ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ཀྱི་རིག་གནས་རྣམ་བཤད་ལས་བོན་གྱི་སྟོན་པའི་འཁྲུངས་རབས།  | 2011/12/1 13:15:00

སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་རབས་སྐོར།

ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་བོད་ཀྱི་རིག་གནས་རྣམ་བཤད་ལས།  

སྟོན་པ་གཤེན་རབ་མི་བོ་ཆེ་ནི་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ཞང་ཞུང་འོལ་མོ་ལུང་རིང་བར་པོ་སོ་བརྒྱད་མཁར་དུ་སྐུ་བལྟམས། ༼ སྲིད་མདོས ༽ ལས། གཤེན་རབ་མི་བོ་ཆེ། སྐུ་མདངས་དུང་ཟླ་འདྲ། འཛུམ་མདངས་མེ་རེ་རེ། སྐུ་སྟོང་རི་ལས་བརྗིད། མུ་ཐིང་རལ་པ་ནི། མུ་འོལ་ཕྱུགས་སེ་ཕྱུགས། སྐུ་ལ་ཅི་གསོལ་ན། རྒོད་ཐམ་ལྷམ་སེ་ལྷམ། ཞེས་གསུང་པ་ལྟར། སྲས་འདི་ནི་བཞིན་གྱི་དཀྱིལ་འཁོར་ཉ་རྒྱས་ཟླ་ལྟར་མཚུངས་པ། དབུ་ལ་སྔོན་མཐིང་རལ་པས་བརྒྱན་པ། ཐུགས་དམ་ཞིང་ངག་རབ་ཏུ་འཇམ་པ། དགའ་སྤྲོའི་ཉམས་བཟང་ལྡན་པ། སྐུ་སྟོབས་རི་ལས་བརྗིད་པ། མཚན་བཟང་དང་ལྡན་པ། སྐྱེ་བོ་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཡོད་ཅེས་བསྔགས་བརྗོད་མང་དུ་མཛད། སྲས་འདི་ནི་དུས་ནམ་ཞིག་ཏུ་འཁྲུངས་པའི་སྐོར་ལ་གཤེན་རབ་མི་བོ་ཆེའི་རྣམ་ཐར་འབྲིང་བ།༼མདོ་གཟེར་མིག༽ ལས། གཤེགས་པའི་དུས་ཚོད་ཀྱང་འདི་ལགས་ཏེ། ལོའི་འགོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། ནན་ཏན་གྱིས་སེམས་ཅན་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། ཟླ་བའི་འགོར་དཔྱིད་ཟླ་ར་བ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ། སྐར་མ་དམ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བསྡུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ། ཤོག་གྲངས་༥༦ཞེས་གསུངས་པ་ལྟར། ཐུགས་སྲས་འདི་ནི་བྱི་བ་ལོའི་ཟླ་བཅུ་གཉིས་ཚེས་བཅོ་ལྔ་སྐར་མ་རྒྱལ་གྱི་དུས་སུ་སྐུ་འཁྲུངས། འོན་ཀྱང་ལོ་ཁམས་གསལ་བར་མི་འཁོད་སྟབས་གཤེན་རབ་མི་བོ་ཆེའི་འཁྲུངས་ལོའི་སྐོར་ཤོད་རྒྱུན་མི་འདྲ་བ་མང་དུ་བྱུང་། བོན་གྱི་ལོ་རྒྱས་ཡིག་རིགས་འགའ་ཞིག་ཏུ་སྟོན་པ་གཤེན་རབ་མི་བོ་ཆེ་ནི་སྤྱི་ལོའི་སྔོན་གྱི་ལོ་ཆིག་ཁྲི་དྲུག་སྟོན་བརྒྱ་མེད་བཅུ་བདུན་ལོར་སྐུ་འཁྲུངས་ཞེས་གསུངས། འདི་ནི་མིའི་རིགས་འཕེལ་རྒྱས་འགྲོའི་བའི་ལོ་རྒྱུས་དང་ཡོངས་སུ་འགལ་བ་ཞིག་རེད། གང་ལགས་ཤེ་ན། སྤྱིར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་ཙམ་གྱི་སྔོན་དུ་རྡོ་ཆས་རྙིང་མའི་དུས་མཇུག་ཡིན་པས་དུས་དེར་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་། མི་རྣམས་ཀྱི་གདོད་མའི་རང་རྟགས་ཡོངས་སུ་ཡལ་མེད་པའི་དུས་སྐབས་སུ་གཤེན་རབ་མི་བོ་ཆེ་བྱོན་ནས་གཞུང་དང་། ཆོ་ག། གཏོད་ཐབས་བཅས་ལྡན་པའི་ཆོས་ལུགས་ཤིག་སྤེལ་བ་ནི་བཞད་གད་སློང་བའི་རྒྱུ་ལྟ་བུར་མངོན། ཡང་བོན་ལུགས་ཞིབ་འཇུག་པ་འགའ་ཞིག་གིས་གཤེན་རབ་མི་བོ་ཆེ་བྱོན་ནས་ད་བར་མི་ལོ་སུམ་སྟོང་བརྒྱད་བརྒྱ་ཙམ་སོང་ཞེས་གསུངས་པ་དེ་ལའང་གཞུང་ལུགས་ཀྱི་ཁུངས་གཏུགས་ས་གང་ཡང་མི་འདུག་སྙམ། འོན་ཀྱང་བོན་གྱི་དཔེ་རྙིང་༼མདོ་གཟེར་མིག༽དང་༼མདོ་འདུས་རིན་པོ་ཆེའི་རྒྱུད་ཐམས་ཅན་མཁྱེན་པའི་བཀའ་ཚད་མ༽ སོགས་གཤེན་རབ་ཀྱི་མཛད་རྣམ་ཁག་ནང་གཤེན་རབ་མི་བོ་ཆེ་དང་དུས་མཉམ་པར་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་དང་། ལེག་ཏང་རྨང་པོ་སོགས་མཐའ་བཞིའི་རྒྱལ་ཁག་གི་མཁས་པ་མང་པོའི་མཚན་འཁོད། བོན་ལ་ཞིབ་འཇུག་གནང་མཁན་ལ་ལས་ཀོང་རྩེ་འཕྲུལ་རྒྱལ་དེ་ཁུང་ཕུའུ་ཙི་མིན་པ་ནི་ཤེས་སླ་བ་ཡིན་ཞེས་གསུངས་ཀྱང་༼ཐུའུ་བཀྭན་གྲུབ་མཐའ༽ལས་ཁུང་ཕུའུ་ཙིའམ་ཁུང་ཙི་ཞེས་པ་ནི་བོད་ཀྱི་མི་རྣམས་ཀྱིས་རྒྱ་སྐད་ཀྱི་སྒྲ་ཇི་བཞིན་མ་ཐོན་པར་ཀོང་ཙེ་ཞེས་འབོད་པ་དེའོ་ཞེས་གསུངས། ཀོང་ཙེ་འཕྲུལ་རྒྱལ་དང་ལེག་ཏ་རྨང་པོ་ནི་ཀྲུང་གོའི་ལོ་རྒྱུས་ཁྲུན་ཆུའུ་ཀྲན་གོའི་དུས་རབས་ཀྱི་མཁས་པའི་གཙུག་རྒྱན་ཞིག་ཡིན་པ་ནི་རྒྱ་ཡིག་ཡིག་ཚགས་མང་པོས་ཁུངས་སྐྱེལ་ཐུབ་པ་ཞིག་རེད། དེ་བཞིན་སྟོན་པ་གཤེན་རབ་མི་བོ་ཆེ་དགུང་ན་སོན་པའི་སྐབས་སུ་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྲས་མོ་འཕྲུལ་བསྒྱུར་མ་ཁབ་ཏུ་བཞེས་ནས་གཤེན་བུ་འཕྲུལ་བུ་ཐུང་འཁྲུངས་ཞེས་སོགས་འཁོད། དེ་ལྟར་འདོད་ན་སྟོན་པ་གཤེན་རབ་འཁྲུངས་པའི་དུས་ཚོད་ནི་ད་ནས་བརྩིས་པའི་མི་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་བརྒྱའི་སྔོན་ཏེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དང་དུས་མཉམ་པ་ཞིག་དང་། གངས་ཅན་ས་མཐོའི་ལོ་རྒྱུས་འཕེལ་རིམ་གྱི་དུས་མཚམས་ཤིག་སྟེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་འཇུག་ཡིན་པར་ངེས། དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེ་དགུང་ལོ་བཅུར་རབ་ཏུ་བྱུང་། དགུང་ལོ་བཅོ་ལྔར་བཙུན་མོ་ཁབ་ཏུ་བཞེས། སྔ་རྗེས་སུ་ཧོས་བཟའ་རྒྱལ་མེད་དང་དབོས་བཟའ་ཐང་མོ། ལྷ་ཟ་གུང་དྲུག གསས་བཟའ་ངང་དྲུག ཀོང་ཁྲི་ལྕམ། འཕྲུལ་བསྒྱུར་མ་ཅེས་བཙུན་མོ་དྲུག་ཁབ་ཏུ་བཞེས་པ་ལས་གདུང་སྲས་དྲུག་དང་སྲས་མོ་གཉིས་འཁྲུངས། དགུང་ལོ་བཅོ་བརྒྱད་ཀྱི་དུས་སུ་དགུང་ལོ་བཅོ་བརྒྱད་ཀྱི་དུས་སུ་ཡབ་རྒྱལ་བློན་ཐོད་དཀར་གྱི་དྲུང་ནས་ཡབ་མེས་རྒྱུད་ཀྱི་བོན་རྣམས་གསན། རིག་གནས་སྤྱི་དང་ཁྱད་པར་དུ་ཕ་མེས་རྒྱུད་ཀྱི་བོན་གྱི་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེ་འཁོར་དང་བཅས་པ་ཞང་ཞུང་ནས་མཐའ་བཞི་ཡུལ་གྲུ་གང་སར་ཕེབས་ནས་གདུལ་བྱ་འགྲོ་བའི་དོན་དུ་མཛད་པ་རྒྱལ་ཆེར་སྤེལ། ལྷག་པར་དུ་བོད་རུ་བཞིར་ཞབས་བཅགས་ནས་བོད་ཀྱི་བོན་པོ་རྣམས་ལ་ལུང་ཕོག དེ་ནས་དགུང་ལོ་སོ་གཅིག་ལོར་ཁྱིམ་སྤངས་ནས་མེ་ཏོག་གླིང་དུ་ཕེབས། དགུང་ལོ་བརྒྱད་ཅུ་རྩ་གཉིས་ལ་ཕེབས་པའི་དུས་སུ་དགོངས་པ་མྱ་ངན་ལས་འདས། བོན་གྱི་དཔེ་རྙིང་འགའ་ཞིག་ཏུ་དབལ་བོན་རོམ་པོ་དང་། ཡོངས་བོན་གཏོ་རྒྱལ་དང་། ཁྲིན་བོན་ཕྱྭ་སངས་དང་། གཉེར་བོན་གཏོད་ཆེན་དང་། འོ་བོན་འབྲང་ཟུང་དང་། འཚམས་བོན་ཡོ་ཀྲུ་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པ་སོགས་ལ་གཞིགས་ན། གཤེན་རབ་མི་བོ་ཆེ་སྐུ་བལྟམས་པའི་དུས་སུ་བོན་ལུགས་མི་འདྲ་བ་མང་དུ་གནས་ཡོད་པ་ནི་ལུང་དང་རིག་པ་གཉིས་ཀས་བསྟན་ཐུབ་པ་ཞིག་རེད། །གཤེན་རབ་མི་བོ་ཆེས་ཕ་མེས་རྒྱུད་ཀྱི་བོན་རྣམས་ལ་རིག་ལམ་དཔྱད་ཐབས་ཀྱི་སྒོ་ནས་ལེགས་ཉེས་བླངས་དོར་གང་ཟབ་མཛད་དེ་གཞུང་ལུགས་དང་། ཆོ་ག གཏོ་དཔྱད་བཅས་ལྡན་པའི་བོན་གྱི་གཞུང་ལུགས་ཤིག་གསར་དུ་གཏོད་པ་དེར་དམིགས་སུ་བཀར་ནས་གཡུང་དྲུང་བོན་ཞེས་འབོད། གཡུང་དྲུང་བོན་ཞེས་པའི་གོ་དོན་ནི་༼མདོ་གཟེར་མིག༽ལས་གཤེན་རབ་ཀྱིས་བཀའ་བསྩལ་པ། གཡུང་ཞེས་བྱ་བ་དོན་ལས་མ་ཡེངས་པ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། བོན་ཞེས་བྱ་བ་དབྱིངས་ཉེད་བརྡལ་བའི་ཀློང་༼ཤོག་གྲངས་༡༩༠༽ཞེས་གསུངས། དེ་ཐོག་ནས་གཤེན་རབ་མི་བོ་ཆེའི་སྐུ་དུས་སུ་གདོད་མའི་བོན་གྱི་རང་འབྱུང་ཆོས་ལུགས་ཀྱི་རྣམ་པ་དེར་རྩ་བའི་རང་བཞིན་ལྡན་པའི་འགྱུར་ལྡོག་བྱུང་སྟེ་གངས་ཅན་ཡུལ་དུ་ཆོས་ལུགས་རིགས་གནས་དར་ཁྱབ་ཤུགས་ཆེ་བྱུང་བ་གསལ་པོར་རྟོག་ཐུབ། དེས་ན་གཤེན་རབ་ཀྱི་གཡུང་དྲུང་བོན་གྱི་གཞུང་ལུགས་གང་དང་གང་གསར་དུ་བཏོད་པའི་སྐོར་བོན་གྱི་ཆོས་འབྱུང་དེབ་ཐེར་ཁག་ལ་མང་དུ་བཀོད་ཀྱང་གཞུང་ལུགས་དེ་རྣམས་འདིར་རེ་རེ་བཞིན་བརྗོད་པར་དཀའ་ཞིང་ད་ལྟ་གཡུང་དྲུང་བོན་གྱི་ལྟ་བ་དང་། གཞུང་ལུགས། གཏོ་ཐབས་སོགས་རགས་ཙམ་བཀོད་པ་འདི་ལྟར་ལགས་སོ།
Re:བོད་ཀྱི་རིག་གནས་རྣམ་བཤད་ལས་བོན་གྱི་སྟོན་པའི་འཁྲུངས་རབས། | 2018/3/2 9:25:13
སྐུ་མགྲོན་w06Evi(སྐུ་མགྲོན)ཉོག་བཤད་ཏག་ཏག་བྱས་ནས་བསྡད་ཡོད་གི མཁས་པ་སུའི་གསུངས་རེད། ཡང་འཁྱིག་བརྗོད་བྱས་འདུག
རྩོམ་པ་པོ།:སྐུ་མགྲོན་w06Evi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་ཀྱི་རིག་གནས་རྣམ་བཤད་ལས་བོན་གྱི་སྟོན་པའི་འཁྲུངས་རབས། | 2011/12/5 15:35:38
སྐུ་མགྲོན་wbr1VI(སྐུ་མགྲོན)འདི་ལྟ་དུ་ཞིག་ཡིན་སེམས་ནས་མ་དྲན།
རྩོམ་པ་པོ།:སྐུ་མགྲོན་wbr1VI(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་ཀྱི་རིག་གནས་རྣམ་བཤད་ལས་བོན་གྱི་སྟོན་པའི་འཁྲུངས་རབས། | 2011/12/2 12:52:16
yongdromབན་ནག་ཚང་ལགས་ངས་དེ་ལྟར་ཐོག་མར་རབ་ཏུ་བྱུང་བ་དང་རྗེས་སུ་ཁབ་བཞེས་པ་སོགས་ཀྱི་མཛད་པ་བསྐྱོངས་པའི་སྐོར་ཞིག་སྟོན་པ་གཤེན་རབས་ཀྱི་མཛད་རྣམ་རྒྱས་འབྲིང་སྡུས་གསུམ་དག་གི་ནང་ནས་མཐོང་མྱོང་མེད་ལ། དེ་ལྟར་བཤད་པའི་སྐོར་ཞིག་ཡོད་ཚོད་མ་རེད། འོན་ཀྱང་རྩོམ་འདི་དྲྭ་སྟེང་དུ་སྤེལ་དགོས་པའི་རྒྱུ་མཚན་དེའི་རིགས་ཀྱི་གནས་ཚུལ་དག་ཤེས་རྟོགས་བྱུང་བའི་ཆད་དུ་འདིར་བཀོད་པ་ཡིན།
Re:བོད་ཀྱི་རིག་གནས་རྣམ་བཤད་ལས་བོན་གྱི་སྟོན་པའི་འཁྲུངས་རབས། | 2011/12/2 11:23:35
སྐུ་མགྲོན་uYPc62(སྐུ་མགྲོན)དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེ་དགུང་ལོ་བཅུར་རབ་ཏུ་བྱུང་། དགུང་ལོ་བཅོ་ལྔར་བཙུན་མོ་ཁབ་ཏུ་བཞེས། སྔ་རྗེས་སུ་ཧོས་བཟའ་རྒྱལ་མེད་དང་དབོས་བཟའ་ཐང་མོ། ལྷ་ཟ་གུང་དྲུག གསས་བཟའ་ངང་དྲུག ཀོང་ཁྲི་ལྕམ། འཕྲུལ་བསྒྱུར་མ་ཅེས་བཙུན་མོ་དྲུག་ཁབ་ཏུ་བཞེས་པ་ལས་གདུང་སྲས་དྲུག་དང་སྲས་མོ་གཉིས་འཁྲུངས། ཞེས་པ་འདིའི་ནང་དུ་ཕར་ཆེར་གཤེན་རབ་རབ་ཏུ་བྱུང་རྗེས་བཙུན་མོ་བཞེས་པར་བཤད་མི་འདུག་གམ། དེ་གནས་ཚུལ་ཅི་ཞིག་ལ་དགོངས་པ་རེད། བན་ནག་ཚང་གིས།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ལན་བཏབ་ཟིན།
རྩོམ་པ་པོ།:སྐུ་མགྲོན་uYPc62(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.