ཐ་སྙད་རྐུ་མ།
སོར་མོས་སྨྱུག་རྩེ་བསྒྱུར་བའི་ཕ་རོལ་དུ།།
བར་གྱི་སྒེའུ་ཁུང་འདྲ་བའི་གྲུ་ཟུར་ནས།།
ཐ་སྙད་ལྷུ་ཚིགས་འགྲིག་པའི་རྣམ་འགྱུར་ལ།།
དུས་ཀུན་འགྲམ་ཆུ་ལྡང་བཞིན་ལྡངས་ནས་ཡོད།།
སྙན་ངག་ཚིག་དོན་འཛོམ་པ་དེ་དག་ལས།།
ཚིག་གི་ཟུར་ཙམ་ནང་འདྲེན་བྱས་ཟིན་ལ།།
དོན་གྱི་ཆ་ཙམ་ལྷག་པར་མ་བྱས་པར།།
ཡོད་ཚད་མཐུ་ཧྲུམ་གཟན་ཧྲུམ་བྱས་ནས་ཐལ།།
ང་ཡིས་བརྗོད་བྱ་དོན་གྱི་རྣམ་པ་བཙལ།།
དེ་ལྟར་ཁྱོད་ཀྱིས་ཚིག་གི་ལྷུ་ལག་སྒྲིག །
ཕན་ཚུན་རྐུ་རེས་བྱས་པས་རྩོམ་ཞིག་གྲུབ།།
དེ་ནི་ཕྱི་ནང་མེད་པའི་བར་མ་ཞིག །
དོན་གྱི་རྩོམ་པ་མགྲིན་པའི་གསང་ནས་གྲགས།།
དེ་ལས་ཕར་ཀའི་བྲག་ངོས་གཟར་པོ་ནས།།
ཀུ་ཅོ་འདྲ་བའི་བྲག་ཅ་ཤུགས་ཀྱིས་གྲགས།།
ཕྱི་ཤུན་ཙམ་གྱི་སྙན་ངག་དེ་ཉིད་ཡིན།།
ཀ་ལས་དབྱངས་ཤིག་འཐེན་པ་ང་ཡི་རེད།།
དེ་ལས་ཉམས་ཤིག་བསྟོན་པ་ཁྱོད་ཀྱི་རེད།།
དབྱངས་དང་ཉམས་ཀྱི་བར་ན་རྐུན་ལག་ཁྱོད།།
དེ་ནི་ཁྱོད་ཀྱི་རེད་དམ་ང་ཡི་རེད།།
སྙན་ངག་ཕྱོགས་ཙམ་རྐུ་བ་ལུགས་སྲོལ་ཡོད།།
བཤད་ཚུལ་འདྲ་བའི་རྣམ་པ་དེ་བཞིན་རེད།།
ཡིན་ཡང་གཞན་གྱི་རྩོམ་པའི་ཕྱི་ནང་ཀུན།།
རང་གི་ཡིན་ཞེས་ཤོད་མཁན་ཁྱེད་ལས་མེད།།
བརྗོད་བྱ་གསལ་པ་འཚོལ་བའི་ཤེས་ཡོན་མེད།།
དེ་བས་གསལ་རྩོམ་འབྲི་བའི་ལག་པ་མེད།།
རང་སེམས་ཡི་གེར་འགོད་པའི་སྨྱུ་གུ་མེད།།
ཁྱོད་ཀྱི་ཡོད་ཚད་འོས་སྦྱོར་ཁོ་ནར་ངེས།།
ཀོ་རྒྱལ་བཤད་སྡེའི་འཆད་གླིང་ནས།
- ཟིན་ཐོ་གོང་མ།བོན་བཤད།
- ཟིན་ཐོ་འོག་མ།ལང་ཚོའི་རྦབ་ཆུར་ཕྱིར་རྟོགས་བྱས་པ།
རྐུས་པའི་ཚིག་སྦྱོར་དེ་དག་གང་ན་འདུག།
མ་གསང་གསལ་པོར་གསུང་དང་ཨ་ལན་ཡོད།།
དེ་ནི་ཁྱེད་ལ་བྲིས་པའི་མཆན་ལན་ཡོད།།