས་སུ་འབྱུང་ཡོད་ཅེས་གསུངས་ཡོད་པ་དེ་རེད་ལ། འོག་ནས་དེའི་སྐོར་དང་འབྲེལ་ཡོད་ཀྱི་གསལ་བཤད་ཅུང་ཟད་བྱེད་འདོད་པ་ཡིན། སྤྱིར་དེའི་སྐོར་དང་འབྲེལ་བའི་ལུང་ཚིག་རེ་ཞིག་འབྱུང་ཡོད་པའི་གནའ་བོའི་དཔེ་རྙིང་རེ་ཡོད་པ་ནི། བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་ཞེས་པའི་ནང་གི་རྟོགས་བརྗོད་ཅེས་པའི་ནང་དུ་འཁོད་པའི་གྲི་གུམ་བཙན་པོའི་གནས་ཚུལ་དང་འབྲེལ་བའི་མཚམས་སྤྱོད་ཐུང་ངུ་ཞིག་ཡོད་པ་དེ་རེད། དེའི་ནང་དུ་འཁོད་གསལ་ལྟར་ན་ལོ་ངམ་ངར་ལས་སྐྱེས་ཀྱིས་ཁྱི་ཡི་སྤུ་ལ་དུག་བསྐུས་ཏེ་དེ་ལག་གིས་རེག་ཏུ་བཅུག་ནས་བཀྲོང་བར་བསྟན་ཡོད་བོད་བཙན་པོའི་སྐབས་གནའ་རྩོམ་གཅེས་བསྡུས་ཀྱི་ཤོག་གྲངས་༩༧ལས་གསལ།ཅིང་། ལོ་ངམ་དང་འབྲེལ་ཡོད་ཀྱི་ཕོ་མོ་བརྒྱ་ཕྲག་དུ་མ་བཙོན་བཟུང་དང་། སྲོག་འཕྲོག་བྱས་ཡོད་པའི་ཚུལ་འདྲ་བསྟན་ཡོད། གོང་དུ་ཤོད་ཚུལ་འདྲ་མིན་གཉིས་བྱུང་བར་ཤོད་པ་ནི། གནའ་རྩོམ་གཅེས་བསྡུས་ཞེས་པ་ལས་བསྟན་པའི་གྲི་གུམ་ཕོ་བརྒྱ་དང་། མོ་བརྒྱ་མངའ་དབང་བསྡུས་ནས་འཛིན་བཟུང་དང་། སྲོག་འཕྲོག་བྱས་པའི་གནས་ཚུལ་དེ་ལས་ལོ་ངམ་དང་ཁོའི་མངའ་འབངས་ཡོད་ཚད་གྲི་རུ་བཀུམ་ཞེས་པའི་ཤོད་ཚུལ་དེ་ཉིད་བྱུང་བར་སྣང་ཞིང་། གནའ་རྩོམ་དེའི་ནང་གི་ལུང་ཚིག་ཁྱྀ་བཟང་པོ་ལོ་ངམ་གྱི་ལགིས་བྱུག་པ་དང་། ང་འི་རྟ་རྫིས་ཁྱི་ཡི་སྤུ་ལ་དུག་བསྐུས་པས་ལག་པ་བྱུག་སྟེ་བསད་དེ། ཤ་བླན་ནོ། །ཞེས་པའི་ལུང་ཚིག་དེ་ཉིད་ལས་ལོ་ངམ་དུག་གིས་བཀྲོང་པའི་ཤོད་ཚུལ་དེ་དག་བྱུང་བར་སྣང་། གནའ་རྩོམ་དེའི་ནང་གི་བསྟན་ཚུལ་དེ་དག་ལ་གཞིག་ན་དཔྱད་གླེང་འདིའི་སྐབས་སུ་ལོ་ངམ་སྐུ་བཀྲོང་མཁན་ངར་ལས་སྐྱེས་དང་། དེས་ཁྱི་དཀར་པོ་ཞིག་གི་སྤུ་ལ་དུག་བསྐུས་ཤིང་། ལོ་ངམ་གྱི་ལག་པས་ཁྱི་དེ་ཡི་གཟུགས་གཞི་ལ་རག་པས་བཀྲོང་ཡོད་པ་རེད་ཅེས་གསལ་བཤད་བྱེད་འདོད་པ་ཡིན་ཞེས་བོད་ཀྱི་ལོ་རྒྱུས་སྟེང་དུ་ལོ་ངམ་གྱིས་བསྐྲུན་པའི་ཟིན་ཐོའི་གནད་དོན་འགའ་ལ་གསར་དུ་དཔྱད་པར་གྲགས་པའི་དཔྱད་ཐུང་འདིའི་མཇུག་བསྡུས་པ་ཡིན་ཞེས་དངོས་མིང་གཡུང་དྲུང་གཙུག་ཕུད་ཏུ་འབོད་པས་ཀོ་རྒྱལ་བཤད་སྒྲུབ་འདུས་སྡེའི་བོན་གླིང་ནས་ཤར་མར་སྡེབ་ཙམ་བྱས་ཟིན་པ་ཡིན།། །།
- ཟིན་ཐོ་གོང་མ།རྨེའུ་སྟོན་ཐམས་ཅད་མཁྱེན་གཟིགས།
- ཟིན་ཐོ་འོག་མ།སྲིད་པའི་བོན་རྒན།
རི་བོ་བྲག་དཀར་དེ་སྤྲིན་གྱི་བང་རིམ་འདྲ།། མཚམས་ཁང་ཆུང་ཆུང་དེ་ལྷ་ཡི་གནས་མལ་ཡིན།། རས་གོས་ལྷེབ་གཅིག་ལས་འཚོ་རྟེན་མེད་ན་འང་།།དག་པའི་ཞིང་ཁམས་དེ་རང་ཁྱིམ་གཙང་མ་ཞིག།
གཤང་ཆུང་ནུ་འབུར་འདྲ་བྲང་ལ་སྦྱར་བ་དང་།།པོ་ཏི་དཀར་པོ་དེ་ཀློག་བཞིག་ཀློག་བཞིན་དུ།།གཡུ་ཡི་རྔ་ཆུང་ཞིག་རྒྱབ་ཏུ་ཁུར་ནས་ཡོད།།རྩ་རིའི་སྐོར་ལམ་དེ་ཕྱག་གིས་བསྐྱོད་མཁན་ཡིན།།ཐོད་གཉེར་དགུ་རིམ་དེ་བྲག་རྩིས་གཏམས་པ་དང་།།
བ་སྤུ་འདོམ་གང་མར་ཐལ་ཞག་ཆགས་པ་ཡིས།།
ཐ་མའི་གདུལ་བྱ་དང་སྤྱོད་སྟངས་འགལ་གྱུར་ཀྱང་།།ཡེ་ཤེས་ལྷ་ཚོགས་ཀྱིས་དགའ་འགུ་མཉེས་བཅུ་ཡོད། ཡོད་དང་སྒྲུབ་པ་ལས་ཆགས་འཛིན་བྲལ་བ་སྟེ།།མེད་དང་བཀག་པ་ལས་བཅིངས་བཀྲོལ་ཐོབ་པ་ཞིག།རི་འདབས་གཅེར་བུ་དང་རི་སྒང་གཟན་དཀར་ཅན།།ལྷུང་བཟེད་འཆང་བ་ཡི་ངང་ཚུལ་སྙིང་ནས་གུས།།ཐོད་ཕོར་ཞག་རྩི་ཅན་མཆོད་ཆང་བཞེས་ས་ཡིན།།རུས་པའི་ཕྲིང་མ་དེ་འཛབ་བསྙེན་བཟླ་བྱེད་ཡིན།།ཞ་མོ་དཀར་པོ་གྱོན་ལྷམ་ནི་མེད་པ་ཞིག།གནའ་བོའི་བོན་རྒན་ལ་སྲིད་པའི་ཕྱག་བྱ་འོ།།
“ཏྲི་རྒྱལ་” ལམ་ “གྲི་རྒྱལ་” ནི་ལྷོ་བྲག་རྒྱལ་པོ་ལོ་ངམ་གྱིས་གྲི་གུམ་བཀྲོངས་རྗེས་“གྲི་གུམ་”ལས་རྣམ་པར་“རྒྱལ་”བས་གྲི་རྒྱལ་ལམ་“གྲི་སྲི་གཡོ་འཐབ་”ལས་རྒྱལ་བས་ན་གྲི་རྒྱལ་ཞེས་བོས་ཡོད་པར་སྙམ།
དེའི་གོང་དུ་ཁོང་གི་མཚན་ལ་ལྷོ་བྲག་ལོ་ངམ་རྟ་རྫིའམ་ལྷོ་བྲག་རྒྱལ་པོ་ཞེས་འབོད་ཀྱིན་ཡོད་པར་སྣང་།
ཟུར་དུ་ཞུ་རྒྱུ་ཞིག་ལ། དུས་ཁོམས་བྱུང་ཚེ་འདིར་གཟིགས་ནས་བཀའ་ལན་གནང་རོགས་ཞུ།
u/Woser/archives/2013/3233.html
གཤེན་ཚེ་ཚང་གིས།