ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར། | 2013/5/20 10:39:00

སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར་ལ་

            ཅུང་ཟད་གླེང་བའི་གཏམ།

དེ་ཡང་རང་ཉིད་ལ་དུས་ཚོད་མི་ཐུང་བ་ཞིག་གི་རིང་དུ་གནའ་དེང་ཀུན་གྱི་ལོ་རྒྱུས་སྤྱི་དང་། ཁྱད་པར་དུ་བོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་དང་བསམ་གཞིག་བྱེད་པའི་གོ་སྐབས་ལྟ་བུའི་དུས་ཚོད་བཟང་པོ་ཞིག་ཐོབ་པའི་འོག དོགས་འཆར་རེ་ཞིག་ལ་ཡང་ནས་ཡང་དུ་བསམ་གཞིག་དང་འབད་བརྩོན་བྱས་པའི་འབྲས་རྟགས་སུ་དམིགས་ཏེ་རང་ཉིད་ཀྱི་དྲན་འཆར་དང་། དེ་མིན་ལོ་རྒྱུས་སོགས་ཀྱིས་གཙོས་པའི་གཏམ་རྒྱུད་རེ་ཞིག་ཕན་ཚུན་ཡས་མར་གོ་བསྡུར་ལྟ་བུར་བྱས་ནས་འདིར་ཤོག་སྟེང་ན་བརྗེད་བྱང་གི་ཚུལ་དུ་ད་ལན་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཆེ་བའི་ཐ་སྙད་དམ། སྤུ་རྒྱལ་ཞེས་པའི་ཐ་སྙད་དང་དེའི་ཟུར་གྱི་སྤུ་ཞེས་པའི་མིང་ཚིག་དེ་དག་གི་སྐོར་ལ་ཅུང་ཟད་གླེང་རྒྱུའི་མོས་འདུན་སྐྱེས་བྱུང་ལ། དེའི་ཕྱིར་སྤྱིར་རང་རེ་བོད་དང་བོད་ཆེན་པོའི་ལོ་རྒྱུས་ལ་ཟུར་ལྟ་དང་དཔྱད་ཞིབ་གནང་མཁན་གནམ་གྱི་སྐར་མའི་ཚོགས་ལྟར་མང་དྲགས་པའི་ཚད་དུ་སླེབས་ཡོད་ན་ཡང་། བོད་ཞིབ་འཇུག་གི་ལམ་སྲོལ་དེ་ལས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཟབ་པའི་གནད་དོན་རེ་ཞིག་གམ། འགྲེལ་བཤད་དགོས་པའི་མིང་ཚིག་རིན་ཐང་ལྡན་པ་འགའ་གསལ་བཤད་མ་བྱུང་པར་ལུས་བཞིན་ཡོད་པའི་ཚོད་དུ་སྣང་ཞིང་། དེའི་ཕྱིར་དཔྱད་གཏམ་འདིའི་སྐབས་བབ་ཀྱི་བརྗོད་བྱ་དངོས་ནི། གནའ་རབས་བོད་ཀྱི་ལོ་རྒྱུས་སྨྲ་བའི་དེང་རབས་ཞིབ་འཇུག་པ་རེ་གཉིས་ཙམ་ལས། མང་ཆེ་བས་ཕལ་ཆེར་གླེང་བརྗོད་ཅིག་གི་སྲོག་ཏུ་བཟུང་མྱོང་མེད་ལ། དེ་ཡི་སྐོར་ལ་དཔྱད་པའི་གཏམ་ནི་རྩོམ་ཡིག་རེ་གཉིས་ལས་མཐོང་རྒྱུ་མེད་པའི་སྤུ་རྒྱལ་ཞེས་པའི་ཐ་སྙད་དང་། ཐ་སྙད་དེའི་ཟུར་གསལ་གྱི་སྤུ་ཞེས་པ་དེ་ཡི་མགོ་ལུས་སྲོག་གསུམ་གྱི་སྐོར་ཡིན་ཁུལ་འདྲ་པོ་བྱས་ནས་གཏམ་གླེང་དི་ཡི་འགོ་འཛིན་རྒྱུ་ཡིན། དེ་ཡང་སྤྱིར་སྤུ་རྒྱལ་ཞེས་པའི་ཐ་སྙད་འདི་སྤུ་དང་། རྒྱལ་ཞེས་པའི་མིང་ཚིག་ཟུང་གཅིག་གྲུབ་ཆ་ལྟ་བུར་བྱས་སྟེང་ནས་བྱུང་བ་ཞིག་ཡིན་ཞིང་། དེའི་ཕྱིར་ང་ཚོ་ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ཐད་ནས་བཤད་ན། སྤུ་རྒྱལ་ཞེས་པའི་ཐ་སྙད་དེ་ལ་དཔྱད་པ་ཞིབ་མོ་ཞིག་མཛད་འདོད་ཚེ། ཐ་སྙད་དེ་ཡི་ཟུར་གསལ་གྱི་སྤུ་ཞེས་པའི་སྐོར་ལ་ཡང་ངེས་པར་དུ་བསམ་དགོས་པའི་གནས་ཤིག་ཅི་ལ་མིན། མཚམས་འདི་ནས་རང་ཉིད་ཀྱིས་ཀྱང་ཤེས་འཇོན་གྱི་ཆུ་ཚད་དང་བསྟུན་ནས་སྤུ་ཞེས་པའི་ཐ་སྙད་དེ་ཡི་སྐོར་ལ་ཡང་བསམ་གཞིག་ཅུང་ཞིག་བྱ་བ་ཡིན་ཞིང་། ཐ་སྙད་དེ་རང་གི་ཐད་ནས་བཤད་ན་གནའ་རབས་ཀྱི་ལོ་རྒྱུས་ཡིག་ཚང་དག་གི་ཁྲོད་དུ་ཡང་མི་ཉུང་བ་ཞིག་བྱུང་ལ། དེ་བཞིན་འགྲེལ་བ་ཁ་གསལ་མེད་ཀྱང་གྲངས་ཀ་ཙམ་ནི་དེང་རབས་ཀྱི་དཔྱད་གླེང་དང་། ལོ་རྒྱུས་ཀྱི་ནང་ནས་ཀྱང་མང་ཙམ་ཞིག་བྱུང་དང་འབྱུང་བཞིན་ཡོད་པའི་ཚོད་རེད། དེ་ལྟར་གནའ་དེང་གཉིས་ཀའི་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་ནང་དུ་ཡང་ཐ་སྙད་འདི་ཉིད་ཡིག་ཐོག་ཏུ་འབྲི་སྟངས་མི་འདྲ་བའི་རིགས་མང་ཙམ་སྣང་རྒྱུ་འདུག་སྟེ། དཔེར་ན་སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ལས་གཉའ་ཁྲི་བཙན་པོའི་མཚན་ལ་གཉའ་ཁྲི་དང་། ཉག་ཁྲི། ཉག་རི་སོགས་ཀྱིས་མཚོན་པའི་མིང་གི་རྣམ་པའི་གྲངས་ཀ་དུ་མར་འབྱུང་བ་བཞིན། སྤུ་དང་། སྤུར། སྤུ་སོགས་བྲིས་ཡོད་པ་ལྟ་བུ་ཡིན། འབྲི་སྲོལ་དེ་དག་དུས་རབས་རྗེས་མ་ཞིག་ནས་བྱུང་བ་ཞིག་མིན་པར་གནའ་བོའི་བོད་བཙན་པོའི་དུས་སྐབས་ནས་ཡོད་པར་ཏུན་ཧོང་ནས་ཐོན་པའི་ཡིག་ཚགས་ཁ་ཤས་དང་། དེ་མིན་ཉེ་ཆར་གསར་རྙེད་བྱུང་བའི་གནའ་དཔེ་རེ་ཞིག་གིས་ཀྱང་ངལ་བ་མི་དགོས་པའི་ར་སྤྲོད་ཐུབ་པར་འདུག་ལ། ད་ཆར་ཡང་ཞིབ་འཇུག་པ་དང་ལོ་རྒྱུས་རྩོམ་པ་པོ་མང་ཙམ་གྱིས་གོང་གི་འབྲི་སྲོལ་དེ་དག་ཅི་རིགས་བཀོལ་སྤྱོད་བྱས་ནས་སྤུ་དང་སྤུར་པུ་སོགས་ད་ལྟའི་གསར་བྱུང་གི་ལོ་རྒྱུས་དག་ལས་ཀྱང་མཐོང་རྒྱུ་ཡོད། ད་དུང་སྤུ་དང་སྤུར་གཉིས་ཀྱི་སྐོར་ལ་མི་ལོ་རེ་ཞིག་གི་ཡར་སྔོན་ནས་མཁས་དབང་དོན་འགྲུབ་རྒྱལ་གྱིས་དཔྱད་ཞིབ་ཞིག་གནང་ནས་ཁོང་གི་གསུང་འབུམ་པོད་གསུམ་པའི་ཤོག་གྲངས་བདུན་པར་འཁོད་ཡོད་པ་ནི་འདི་ལྟར་ཏེ། སྤུ་རྒྱལ་དང་། སྤུར་རྒྱལ་ཞེས་ཡིག་གཟུགས་མ་འདྲ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྒྱལ་ཞེས་པའི་ར་མགོ་དག་པར་བཀླགས་པའི་དབང་གིས་སྤུ་ཡི་རྗེས་འཇུག་ལྟ་བུའི་སྒྲ་ཐོན་པར་མངོན་ལ། དཔེ་དེ་ལྟ་བུ་ནི། རྒྱ་མཚོ་ལ་རྒྱམ་ཚོ་དང་། དགའ་རྟགས་ལ་དགར་ཏགས། དགེ་བསྐོས་ལ་དགེབ་བསྐོས་སོགས་ད་ལྟ་ཡུལ་གྲུ་འགའ་ཞིག་གི་སྐད་དུ་ཤོད་མུས་སུ་ཡོད་པས་མཚོན་ལ་ཞེས་གསལ་བཤད་མཛད་ཡོད་པ་དེ་རེད། ད་དུང་ར་ཡིག་གི་རྗེས་འཇུག་དང་། ས་ཡིག་གི་མགོ་ཅན་གཉིས་ཀྱིས་སྟོང་པའི་པུ་ཞེས་པའི་མིང་གཞི་རྐྱང་པ་དེའི་སྐོར་ལ་དཔྱད་ཞིབ་མཛད་མཁན་ཡོད་པ་ད་བར་རང་ཉིད་ཀྱིས་མཐོང་མ་བྱུང་ཡང་སྤུ་རྒྱལ་བཙན་པོ་ཞེས་པའི་མིང་ཟུར་གྱི་སྤུ་ནི་སྤུར་ཞེས་པ་སོགས་དང་དོན་གྱི་ཆ་ནས་བཤད་ན་གཅིག་ཏུ་མཚུངས་པ་ལས་འགྲེལ་བ་དེ་དང་མ་མཐུན་པར་ལོགས་སུ་ཤོད་རྒྱུ་མེད། དེ་ལྟར་བྱུང་བའི་དོན་ནི་གནའ་དུས་ཁ་སྐད་ཡིག་ཐོག་ཏུ་ཕབ་ཚེ་སྔོན་འཇུག་རྗེས་འཇུག་ཞེས་སུམ་རྟགས་དང་བརྡ་སྤྲོད་ཀྱི་འགྲོས་སོགས་ཧ་ལམ་བསྟུན་དགོས་རབས་མེད་པ་འམ། ཡང་ན་ཡི་གེ་ཀློག་སྟངས་ཀྱི་འགྲོས་དང་བསྟུན་ནས་འབྲི་བའི་ལམ་སྲོལ་ཞིག་བྱུང་བའི་རྐྱེན་གྱིས་དོན་གཅིག་ཏུ་སྟོན་པའི་ཚིག་ཅིག་ཡིན་ཡང་ཡིག་གཟུགས་ཀྱི་ཆ་ནས་རིམ་བཞིན་འགྱུར་བ་ཐེབས་ཏེ་སྤུ་དང་སྤུར་པུ་ཞེས་འབྲི་སྲོལ་དུ་མར་བྱུང་ནས་མུ་མཐུད་དུ་རྒྱུན་བཟུང་བྱས་ནས་ད་བར་ལོ་རྒྱུས་སྨྲ་བ་ཚོས་བཀོལ་སྤྱོད་བྱས་པ་ཞིག་ཡིན་པར་ངེས། ད་དུང་ཉིན་སྟོང་བཅུ་གཅིག་ལོར་བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་ནས་ཐོན་པའི་སྤོ་ཡུལ་གྱི་ངོ་མཚར་ཤོད་རྒྱུན་ཞེས་པའི་ནང་དུ་སྤོ་བོ་ཞེས་པའི་སྤོ་དང་། སྤུ་རྒྱལ་ཞེས་པའི་སྤུ་གཉིས་ཀྱི་གོ་དོན་གཅིག་མཚུངས་སུ་བཞག་ནས་དེབ་ཐེར་ཀུན་གསལ་མེ་ལོང་ལས་ལུང་ཞིག་དྲངས་ཏེ་དོན་དུ་མེས་པོ་ཞེས་པའི་དོན་ལ་འགྲེལ་ཡོད་པ་ནི་བཞད་བགད་ཀྱི་གནས་ལས་མ་མཆིས་ཏེ། སྤོ་བོ་ཞེས་པའི་སྤོ་ནི་མེས་པོ་ལ་གོ་མིན་གྱི་སྐོར་ནི་སྐབས་འདིར་མི་བཤད་ཅིང་། སྤུ་རྒྱལ་ཞེས་པའི་སྤུ་ནི་མེས་པོ་ལ་གོ་བར་བཤད་པ་ནི་ལོ་རྒྱུས་རེ་ཞིག་གི་ནང་དུ་སྤུ་དེ་གུང་རྒྱལ་ཞེས་པའི་དོན་ལ་བུ་དེ་ཀུན་རྒྱལ་ཞེས་འགྲེལ་བ་བཞིན་སྤུ་རྒྱལ་ཞེས་པའི་སྤུ་དེ་མེས་པོ་ལ་གོ་བར་འགྲེལ་བ་ནི་རྒྱུ་མཚན་དང་གཏན་ཚིགས་ལ་ཁུངས་བཅོལ་ས་མེད་པར། རང་འདོད་དང་བསྟུན་ནས་བཙན་དབང་གིས་འགྲེལ་བ་བརྒྱབ་པ་ཞིག་ཡིན་པ་ལས་དེ་འདྲ་རྒྱུ་མཚན་ལྡན་པ་ཞིག་ཏུ་མ་ངེས་སོ། །དེས་ན་སྤུ་ཞེས་པའི་ཐ་སྙད་དེའི་འཇུག་དོན་གྱི་སྐོར་ལ་བཤད་ཚུལ་སྣ་ཚོགས་པ་རེ་ཞིག་བྱུང་བ་ནི་སྤུ་ཞེས་གངས་ལ་གོ་བར་བསམ་གྱི་ཡོད་ཅེས་ཁོ་བོའི་སློབ་དཔོན་ཞིག་གིས་གསུངས་ཚུལ་འདུག་ལ། དེ་ནི་མཁས་དབང་ཆེན་མོའི་གསུང་ཞིག་ཡིན་པས་ཁུངས་མེད་ལུགས་མེད་ཀྱི་སྟོང་གཏམ་ཞིག་མ་ཡིན་པར་དེ་ལྟ་བུའི་ཤོད་སྲོལ་གཞན་གྱིས་ཀྱང་བསྟན་ཡོད་པ་ནི་འདི་བཞིན་དཔྱོད་ལྡན་མཆོད་པའི་མེ་ཏོག་འདོན་ཐེངས་བདུན་པའི་ཤོག་གྲངས་བཞི་བཅུ་ཞེ་གཅིག་ལས་སྤུ་ལྡེ་གུང་རྒྱལ་ཞེས་པའི་ཟུར་གྱི་སྤུ་ཞེས་པ་དེ་ཡང་གངས་ལ་གོ་བར་འགྲེལ་ཡོད་འདུག་པ་ལྟ་བུ་རེད་ལ། གཞན་ཡང་དེ་ལྟར་གྱི་ཤོད་རྒྱུན་དང་དཔྱད་རྩོམ་དག་ལ་གཞིག་ན་བོད་སྐད་ལ་གངས་ཞེས་འབོད་པའི་ཐ་སྙད་དེ་ཞང་སྐད་དུ་སྤུ་ཞེས་འབྱུང་བའི་སྐབས་ཡོད་པར་ངོས་འཛིན་བྱེད་ཆོག་གམ་སྙམ། ཡང་སྒྲ་ཡི་སྡེབ་སྦྱོར་སྣང་གསལ་སྒྲོན་མེའི་ཤོག་གྲངས་སུམ་བརྒྱ་བདུན་ཅུ་དོན་གཅིག་ལས་བོད་སྐད་དུ་གངས་རི་ཞེས་འབོད་པ་དེ་ཞང་སྐད་དུ་རྣིལ་རྭང་ཞེས་འབྱུང་བར་གསུངས་ཡོད་ལ། ད་དུང་སྐབས་འགར་སྤུ་ཞེས་ཞང་སྐད་དུ་ལོ་གསུམ་སྒྲུབ་པའི་ཛྭོ་ལ་ངོས་འཛིན་དགོས་པར་གནའ་བོའི་ཞང་བོད་ཚིག་མཛོད་ཀྱི་ཤོག་གྲངས་ཉིས་བརྒྱ་སུམ་ཅུ་སོ་ལྔའི་ནང་དུ་གསལ་པོར་བསྟན་ཡོད། དེས་ན་རེ་ཞིག་གི་སྣང་ངོར། ཞང་སྐད་དུ་སྤུ་ཞེས་ཛྭོ་ལ་ངོས་འཛིན་ཞིང་། གངས་རི་ལ་རྣིལ་རྭང་ཞེས་འབོད་པ་ལས་སྤུ་ཞེས་ཞང་སྐད་དུ་གངས་ལ་བརྗོད་ཐབས་མེད་པར་སྙམ་སྲིད་ཀྱང་། ཞང་སྐད་ལ་སྒོ་པའི་སྐད་དང་། བར་པའི་སྐད། ཕུགས་པའི་སྐད་སོགས་སྐད་སྣ་མི་འདྲ་བ་མང་ཙམ་སྣང་བས། ཞང་སྐད་རེ་ཞིག་གི་ནང་དུ་གངས་རི་ལ་རྣིལ་རྭང་ཞེས་འབོལ་སྲོལ་ཡོད་པ་དང་། རེ་ཞིག་ཛྭོ་ལ་གོ་བའི་སྐབས་ཡོད་ཀྱང་། སྤུ་ཞེས་གངས་ལ་འབོད་མི་ཆོག་པའི་རྒྱུ་མཚན་ཁུངས་བཙན་པོ་ཞིག་འཇོག་ཐབས་མེད། མདོར་ན་བོད་བཙན་པོའི་ལོ་རྒྱུས་ལས་བྱུང་བའི་སྤུ་རྒྱལ་ཞེས་པའི་མིང་ཟུར་གྱི་སྤུ་ནི། ཞང་སྐད་དང་བོད་སྐད་གང་གི་ཆ་རུ་གཏོགས་སམ་ཞེ་ན། བདག་གི་སྣང་ཚུལ་ལ་ལྟོས་ནས་བཤད་ན། ཞང་སྐད་ཀྱི་ཁོངས་སུ་གཏོགས་པར་སྙམ་ཡང་། རྒྱུ་མཚན་གཏིང་ཟབ་མོ་ཞིག་རྙེད་སོན་མ་བྱུང་བས། གནས་སྐབས་སུ་དོགས་གཞི་ཞིག་ཏུ་ངོས་འཛིན་བྱས་ནས་འཇོག་པ་ཡིན། དེ་ཡང་སྐབས་འདི་ནས་སྤུ་ཞེས་པའི་ཐ་སྙད་དེའི་གོ་དོན་གྱི་ཐད་ནས་འགྲེལ་བ་ཞིག་ཞུས་ན། གོང་དུ་བཤད་ཟིན་པ་བཞིན་རེ་ཞིག་གིས་ཞང་སྐད་དུ་ངོས་འཛིན་བྱས་ནས་གངས་ལ་གོ་བ་དང་། ཡང་འགའ་ཞིག་གིས་ཛྭོ་ལ་ངོས་འཛིན་བྱེད་པའི་སྲོལ་འདུག་ཀྱང་། ཁུང་དང་རྒྱུ་མཚན་ལྡན་པ་ཞིག་ཡིན་མིན་ཡང་དོགས་པའི་གནས་ཤིག་རེད། གལ་སྲིད་སྤུ་ཞེས་སྐབས་འགར་གངས་དང་། ཡང་སྐབས་འགར་ཛྭོ་སོགས་ལ་གོ་བའི་སྐབས་ཡོད་པའི་དབང་དུ་བྱས་ན། དེའི་སྐབས་ཀྱི་སྤུ་ཞེས་པ་དང་། སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་གཉིས་དོན་གཅིག་མཚུངས་ཡིན་ཐབས་མེད་པར་ངོས་འཛིན་བྱ་བ་ཡིན། དེ་ལྟར་ན་སྤུ་རྒྱལ་གངས་རི་ཞེས་པའི་སྤུ་རྒྱལ་དང་། སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་རྒྱལ་གཉིས་གྲགས་ཚུལ་གྱི་ཆ་ནས་འདྲ་ཡང་དོན་ལ་གོ་དོན་ཁ་ཁ་ཡིན་པར་ཤོད་ཐུབ་པའི་སྐོར་ཡང་ཡོད་པར་སྙམ་པས། དེའི་སྐོར་འོག་ནས་སྤུ་རྒྱལ་ཞེས་པའི་སྐོར་ཞིག་གླེང་ནས་དེའི་སྐབས་སུ་གསལ་པོར་བསྟན་ཐུབ་པར་བྱ་རྒྱུ་ཡིན། ད་ནས་སྤུ་རྒྱལ་བཙན་པོ་ཞེས་པའི་མིང་ཟུར་གྱི་སྤུ་ཞེས་པའི་གོ་དོན་གྱི་སྐོར་ལ་རེ་ཞིག་གླེང་ན། བོད་བཙན་པོའི་གནའ་རྩོམ་གཅེས་བསྡུས་སློབ་དེབ་ཅེས་པའི་ནང་དུ། ས་བཅད་གསུམ་པ་རྟོགས་བརྗོད་ཅེས་པའི་སྐབས་སུ་བོད་རྒྱལ་བདུན་པ་གྲི་གུམ་གྱི་གནས་ཚུལ་དང་འབྲེལ་བའི་སྐོར་ཞིག་འཁོད་ཡོད་ལ། དེའི་བསྟན་དོན་གཙོ་བོ་གྲི་གུམ་ལོ་ངམ་གྱིས་བཀྲོངས་ནས། ཕྱིས་སུ་སྤུ་ལྡེས་ལོ་ངམ་གྱི་སྲིད་འཕྲོག་སྟེ། ཡབ་རྒྱལ་བོའི་དགྲ་ཤ་བླངས་བའི་སྐོར་སོགས་ཡིན་ལ། ཟུར་དུ་སྤུ་དང་སྤུར་ཞེས་པའི་ཐ་སྙད་དེ་དག་གཅིག་གཉིས་ཙམ་མིན་པར་སྔ་འཕྱི་དུ་མར་ཡང་ནས་ཡང་དུ་བྱུང་ཡོད། ཡིན་ཡང་དཔེ་དེབ་དེའི་ནང་དུ་སྤུར་ཞེས་པ་ནི་སྐུ་གདུང་ལ་གོ་བའི་མཆན་འགྲེལ་ཞིག་སྤུར་ཞེས་པའི་ཟུར་དུ་བཏབས་ཡོད་ལ། སྤུ་ཞེས་པ་འདིའི་སྐོར་ལ་དམིགས་བསལ་གྱི་འགྲེལ་བ་ཞིག་བརྒྱབ་ཡོད་པར་མ་མཐོང་ཞིང་། དཔེ་དེབ་དེའི་ནང་འཁོད་པའི་གནའ་རྩོམ་རང་གི་ནང་དུ་སྤུ་ཞེས་པའི་ཐ་སྙད་དེ་ཟུར་དུ་གསལ་བའི་ཚིག་རྐང་དུ་མ་ཞིག་སྣང་རྒྱུ་ཡོད། དཔེར་ན་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་ཀྱི་ཤོག་གྲངས་དགུ་བཅུ་གོ་བདུན་དང་། གཅིག་བརྒྱ་བཅུ་མེད་གཅིག་སོགས་ཀྱི་བར་ནས། འཇང་གྀ་ཟུ་ལེ་མ་འཇང་དང་འོན་སྐུ་གཉིས་ཀྱི་སྤུ་ལ་དུག་བསྐུསྟེ་ཞེས་པ་དང་། ཡང་ན་ཁྱྀ་ཡི་སྤུ་ལ་དུག་བསྐུས་པས་ཞེས་དང། སྤུ་དེ་མྱིད་ཅེས་པ་ལྟ་བུ་རེད། དེ་ལྟར་གྱི་ཚིག་རྐང་གསུམ་གྱི་ནང་གི་ཁྱི་ཞེས་པ་ནི་ཁྲི་ཞེས་པའི་དོན་ལ་གོ་བ་དེའི་འཆན་འགྲེལ་ལས་གསལ་ཞིང། ལྡེའུ་ཆོས་འབྱུང་སོགས་ཀྱི་ནང་དུ་གྲི་གུམ་གྱི་སྲས་ཉ་ཁྲི་དང་ཤ་ཁྲི་ཞེས་སྨོས་པ་དེ་དག་ལ་རྟོགས་བརྗོད་རང་གི་གཞུང་ཚིག་ནང་དུ་ཉ་ཁྱི་དང་ཤ་ཁྱི་ཞེས་སྨོས་ཡོད་པ་ཙམ་གྱིས་ཁྲི་ལ་གོ་དགོས་པའི་ཚོད་དུ་འདུག་ཀྱང་འདིར་ཁྱི་ཡི་སྤུ་ལ་ཞེས་པའི་ཚིག་ཟུར་གྱི་ཁྱི་ཞེས་པ་དེ་ཁྲི་ལ་གོ་རྒྱུ་མིན་པར་དེང་དུས་སུ་ཁྱི་ཞེས་འབོད་པའི་སེམས་ཅན་དེ་ལ་གོ་དགོས་པར་ལོ་ངམ་བཀྲང་པའི་ལོ་རྒྱུས་གཞན་ཞིག་ལས་གསལ། དེ་ལྟར་གྱི་ཁྱི་ཡི་སྤུ་ཞེས་པ་དང་། ད་དུང་ཏུང་ཧོང་ནས་ཐོན་པའི་ཡིག་ཚགས་ཁ་ཤས་ལས་བརླ་བརྡུང་། སྤུར་བཏབས། འྭོ་དེ་མྱིད་སྤུ་དེ་མྱིད། ཅེས་པའི་ཐ་སྙད་དེ་དག་གམ། ལྡེའུ་རྒྱ་བོད་ཆོས་འབྱུང་ལས་ཤ་ཁྱི་དཀར་མོ་ལ་སྤུ་རྩར་དུག་བྱུགས་ནས་དཀོར་ཕུལ་བས་ལོ་ངམ་གྱིས་བྱིལ་བྱས་པས་ཁོའི་ལག་པ་ཧྲེངས་ནས་འཁོར་རྣམས་དེར་འདུས་ཀྱི་བར་དུ་ངར་ལ་སྐྱེས་ཀྱི་མྱང་རོ་ཤམ་པོ་མཁར་གྱི་ཕ་རོལ་ན་རྒོད་ཚང་ཡོད་པར་སྙད་བཏགས་ནས་བྱ་རྒོད་ཀྱི་གསོབ་ཏུ་ཞུགས་ཏེ། མྱང་རོ་ཤམ་པོ་མཁར་རྩེ་ནས་ཕབ། ལོ་ངམ་ཕོ་བརྒྱ་སླ་ང་བྲག་ལ་སྦུབས་ཏེ་བསད་ཅེས་པ་དག་གི་སྐོར་ལ་བསམ་ཙམ་བྱས་ན་དེའི་སྐབས་ཀྱི་སྤུ་ཞེས་པ་དེ་ཛྭོ་དང་གངས་སོགས་ལ་གོ་རྒྱུ་མིན་པར་གང་ཟག་ཞིག་གི་ལུས་པོ་དང་ཐད་དཀར་འབྲེལ་བ་ཡོད་པར་གོ་ཐུབ་ཅིང་། ད་དུང་དབུ་ནག་མི་བུ་འདྲ་ཆགས་ཞེས་གྲགས་པའི་དཔེ་རྙིང་ཞིག་གི་ནང་དུ་གདམ་སྤུས་དེ་སྐུ་རྒྱལ་བོད་ལ་ཡོད་ཅེས་པ་དང་། ཡང་ན་དེང་དུས་བོད་ལྗོངས་ཕྱོགས་ཀྱི་ས་ཆ་རེ་ཞིག་ལ་གཉེན་སྟོན་གྱི་སྐབས་སུ་འཁོ་གལ་ཆེ་བའི་དར་བཤད་ཀྱི་ཚིག་འབྲུ་རེ་ཟུང་གི་ནང་དུ་སྤུ་རྒྱལ་བོད་ཅེས་པ་དང་། སྐུ་རྒྱལ་བོད་ཅེས་པའི་མིང་ཚིག་གཉིས་རེས་མོལ་བྱས་ནས་བཀོལ་སྤྱོད་བྱེད་སྲོལ་ཡོད་པ་ཙམ་གྱིས་སྤུ་རྒྱལ་བཙན་པོ་ཞེས་པའི་ཐ་སྙད་དེའི་ཟུར་གྱི་སྤུ་ཞེས་པ་དེ། སྤུ་རྒྱལ་གྱི་བཙན་པོ་རིམ་བྱུང་ལ་ཐད་དཀར་འབྲེལ་བ་ཡོད་པ་ཙམ་གྱིས་མི་ཚད། དེ་ཡི་སྐུ་གསུང་ཐུགས་གསུམ་གྱི་ནང་གི་སྐུ་ལ་ཡང་གོ་དགོས་པའི་ཚོད་འདུག་ལ། ད་དུང་གོང་གི་དབུ་ནག་མི་བུ་འདྲ་ཆགས་ཞེས་པའི་ནང་གི་གདམ་སྤུས་དེ་སྐུ་རྒྱལ་བོད་ལ་ཡོད་ཅེས་པའི་ནང་གི་སྐུ་ཞེས་པའི་ཟུར་དུ་སྤུ་ཞེས་པའི་འཆན་ཞིག་སྐུ་ཞབས་མཁར་རྨེའུ་བསམ་གཏན་པས་བཏབས་ཡོད་ཅིང་། རྒྱུ་མཚན་དེ་དག་རིམ་བཞིན་གོང་འོག་འདྲ་པོ་བསྒྲིགས་ནས་བསམ་གཞིག་ཙམ་བྱས་མཐར་རང་ཉིད་ཀྱིས་སྤུ་རྒྱལ་བཙན་པོ་ཞེས་པའི་མིང་ཟུར་དུ་གསལ་བའི་སྤུ་ཞེས་པའི་ཐ་སྙད་དེ་སྐབས་འདིར་སྐུ་གསུང་ཐུགས་གསུམ་གྱི་ནང་གི་སྐུ་ཞེས་པ་ལ་གོ་བར་ངོས་འཛིན་བྱེད་པ་ཡིན་ཞིང་། ད་དུང་ངེས་པར་ཅན་དུ་ཤེས་དགོས་པ་ཞིག་ལ་རེ་ཞིག་གིས་སྤུར་ཞེས་པ་ནི་མི་ཤི་སོང་བ་ལྟ་བུའི་རོ་གཟུགས་སམ། ཡང་ན་བེམ་རོ་ལ་གོ་བར་སྙམ་བཞིན་ཡོད་ཀྱང་སྤུར་ཞེས་བརྗོད་པ་ཙམ་གྱིས་དེ་ལྟར་གོ་དགོས་པའི་ངེས་པ་མེད་ལ་དེ་ཡི་གོ་དོན་ནི་གོང་དུ་འགྲེལ་ཟིན་པའི་སྤུ་ཞེས་པ་དང་གཅིག་མཚུངས་ཤིག་རེད། དེའི་ཕྱིར་སྤུར་ཁང་དང་། སྤུ་ཁང་སོགས་ཀྱང་དེ་བཞིན་ཡིག་ཐོག་ཏུ་ཕབ་ཚེ་ཡིག་གྲངས་མང་ཉུང་ཙམ་ལས་དོན་གཅིག་མཚུངས་སུ་གོ་ཆོག་སྟེ་མདོར་ན་སྐུ་ཁང་ཞེས་པའི་དོན་དུ་འགྲེལ་བ་འདོད། ད་ནས་གོང་དུ་ཞུས་པ་བཞིན་སྤུ་རྒྱལ་ཞེས་པའི་སྐོར་ལ་ཅུང་ཙམ་ཞིག་ཞུ་དགོས་པར་བྱུང། དེ་ཡང་སྤྱིར་སྤུ་རྒྱལ་ཞེས་པའི་ཐ་སྙད་འདི་ཉིད་ཀྱི་ངོས་ཐད་ནས་གླེང་ན་རྒྱལ་རབས་དང་ལོ་རྒྱུས་སོགས་ལས་མང་ཙམ་བྱུང་ཞིང་། དེ་ཡིས་མི་ཚད་པར་ཞང་བོད་དང་རྒྱ་གར་སོགས་ཀྱི་ལོ་ཙཱ་བ་མང་དག་ཅིག་གིས་གནའ་དཔེ་བོད་བསྒྱུར་བྱེད་སྐབས་སུ་ཡང་བཀོལ་སྤྱོད་བྱས་པར་མངོན་པའི་གནའ་དཔེ་དེ་དག་གི་མགོ་ལ་སྤུ་རྒྱལ་བོད་ཅེས་བྱ་བའི་ཚིག་འབྲུ་དེ་ཆེས་མི་ཉུང་བ་ཞིག་སྣང་རྒྱུ་ཡོད། བདག་གི་འདོད་མོས་ལ་ལྟོས་ནས་བཤད་ན་སྤུ་རྒྱལ་ཞེས་བྱ་བའི་མིང་ཚིག་ལ་མཚོན་ན་དོན་མི་འདྲ་བ་གཉིས་ཙམ་ཡོད་པར་སྣང་ཞིང་དེ་ལྟར་ཡོད་མེད་ཀྱི་གནས་ཚུལ་དེ་ནི་དོན་ངོ་མ་བཤད་ན་སྤུ་རྒྱལ་གངས་རི་ཞེས་པའི་མིང་ཟུར་གྱི་སྤུ་དེ་དང་། སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་གཉིས་དོན་གཅིག་མཚུངས་ཡིན་མིན་ལ་གནད་འགག་ཆེན་པོ་ཡོད་ཅིང་། གནས་སྐབས་སུ་འདི་ནས་ཐ་སྙད་དེ་གཉིས་ལ་གྲགས་ཚུལ་གྱི་ཆ་ནས་འདྲ་ཙམ་བྱུང་ཡང་། བསྟན་བྱའི་དོན་ལ་གཅིག་མཚུངས་མིན་ཞེས་བཤད་པར་འདོད་དེ། སྤུ་རྒྱལ་གངས་རི་ཞེས་པའི་སྤུ་དེ་གངས་ཞེས་པའི་དོན་སྟོན་བྱེད་ཅིག་ཡིན་ལ། སྤུ་རྒྱལ་བཙན་པོ་ཞེས་པའི་ཚིག་ཟུར་གྱི་སྤུ་དེ་གོང་དུ་ཞུས་པ་བཞིན་སྐུ་ཞེས་པ་སྟོན་བྱེད་ཙམ་ལ་ངོས་འཛིན་བྱེད་པ་ཡིན། དེས་ན་སྤུ་རྒྱལ་གངས་དཀར་ཞེས་པའི་སྤུ་རྒྱལ་དང་། སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་རྒྱལ་གཉིས་ཀྱི་ཐད་ནས་དོན་འགྱུར་གྱི་དབང་དུ་བྱས་ཏེ་འགྲེལ་བ་ཞིག་ཞུས་ན། དང་པོ་སྤུ་རྒྱལ་གངས་དཀར་ཞེས་པའི་སྤུ་རྒྱལ་ནི་གངས་རྒྱལ་ཞེས་པའི་དོན་དུ་གོ་ལ། སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་རྒྱལ་ནི་སྐུ་རྒྱལ་ཞེས་པ་ལ་འགྲེལ་ཆོག་གམ་སྙམ་ཡང་། དོན་དུ་དེ་ལྟར་ཡིན་པར་ཁ་ཚོན་གཅོད་པ་ནི་ཤིན་ཏུ་དཀའ་ཁག་ཆེ་བའི་གནས་ཤིག་སྟེ། དེ་ནི་སྤུ་ཞེས་གངས་ལ་གོ་བའི་སྐབས་ཡོད་མེད་ཀྱི་གནད་དོན་དེ་ལ་འབྲེལ་བ་ཆེན་པོར་ཡོད་ཅིང་། གོང་དུ་སྤུ་རྒྱལ་གངས་དཀར་དང་སྤུ་རྒྱལ་བཙན་པོ་ཞེས་པའི་མིང་གཉིས་ཀྱི་ཟུར་དུ་གསལ་བའི་སྤུ་གཉིས་ཀྱི་བར་ན་ཧེ་བག་ཞིག་ཡོད་པར་བཤད་པ་ནི་སྤུ་ཞེས་གངས་ལ་འཇུག་པའི་སྐབས་ཡོད་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ཞིང་། གལ་སྲིད་དེ་ལྟར་སྤུ་ཞེས་གངས་ལ་འཇུག་པའི་སྐབས་མེད་པའི་དབང་དུ་བྱས་ན་དེ་ལྟར་འགྲེལ་ན་ཅིས་ཀྱང་མི་འཐད་པར་ཤོད་ཐུབ། ད་དུང་སྤོ་བོའི་ཡུལ་གྱི་སྤུ་རི་སྤུ་བཙན་དང་། སྔ་དུས་ཞང་ཞུང་རྒྱལ་པོའི་མངའ་རིས་སུ་གཏོགས་པ་ཁྱུང་པོའི་ཡུལ་གྱི་སྤུ་ཧྲོག་ཁ། དེ་མིན་གུ་གེ་ཚེ་རིང་རྒྱལ་པོའི་ཆེད་རྩོམ་ཕྱོགས་བསྒྲིགས་ལས་གསལ་བའི་སྤུ་ཧྲང་ཞེས་པ་ལྟ་བུས་གཙོས་པའི་ཡུལ་མིང་རེ་ཞིག་གི་ཟུར་དུ། སྤུ་ཞེས་པའི་ཐ་སྙད་འགའ་བྱུང་ཡོད་ལ། དེ་དག་ནི་གཅིག་ན་ཡུལ་གྲུ་རང་རང་གི་རྒྱལ་པོའི་མིང་ཡུལ་ཐོག་པ་འགའ་ཡོད་པར་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་བཞིན། སྤུ་རྒྱལ་བཙན་པོའི་མཚན་ཟུར་གྱི་སྤུ་ཞེས་པ་ལས་གྲས་ནས་བཏགས་སམ། ཡང་ན་ཡུལ་མིང་དེ་དག་གི་ཟུར་དུ་སྤུ་ཞེས་འབྱུང་བ་ནི། རྒྱུ་མཚན་གཞན་ཞིག་ཡིན་མིན་གྱི་སྐོར་ནི་དཔྱད་དགོས་པའི་དོགས་གནད་ཅིག་ཏུ་གྱུར་པས། གནས་སྐབས་སུ་འདིའི་སྐོར་རྒྱས་སྤྲོས་མི་བྱེད་ནས། དོགས་སློང་ཞིག་གིས་མཚོན་པའི་ཚིག་འབྲུ་ཉུང་ཉུང་ཞིག་གིས་མཇུག་བསྡུས་པ་ཡིན་ཞེས་སྤུ་རྒྱལ་ཞེས་པའི་ཐ་སྙད་དང་དེའི་ཟུར་གསལ་གྱི་སྤུ་ཞེས་པའི་མིང་ཚིག་དེ་དག་གི་སྐོར་ལ་རེ་ཞིག་བཤད་ཟིན་པ་ཡིན་ཞེས་གཙང་ཚྭ་གཡུང་མིང་པས་རང་ཤག་ཤེས་རབ་དགྱེས་པའི་ལྷ་ཁང་ནས་མཇུག་རྫོགས་པར་བྲིས།

Re:སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར། | 2013/5/25 16:14:28
སྐུ་མགྲོན་Hlc5Fr(སྐུ་མགྲོན)ཡང་སྤུ་རྒྱལ་ཞེས་པ་དེ་སྐབས་ལ་མཁོ་བའི་རྒྱལ་པོ་ཞེས་དང་། གཉའ་ཁྲི་བཙན་པོ་སྤོ་བོའི་ཡུལ་ནས་ཕེབས་པའི་རྒྱལ་པོ་ཡིན་པས་སྤུ་རྒྱལ་ཞེས་ཀྱང་བརྗོད་མཁན་འདུག་གོ
རྩོམ་པ་པོ།:སྐུ་མགྲོན་Hlc5Fr(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར། | 2013/5/20 13:13:57
luobian ཞིབ་ཀྱིས་ཆ་ཚང་བཀླགས་ཞར་སོང།
Re:སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར། | 2013/5/20 11:47:25
yongdromརྒྱལ་རོང་སྐད་ཅུང་ཤེས་ཀི་མེད། ཡིན་ནའང་སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་དེ་རྒྱལ་པོའི་དོན་ལ་གོ་བ་ནི་དེ་ཙམ་མི་བདེ་བར་སྣང་། གོང་ལྟར་ན་སྤུ་རྒྱལ་ཞེས་ཟེར་དུས་རྒྱལ་རྒྱལ་པོ་ཞེས་པ་འདྲ་པོ་ཞིག་གྱུར་བཞིན་འདུག་པའི་རྒྭུ་མཚན་གྱིས་ཡིན། སྤུ་རྒྱལ་བཙན་པོ་ཞེས་པའི་སྤུ་ནི་སྐུ་ལ་གོ་ཆོག་པའི་གཏན་ཚིགས་དཔྱད་གླེང་འདི་བྲིས་ཟིན་ཚར་དུས་ཀྱང་གནའ་ཡིག་འགའི་ཁྲོད་དུའང་འགའ་སྣང་སོང་། ཧེ་ཧེ་བསམ་ཚུལ་དེ་འདྲ་བ་ཁུར་ནས་ཡོང་ན་ཕན་ཐོག་ཆེ་བར་འདུག ཟིན་གྲོགས་གངས་ཐིག་ལ་དགའ་སྤྲོའི་ཐལ་མོ་གཅིག་གིས།
Re:སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར། | 2013/5/20 11:15:03
boncuteརྒྱལ་རོང་སྐད་དུ་སྤུ་ཞེས་པ་རྒྱལ་པོའི་དོན་དུ་འཇུག་པ་དེ་དངོས་ཡིན་ནམ། གྲོགས་གཤེན་སྨྱུག་ནས་ལན་ཅིག་གནངས་རོགས། གངས་ཐིག་གིས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.