ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང། | 2013/10/23 15:16:00

རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང།

 སྤྱིར་ལོ་རྒྱུས་ཤིག་གི་ཐོག་དབུས་བར་གསུམ་ཆ་ཚང་པར་གླེང་དགོས་ནས་དཔྱད་ཡིག་འཚོལ་བསྡུ་དང་། མིག་མཐོང་ལག་ཟིན་གྱི་རྒྱུས་ལོན་སོགས་ཀྱིས་མཚོན་པའི་སྔོན་འགྲོའི་གོ་རིམ་མང་པོ་ཞིག་བརྒྱུད་དགོས་པ་རེད། ད་ལྟའི་ལོ་རྒྱུས་ཡིག་ཚང་དག་གི་ཁྲོད་དུ་རྐོང་རྗེ་དཀར་པོའི་སྐོར་ནས་ཕྱོགས་ཙམ་དང་རེ་ཞིག་ལས་མ་བྱུང་སྟབས་འདིར་དཔྱད་ཡིག་གི་ཁ་བྱང་གི་ཟུར་གཅིག་ན་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་ཅེས་པའི་ཚིག་འབྲུ་འདི་དག་བེད་མི་སྤྱོད་ཐབས་མེད་དུ་ཆགས་པ་ཡིན། དེ་ཡང་རྐོང་རྗེ་དཀར་པོ་ནི་སྔར་བོད་ཀྱི་རྒྱལ་ཕྲན་སིལ་མའི་ས་ཁོངས་སུ་གཏོགས་པའི་རྐོང་བྲེ་སྣ་ཞེས་པ་དེར་གདན་གཞིས་བཟུང་བའི་རྒྱལ་པོ་ཞིག་ལ་ངོས་འཛིན་ཆོག་པ་རེད། འདིའི་སྐོར་ནི་བོད་རིག་པའི་དཔྱད་བརྗོད་འགའ་རེ་དང་འདྲ་བར་ཐ་སྙད་དང་དོན་གཉིས་ཀྱི་སྐོར་ནས་གླེང་རྒྱུ་ཡོད་པ་ཡིན།།

སྤྱིར་རྐོང་རྗེ་དཀར་པོ་ཞེས་པའི་མིང་འདིའི་ངོས་ནས་བཤད་པ་ཡིན་ན་འབྲི་སྲོལ་གང་མང་ཞིག་ལོ་རྒྱུས་རྣམས་སུ་འབྱུང་གི་ཡོད་པས་གནའ་ནས་ད་བར་གཅིག་བསྒྱུར་ཞིག་ཀྱང་བྱུང་མེད་ཅེས་བཤད་ན་ཆོག རྐོང་རྗེ་དཀར་པོ་འམ་རྐོང་རྗེ་ཀར་པོ་ཞེས་པའི་འབྲི་སྲོལ་འདི་གཙོ་བོ་གནའ་དུས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་བྱུང་ཞིང་། མིང་ཚིག་རྐོང་རྗེ་དཀར་པོའམ་རྐོང་རྗེ་ཀར་པོ་ཞེས་པ་འདི་གཙོ་བོ་དུས་རིམ་གྱི་ཆ་ནས་བཤད་ན་གནའ་སྔ་མོའི་དཔེ་རྙིང་ཕལ་ཆེ་བ་ལས་ཐ་སྙད་འདི་དག་བཀོལ་སྤྱོད་བྱས་ཡོད། ཕྱིས་བྱུང་གི་ལོ་རྒྱུས་རྣམས་དང་ལྷག་ཏུ་ཆོས་ཕྱོགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཡིག་ཚགས་ཕལ་ཆེ་བར་རྐོང་རྗེ་ཞེས་པའི་རྐོང་གི་ར་མགོ་དེ་བཅད་ནས་ཀོང་རྗེ་དཀར་པོ་ཞེས་བྲིས་ཡོད་པ་རེད། ཏུན་ཧོན་ཡིག་ཆ་དང་། རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་སོགས་ཀྱི་ངོས་སུ་སྐབས་འགར་རྐོང་རྗེ་དཀར་པོ་དང་། རེ་ཞིག་རྐོང་རྗེ་ཀར་པོ་ཞེས་བྲིས་ཡོད་པས་རྐོང་རྗེ་ཞེས་ར་མགོ་སྦྱར་བ་གཅིག་ཏུ་མཚུངས་ཀྱང་མཐར་དཀར་པོ་དང་ཀར་པོ་ཞེས་པའི་ཐ་སྙད་གཉིས་ལ་ད་སྔོན་འཇུག་ཡོད་མེད་ཀྱི་ཁྱད་ཅུང་ཟད་ཡོད་པ་ཡིན། རེད་དེ་ཐ་སྙད་དེ་གཉིས་གང་དེ་ཁུངས་བཙུན་མིན་གྱི་ངོས་འཛིན་དེ་ཙམ་མི་བདེ་པ་ཞིག་རེད། མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་ལེའུ་སུམ་ཅུ་རྩ་དགུ་པའི་ནང་དུ་རྐོང་རྗེ་དམར་པོ་དཀར་པོ་ཡིན་ཞེས་འཁོད་གསལ་ལྟར་ན་ད་ཕྱིན་རྐོང་རྗེ་དཀར་པོ་ཞེས་བྲིས་ན་མི་ལེགས་སམ་སྙམ་པ་ཡིན། བོན་ལུགས་ཀྱི་མདོ་གཟེར་མིག་ནང་དུ་ཡང་རྐོང་རྗེ་དཀར་པོ་དང་དམར་པོ་ཞེས་པའི་མིང་ཙམ་ཞིག་ཀྱང་བྱུང་ཡོད་ལ།ལོ་རྒྱུས་གཞན་པ་རྣམས་སུ་རྐོང་རྗེ་དམར་པོ་ཞེས་པ་ཞིག་མཐོང་རྒྱུ་ཆེས་ཉུང་ཉུང་ཞིག་ཏུ་གྱུར་ཡོད།  རྐོང་རྗེ་དཀར་པོ་ཞེས་པའི་མིང་འདི་རྐོང་པོའི་ཡུལ་གྱི་རྒྱལ་པོ་གཅིག་ཙམ་གྱི་མིང་མིན་པར་ཡུལ་རྐོང་ཡུལ་ན་མངའ་མཛད་ཅིང་རྐོང་བྲེ་སྣར་གདན་གཞིས་བཟུང་པའི་རྒྱལ་རབས་གང་མང་གི་སྤྱི་མིང་ཞིག་ཡིན་པ་རེད། དེ་ཡིན་པ་གང་གིས་ཤེས་ཞེ་ན་སྟོན་པ་གཤེན་རབ་དང་བདུད་ཁྱབ་པ་གཉིས་རྫུ་འཕྲུལ་རྩལ་འགྲན་གྱི་སྐབས་སུ་བྱུང་བའི་རྐོང་རྗེ་དང་། གྲི་གུམ་གྱི་སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་ལས་རྐོང་ཡུལ་ལ་མངན་མཛད་པའི་ཉ་ཁྲི། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་རྐོང་པོའི་རྗེ་བོ་སོགས་རྐོང་རྗེ་འགའ་ཞིག་ལ་རྐོང་རྗེ་དཀར་པོ་ཞེས་པའི་མིང་འདི་བཏགས་ཡོད་པ་དེ་དག་གིས་ར་སྤྲོད་ནུས་པ་ཞིག་རེད། དེ་འདྲ་ཡིན་པས་ན་སྤྱིར་རྐོང་རྗེ་དཀར་པོ་ཞེས་བྱ་བའི་མིང་འདི་ཡུལ་གྲུ་ག་གེ་མོ་ཞིག་གི་རྒྱ་རབས་རིམ་པར་བྱོན་པ་ཀུན་ལ་དབང་བའི་ཐ་སྙད་གཅིག་ཡིན་པ་ལས་རྒྱ་པོ་རེ་རེ་ཞིག་གིས་སྒེར་བདག་བྱས་པའི་ཐ་སྙད་ཅིག་མ་ཡིན་པར་དོན་གྱིས་གྲུབ་བསྡད་པ་ཞིག་ཏུ་ངེས།

གཤམ་ནས་རྐོང་རྗེ་དཀར་པོ་ཞེས་པའི་དོན་གྱི་ཆ་ནས་རེ་ཞིག་གླེང་བར་བྱ། སྤྱིར་རྐོང་རྗེ་དཀར་པོ་ཞེས་གླེང་ཚེ་ཞང་བོད་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་མི་ཉུང་བ་ཞིག་དང་འབྲེལ་བ་བྱས་ནས་གླེང་དགོས་པ་ཞིག་ཏུ་ཆགས་ཡོད་ཅིང་། ཏུན་ཧོང་ཡིག་ཆ་རེ་འགའི་ཁྲོད་དུ་སྤུ་རྒྱལ་བཙན་པོའི་གོང་གི་རྒྱལ་ཕྲན་སིལ་མའི་སྐོར་བསྟན་པའི་སྐབས་སུ་ཡུལ་རྐོང་ཡུལ་བྲེ་སྣར་ན། རྗེ་རྐོང་རྗེའྀ་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས་ཞེས་པ་ཞིག་གསལ་ཡོད།དེའི་དབང་གིས་རྐོང་རྗེ་དཀར་པོ་འདི་དང་ཐོག་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་མིན་གང་ལྟར་ཀྱང་གནའ་བོའི་བོད་ཡུལ་གྱི་རྒྱལ་ཕྲན་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་པ་ཞིག་རེད། གོང་དུ་ཏུན་ཧོང་ཡིག་ཆའི་ཚིག་འཁོར་གསུམ་གྱི་ནང་དུ་གསལ་བའི་རྐོང་ཡུལ་བྲེ་སྣ་ཞེས་པ་དེ་བོན་རིའི་དཀར་ཆག་ལྟར་ན་གྲི་གུམ་བཙན་པོའི་འདས་མཆོད་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་གྲགས་པའི་གནས་དེ་ཡིན་ཞིང་།བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་ཁག་གིས་གཙོས་པའི་བོད་ཀྱི་ལོ་རྒྱུས་རྣམས་སུ་འཁོད་པའི་འདུ་གནས་སོ་བདུན་གྱི་སྐབས་སུ་དབུས་རུ་ན་བཅུ་གསུམ་དང་། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལག་ན་དགུ་ཞེས་གསལ་བའི་གྲས་ཀྱི་གཡོན་རུའི་འདུ་གནས་བདུན་གྱི་ནང་ཚན་ཞིག་ཀྱང་རེད། དེ་ལྟར་རྐོང་བྲེ་སྣ་ཞེས་པའི་མིང་ཟུར་གྱི་བྲེ་སྣ་ཞེས་པའི་འབྲི་སྲོལ་དེ་ཏུན་ཧོང་ཡིག་རྙིང་དང་། གཏམ་ཡུལ་དགའ་ཐང་ནས་གསར་རྙེད་བྱུང་བོན་གྱི་གནའ་དཔེ་ཕྱོགས་བསྒྲིགས། བཀའ་གཙིགས་བྲག་བརྐོས་མ་སོགས་བོད་ཀྱི་ལོ་རྒྱུས་ཕལ་ལས་སྤྱི་རྒྱུག་དང་གཅིག་མཐུན་ལྟ་བུར་གྱུར་ཡོད་ནའང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དཔེ་ཆ་འགའ་ཞིག་ཏུ་ཀོང་ཡུལ་སྤྲེ་སྣ་ཞེས་གསལ་ཞིང་། ཤོད་སྲོལ་ལ་སྔར་བོད་མི་རིགས་རྣམས་ཀྱི་མེས་པོ་སྤྲེའུ་དེ་དག་རྣམས་ལྷོ་ཁ་ཁུལ་ནས་ཀོང་པོའི་ཡུལ་དུ་འཕོས་ཏེ་འཚོ་བ་སྐྱེལ་བ་ཡིན་སྟབས་སྤྲེ་སྣའི་ལྗོངས་ཞེས་ཐོག་པ་ཡིན་ཟེར་སྲོལ་འདུག་ཅེས་གསུངས་པ་བཞིན་ལོ་རྒྱུས་རེ་འགར་སྤྲེ་སྣ་ཞེས་འབྲི་དགོས་པའི་སྐོར་ནས་དཔྱད་བརྗོད་བྱས་ཡོད། འོན་ཀྱང་མདོ་གཟེར་མིག་ལྟར་ན་རྐོང་རྗེ་དཀར་པོས་སྟོན་པ་གཤེན་རབ་ལ་ཆལ་གྱི་དང་པོ་དང་། ཆལ་གྱི་འབྲིང་པོ། ཆལ་གྱི་ཐ་མ་སོགས་ཕུལ་བའི་གྲས་ཀྱི་ཆལ་འབྲིང་པོ་དེ་རྐོང་ཡུལ་བྲེ་སྣ་རུ་གསེར་བྲེ་ཡིས་བཅལ་ནས་ཕུལ་བ་དང་། གཡུ་བྲེ་ཡིས་བཅལ་ནས་ཕུལ་བ་སོགས་ནོར་རྫས་སྣ་ཚོགས་བྲེ་ཡིས་བཅལ་ནས་ཕུལ་བར་བཤད་ཅིང་། དེའི་རྒྱུ་མཚན་གྱིས་ཡུལ་དེའི་མིང་དུ་རྐོང་ཡུལ་བྲེ་སྣ་ཞེས་ཐོག་པ་མིན་ནམ་སྙམ་པ་ཡང་རེ་འགའ་བྱུང་ཞིང་མཐའ་གཅིག་ཏུ་ཐག་གཅོད་མི་ནུས་སོ། །སྐབས་དེ་ཤད་དུ་གཤེན་གྱི་མདའ་ཕྱུང་ཤུལ་ནས་ཆུ་མིག་རྡོལ་བས་དེའི་མིང་དུ་མདའ་དྲངས་ཆུ་མིག་ཏུ་བཏགས་པ་དང་། བདུད་ཀྱི་སླུ་བ་མོ་རྣམས་ལ་ཕྱག་གིས་ཐལ་མོ་ཞིག་བརྡབ་པས་རྒན་མོ་སེ་མོ་བརྒྱར་སོང་བ་དེ་དག་དགེ་བའི་ལས་ལ་བཙུད་པས་ཡུལ་དེའི་མིང་སེ་མོ་བོན་ཐང་དུ་བཏགས་པའི་སྐོར་དྲི་མེད་གཟི་བརྗིད་ལས་གསུངས་པ་ལྟར་ཡུལ་རྐོང་པོའི་ས་མིང་འགའ་སྟོན་པ་གཤེན་རབ་དང་རྐོང་རྗེ་དཀར་པོ་སོགས་ཀྱི་མཛད་པའི་གོ་རིམ་རེ་ཞིག་གིས་ཐོག་པ་ཡང་སྣང་བས་གོང་དེ་རྒྱུ་མཚན་མེད་པ་ཞིག་ཀྱང་མ་ཡིན་ནོ། །རྐོང་རྗེ་དཀར་པོའི་འདས་ཟིན་པའི་ལོ་རྒྱུས་ཀྱི་མགོ་ཁུངས་གང་ལ་ཐུག་ཡོད་མེད་ནི་སྤྱི་ལོའི་གོང་གི་དུས་རབས་འདི་ཞེས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་ནས་དཀའ་ཁག་ཆེན་པོ་ཞིག་ཡིན་སྲིད། རེད་དེ་ད་སྐབས་ཀྱི་དཔྱད་གསར་རེ་ཞིག་ནས་རྐོང་རྗེ་དཀར་པོ་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ལས་བྱུང་བ་དང་། དྲི་གུམ་བཙན་པོའི་གདུང་ལས་ཆད་པར་སྨྲ་བཞིན་རྗེ་བོ་འདིའི་ལོ་རྒྱུས་ཀྱི་མགོ་ཁུངས་ཡང་དག་ཅིག་མ་རྙེད་པའི་གནས་ཚུལ་ཞིག་འབྱུང་གིན་ཡོད་པ་རེད། སྐབས་འདིར་བརྗོད་དགོས་པ་ནི་གཙོ་བོ་གནད་དེ་དག་ཡིན་པས་ཏུན་ཧོང་ཡིག་ཆ་སོགས་དུས་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར་ཁག་ལས་འཕྲོས་ཏེ་བརྗོད་དོན་དེའི་སྐོར་ནས་གླེང་བར་བྱ་བ་ལ། སྐབས་འདིར་ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེའྀ་ཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས།ཞེས་པ་དང་། ཀོང་ཡུལ་བྲེ་སྣ་ཀོང་རྗེ་དཀར་པོ་ཏུག་དང་མཁར་པ་བློན།ཞེས་པའི་ཚིག་འཁོར་འདི་དག་འདྲེན་པར་བྱ། ལུང་འདྲེན་ཚིག་འཁོར་དང་པོ་དེ་ཏུན་ཧོན་ཡིག་ཆ་སོགས་ཀྱི་ཁྲོད་དུ་བོད་ཀྱི་རྒྱལ་ཕྲན་གྱི་སྐོར་བསྟན་སྐབས་སུ་བྱུང་བའི་ཚིག་ཅིག་ཡིན་ལ། ཚིག་རྐང་གཉིས་པ་དེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཏེ་གཅིག་དགུ་བཞི་བཅུ་ཞེ་ལྔ་ལོར་དཔའ་བོ་གཙུག་ལག་འཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་རྒྱལ་ཕྲན་སིལ་མ་བཅུ་གཉིས་གྲངས་འདྲེན་གྱི་སྐབས་སུ་བྱུང་བའི་ཚིག་ཅིག་རེད། དེ་དག་འདྲ་བའི་རྒྱལ་རབས་དང་བོད་འབྲེལ་གྱི་བསྟན་བཅོས་རེ་ཞིག་གོ་བསྡུར་ནས་ཡོང་ན་རྐོང་རྗེ་དཀར་པོའི་ལོ་རྒྱུས་འདིའི་ཕུགས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སྐབས་ཙམ་དུ་ཡར་འདེད་ཐུབ་པ་ནི་སྨོས་མི་དགོས་པ་རེད་ལ། སྐབས་དེ་ཤད་དུ་རྐོང་རྗེ་དཀར་པོ་ཞེས་པའི་ཐ་སྙད་ཡོད་པ་འང་གོང་གི་ལུང་ཚིག་གཉིས་ཀྱིས་ཤེས་ཐུབ་པ་ཞིག་ཀྱང་རེད། གཡུང་དྲུང་བོན་པོའི་ཆོས་གཞུང་རེ་ཞིག་ལས་རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་དུས་རིམ་སྔོན་མའི་གནས་ཚུལ་འཆད་པར་གལ་ཆེ་བའི་གནས་ཚུལ་རེ་ཞིག་འབྱུང་གི་ཡོད་པ་ཡིན་ཞིང་། འདིར་དེའི་སྐོར་གཙོ་བོ་རིག་འཛིན་ཀུན་གྲོལ་གྲགས་པས་སྤྱི་ལོ་གཅིག་སྟོང་བཞི་བརྒྱ་བདུན་ཅུ་ཐམ་པ་ལོར་བརྩམས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ལས་བྱུང་བའི་སྟོན་པའི་རྟ་བདུན་ལྷ་རྟ་གེ་རུ་དང་། །གསས་རྟ་མཚལ་བུ་རྒོད་རྟ་གསེར་ལོ་དང་། །གནམ་རྟ་གྱི་ལིང་གར་རྟ་དུང་མདོག་དང་། །དབང་རྟ་ཤུགས་ཅན་ཆིབས་ཀྱི་འབྲུག་རྟ་སྔོན།།ཞེས་པའི་རྟ་བདུན་གྱི་གནས་ཚུལ་ལས་འཕྲོས་ནས་གླེང་དགོས་པ་ཡིན། རྒྱུ་མཚན་གང་གིས་ཡིན་ཟེར་ན་བདུད་ཁྱབ་པས་ཤོར་པ་རྐྱ་བདུན་བོན་གྱི་སྟག་གཟིག་འོལ་མོ་ལུང་རིང་དུ་གཤེན་གྱི་རྟ་བདུན་རྐུ་བར་གཏོང་ཞིང་། གཤེན་གྱི་རྟ་བདུན་བདུད་ལ་ཐོབ་རྗེས་རྐོང་རྗེ་དཀར་པོ་དང་འབྲེལ་བ་བྱས་ནས་རྐོང་མཁར་འོག་ཁང་སོགས་སུ་སྦས་ཞེས་པའི་གཏམ་རྒྱུད་ཅིག་གཤེན་རབ་མི་བོའི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་དང་། བོན་པོའི་བསྟན་བཅོས་འགའ་ལས་བྱུང་བས་རེད། གནད་དོན་དེའི་ཐོག་ནས་རྐོང་རྗེ་དཀར་པོའི་ལོ་རྒྱུས་ལ་བསམ་ནས་ཡོང་ཚེ་སྟོན་པའི་འཁྲུང་འདས་ལོ་ཚིགས་བོན་ལུགས་ལྟར་བྱས་ན་རྐོང་རྗེ་དཀར་པོའི་ལོ་རྒྱུས་མི་ལོ་གཅིག་ཁྲི་ལྷག་ནས་འགོ་བརྩམས་པར་བཤད་ཆོག དེ་འདྲའི་ལོ་རྒྱུས་ཀྱི་དོགས་གནད་ཁག་གླེང་བ་ལ་གཙོ་བོ་དོན་དམ་པའི་བོན་སྟོན་གཤེན་རབ་མི་བོའི་འཁྲུང་འདས་ལོ་ཚིགས་གཏན་འབེབས་ཚད་ལྡན་ཞིག་བྱེད་རྒྱུར་གལ་ཆེ་བ་ཡིན། བོན་སྟོན་གྱི་འཁྲུང་འདས་ལོ་ཚིགས་སྐོར་སྟབས་བདེའི་སྒོ་ནས་གཏན་ཚིགས་ཉེ་ཚེ་བ་ཞིག་སྟེ་བོན་གཞུང་ག་གེ་མོ་ཞིག་ལས་དེ་ལྟར་གསུངས་པའི་ཕྱིར་དང་། ཆོས་འབྱུང་ཆེ་གེ་མོ་ཞིག་ལས་འདི་ལྟར་བསྟན་པའི་ཕྱིར་ཟེར་བ་དེ་ཙམ་གྱིས་མི་ཡོང་པར་སྟོན་པ་ཁོང་གི་འཁྲུངས་ཡུལ་དང་། ཁོང་དང་འབྲེལ་ཡོད་ཀྱི་དཔྱད་གཞི་ཁུངས་བཙན་པོ་ཅན། དེ་ལས་མིང་ཙམ་གྱིས་མིན་པར་དོན་གྱི་ཆ་ནས་ཁོང་དང་དུས་མཉམ་དུ་ཞང་བོད་དང་ཞང་བོད་ཀྱི་མཐའ་འཁོར་རྒྱལ་ཁག་སོ་སོའི་མི་སྣ་གང་བྱུང་མིན་སོགས་ལ་དཔྱད་པ་ནན་གྱིས་བྱེད་དགོས་པ་རེད།

ད་ནི་བོད་ཀྱི་བཙན་པོའི་རིམ་བྱུང་གི་ལོ་རྒྱུས་དང་འབྲེལ་ནས་རྐོང་རྗེ་དཀར་པོ་གླེང་བའི་མཚམས་སླེབས་པ་ཡིན། བོད་རྒྱལ་གྲི་གུམ་གྱི་སྐབས་སུ་རྐོང་ཡུལ་བྲེ་སྣ་དང་རྐོང་རྗེ་དཀར་པོ་ཞེས་རྒྱལ་ཕྲན་སིལ་མའི་དུས་སྐབས་དང་འདྲ་བར་བོད་བཙན་པོའི་མངའ་རིས་སུ་མ་འདུས་པར་རྒྱལ་ཕྲན་གྱི་ཡུལ་ཞིག་གི་རྗེ་བོའི་ཚུལ་དུ་གནས་ཡོད། ལོ་ངམ་གྱི་ཐབས་ཤེས་སྣ་ཚོགས་ཀྱིས་གྲི་གུམ་བཙན་པོ་སྐུ་བཀྲོང་རྗེས་ཁོང་གི་སྲས་ཤིག་རྐོང་པོའི་རྗེ་བོར་གྱུར་པ་རེད། སྤྱིར་གྲི་གུམ་བཙན་པོ་ལ་སྲས་དུ་ཡོད་པ་དང་། དེའི་ནང་ཚན་གྱི་གང་དེ་རྐོང་རྗེ་ཡིན་པའམ། གང་དེ་བོད་ཀྱི་བཙན་པོར་བྱོན་པ་ནི་ལོ་རྒྱུས་ཁྲོད་ཀྱི་རྙོག་གྲ་ཞིག་ཏུ་གྱུར་ཡོད། ཏུན་ཧོང་ཡིག་ཆ་དང་གཡུང་དྲུང་འཛིན་གྱི་བྲག་བརྐོས་ཡི་གེ དེ་ལས་གཞན་གླིང་གཞི་བསྟན་པའི་བྱུང་ཁུངས་དང་ཤར་རྫའི་ལེགས་བཤད་མཛོད། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་སོགས་བོན་གྱི་བསྟན་འབྱུང་ཕལ་ལས་སྲས་གཉིས་དག་པོ་དང་རྐོང་པོ་སྤྱུག་པའི་ལོ་རྒྱུས་ལས་ལོ་ངམ་གྱིས་གྲི་གུམ་བཙན་པོའི་སྲས་གསུམ་ཕྱོགས་མཐར་སྤྱུག་པའི་ལོ་རྒྱུས་གཞི་ནས་བཀོད་མེད། གཅིག་སྟོང་སུམ་བརྒྱ་བདུན་ཅུ་དོན་དྲུག་ལོར་ཤཱཀྱ་རིན་ཆེན་སྡེས་བརྩམས་པའི་ཡར་ལུང་ཇོ་བོའི་ཆོས་འབྱུང་དང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བུ་སྟོན་ཆོས་འབྱུང་། རྒྱལ་རབས་གསལ་བའི་མེ་ལོང་། ཉང་རལ་ཆོས་འབྱུང་སོགས་བན་ལུགས་ཀྱི་ཆོས་འབྱུང་ཕལ་ལས་ཤ་ཁྲི། ཉ་ཁྲི། བྱ་ཁྲི་སོགས་གྲི་གུམ་བཙན་པོར་སྲས་གསུམ་ཡོད་པར་འདོད་པ་གཅིག་མཚུངས་ཡིན་ནའང་། དེ་དག་ལས་བུ་སྟོན་ཆོས་འབྱུང་དང་། དཔའ་བོ་གཙུག་ལག་འཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ཆོས་ཕྱོགས་ཀྱི་རྒྱལ་རབས་ཕལ་ཆེ་བ་ལས་བྱ་ཁྲི་སྤུ་ལྡེ་ཡིན་པར་བསྟན་པ་དང་། ལྡེའུ་ཆོས་འབྱུང་ནང་དུ་བྱ་ཁྲི་རྐོང་རྗེ་ཡིན་པར་བསྟན་པ་སོགས་མི་མཐུན་པ་རེ་འགའ་ཞིག་ཀྱང་བྱུང་ཡོད། ཕྱིས་སུ་དཔྱད་བརྗོད་པ་ཕལ་གྱིས་ཆབ་སྤེལ་ཚེ་བསྟན་ཕུན་ཚོགས་སོགས།ཏུན་ཧོང་ཡིག་ཆ་དང་གཡུང་དྲུང་འཛིན་གྱི་བཀའ་གཙིག་བྲག་བརྐོས་མ་སོགས་སུ་སྲས་གཉིས་ཀྱི་མཚན་ལས་མ་བྱུང་བས་ཤ་ཁྲི་དང་ཉ་ཁྲི་གཉིས་ལས་གཞན་གྲི་གུམ་གྱི་སྲས་ཤིག་མེད་པར་སྨྲའོ་ཞེས་ཟེར། འོན་ཀྱང་ཏུན་ཧོང་ཡིག་ཆ་དང་། རྡོ་རིང་ཡི་གེ་སོགས་སུ་དེའི་གནས་ཚུལ་མ་བྱུང་བ་ཙམ་གྱིས་དེ་མེད་པའི་སྒྲུབ་བྱེད་འགྲོ་དཀའ་བ་རེད། རེད་དེ་གནས་ཚུལ་འདིའི་སྐོར་ནས་རང་ཉིད་ཀྱིས་ཞིབ་འཇུག་ཅིག་བྱས་པའི་དབང་དུ་བྱས་ན་ཤ་ཁྲི་དང་བྱ་ཁྲི་གཉིས་བོད་མདོ་སྨད་ཨ་མདོ་བའི་ཁ་སྐད་ཀྱི་དབང་དུ་བྱས་ནས་སྒྲ་གདངས་ཧ་ཅང་ཐག་ཉེ་བ་ཞིག་རེད། དཔེར་ན་ཨ་མདོ་བས་བྱ་ཁྲི་ཞེས་པའི་མིང་དེ་བཀོལ་སྤྱོད་བྱས་ཚེ་ངག་ནས་ཞ་ཁྲི་འམ་ཡང་ན་ཤ་ཁྲི་ཟེར་བའི་སྒྲ་འདྲ་པོ་ཞིག་ཐོན་གིན་ཡོད། དེ་འདྲའི་བརྒྱུད་རིམ་ཞིག་ནས་བྱ་ཁྲི་དང་། ཤ་ཁྲི། ཉ་ཁྲི་སོགས་ཀྱི་མིང་གསུམ་བྱུང་བས་གྲི་གུམ་ལ་སྲས་གསུམ་ཡོད་པའི་འདོད་ཚུལ་དེ་བྱུང་བ་ཞིག་ཀྱང་མ་ཡིན་པའི་ངེས་པ་མེད། གཞན་ཡང་བན་ཕྱོགས་ཀྱི་ཆོས་འབྱུང་སྟེ་ཉང་རལ་ཆོས་འབྱུང་དང་། མཁས་པའི་དགའ་སྟོན། རྒྱལ་རབས་གསལ་བའི་མེ་ལོང་སོགས་བྱ་ཁྲི་དང་ཉ་ཁྲི། ཤ་ཁྲི་སོགས་གྲི་གུམ་ལ་སྲས་གསུམ་ཡོད་པའི་འདོད་ཚུལ་བྱུང་བའི་བསྟན་འབྱུང་ལོ་རྒྱུས་ཕལ་ཆེ་བ་ལས་ཏུན་ཧོང་དང་། བོད་བཙན་པོའི་བཀའ་གཙིགས་ཏེ་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དང་ཏུན་ཧོང་ཡིག་ཆ་སོགས་སུ་མ་བྱུང་བའི་བྱ་ཁྲི་ཞེས་པ་དེ་སྤུ་ལྡེ་ཡིན་པར་བཤད་པ་ནས་དེ་གསུམ་ལས་ཤ་ཁྲི་རྐོང་རྗེ་ཡིན་པར་བསྟན་པ་སོགས་ཏུན་ཧོང་དང་རྡོ་རིང་ཡི་གེའི་ནང་དོན་དང་འགལ་བར་སོང་བའི་གནས་ཚུལ་ཤིན་ཏུ་མང་བའམ། གྲི་གུམ་བཙན་པོའི་སྲས་མཆེད་གཉིས་ཡུལ་གཞན་དུ་སྤྱུག་པའི་གནས་ཚུལ་ལས་སྲས་གསུམ་ཡོད་པའི་གནས་ཚུལ་དང་བྱ་ཁྲིའི་ལོ་རྒྱུས་ཟུར་ཙམ་ཏུན་ཧོང་ཡིག་ཆ་དང་། བཀའ་གཙིགས་ཡི་གེ་གཉིས་ཀྱི་ངོས་སུ་བྱུང་མེད་པ་གཅིག་མཐུན་དུ་གྱུར་པ་སོགས་ཁྱད་ཆོས་འགའ་གོ་བསྡུར་ནས་ཡོང་ན་བྱ་ཁྲི་སྤུ་ལྡེ་ཡིན་པ་དང་། ཤ་ཁྲི་རྐོང་རྗེ་ཡིན་པར་བསྟན་པ་དེ་དག་ནི་ལོ་རྒྱུས་ཀྱི་ཟིན་ཐོ་རྫུན་མ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པར་སྙམ་པ་ཡིན། དོན་དུ་གྲི་གུམ་བཙན་པོའི་སྲས་གང་དེ་རྐོང་རྗེ་ཡིན་ནམ་ཞེ་ན། ཏུན་ཧོང་དང་བཀའ་གཙིགས་བྲག་བརྐོས་མ་སོགས་ལྟར་ན་དེ་ནི་ཤ་ཁྲི་དང་ཉ་ཁྲི་གཉིས་ལས་ཕྱི་མ་འདི་རྐོང་རྗེ་ཡིན་པ་དང་། དང་པོ་ཤ་ཁྲི་སྤུ་ལྡེ་གུང་རྒྱལ་ཡིན་ཞེས་ངོས་འཛིན་བྱེད་ཆོག འོན་ཀྱང་ཏུན་ཧོང་ཡིག་ཆ་དང་། བཀའ་གཙིགས་བྲག་བརྐོས་མ་གཉིས་ཀྱི་ནང་དུ་སྲས་མཆེད་གཉིས་ལས་གཅེན་གཅུང་གང་ཡིན་གྱི་ཐད་ནས་འགལ་ཟླའི་སྣང་ཚུལ་ཞིག་འབྱུང་གིན་ཡོད་པ་འདིས་ད་ཕྱིན་ཏུན་ཧོང་ཡིག་ཆ་དང་བཙན་པའི་སྐབས་ཀྱི་རྡོ་རིང་ཡོད་ཚད་འཁྲུལ་མེད་ཅིག་མིན་པར་ངོས་འཛིན་བྱེད་ཐུབ་པར་ར་སྤྲོད་བྱས་ཡོད། རྒྱལ་ཕྲན་འདི་ནི་ཏུན་ཧོང་ཡིག་ཆ་༡༠ལྟར་ན་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་བོད་བཙན་པོའི་མངའ་སྡེར་གྱུར་པ་ཡིན་ཞིང་། དེ་རྗེས་སྲོང་བཙན་སྒམ་པོའི་སྐུ་ཚེའི་སྟོད་དྭགས་མྱོང་རྐོང་གསུམ་ངོ་ལོག་པ་དང་། ཕྱིས་སུ་རྒྱལ་ཕྲན་དེ་དག་སླར་བཙན་པོའི་མངའ་འོག་ཏུ་བཅུག་ནས་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་རིང་དུ་ཉང་པོ་དང་རྐོང་པོ་གཉིས་ལ་རྒྱལ་ཕྲན་གྱི་ཐོབ་ཐང་སྤྲད་ཡོད་ཅེས་དེའི་སྐོར་ཞིབ་རྒྱས་སུ་མདའ་དང་འཕང་ལས་གསལ་བར་བསྟན་ཡོད།༡༡མཁའ་རྨེའུ་བསམ་གཏན་གྱིས་བཞེད་པ་ལྟར་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱིས་རྐོང་དཀར་པོ་ལ་རྐོང་རྗེ་དཀར་པོའི་ཁྲི་ལ་དེའི་བུ་རབས་ཚ་རྒྱུད་ལས་གཞན་མི་བསྐོ་བ་དང་། གལ་སྲིད་དེའི་རྒྱུད་པ་ཆད་ན་རྐོང་རྗེ་དཀར་པོའི་ཁྲི་བསྐོས་ཀྱི་བྱ་བ་རྣམས་གོང་མའི་ཞལ་ཆིམས་ལྟར་དུ་སྒྲུབ་ཚུལ། གཞན་རྗེས་ཕྱོགས་སུ་རྐོང་རྗེ་དཀར་པོའི་བྲན་གཡོག་དང་། ས་ཞིང་། འབྲོག་ཟོག་བཅས་ཉུང་འཕྲི་རུ་མི་གཏོང་པར་བོད་ཆེན་པོའི་རྗེ་བློན་གྱི་ངོས་ནས་ཞལ་བཞེས་གནང་བའི་སྐོར་གྱི་ནང་དོན་འཁོད་པའི་བཀའ་གཙིགས་ཡི་གེ་གནང་ཡོད་པའི་སྐོར་སོགས་རྒྱུན་མཚན་གཞན་རྣམས་གུང་བསྒྲིགས་ནས་ཡོང་ན་ཏུན་ཧོང་ཡིག་ཆ་ལྟར་སྤྱི་ལོའི་དུས་རབས་བརྒྱད་པ་ནས་རྐོང་རྗེ་དཀར་པོས་རྒྱལ་ཕྲན་གཞན་དང་མི་འདྲ་བར་དམིགས་བསལ་ཅན་གྱི་གོ་གནས་བཟུང་ཡོད་པ་རེད་ཅེས་བཤད་ན་མི་ཆོག་པ་མེད། དེ་ནི་གཅིག་ན་རྐོང་རྗེ་ཉ་ཁྲི་ནས་བཟུང་སྟེ་སྤུ་རྒྱལ་བཙན་པོ་དང་རྐོང་རྗེའི་བར་ན་གཉེན་ཉེའི་འབྲེལ་བ་གཏིང་ཟབ་པས་ཀྱང་ཡིན་ཆོག་ཅེས་པ་འདི་དག་ནི་ཉེ་ལམ་སྟོན་པ་གཤེན་རབ་རྐོང་རྗེ་དཀར་པོ་དང་དུས་མཉམ་དུ་བྱོན་པ་དང་རྐོང་རྗེ་དཀར་པོ་ནི་གྲི་གུམ་གྱི་སྲས་ཤིག་ཡིན་པས་བོན་སྟོན་ཁོང་སྤུ་ལྡེ་གུང་རྒྱལ་གྱི་དུས་སྐབས་དེའི་མི་སྣ་ཞིག་ཡིན་པར་རྒྱལ་རབས་གསལ་མེ་སོགས་ལས་བཤད་པ་དོན་དང་གནས་འདུག་པ་ཞིག་མ་ཡིན་ནམ་ཞེས་པ་དང་། རྐོང་དཀར་གྲི་གུམ་བཙན་པོའི་སྲས་རྒྱུད་ཅིག་ཡིན་པས་རྐོང་རྗེ་དཀར་པོ་སྤུ་རྒྱལ་གྱི་སྲས་རྒྱུད་ཡིན་ཞེས་པ་སོགས་ལོ་རྒྱུས་ཀྱི་གོ་འཛོལ་ཁ་ཤས་གསར་དུ་བརྗེ་བའི་ཆེད་དུ་དམིགས་ནས་རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང་ཞེས་པའི་མཇུག་རེ་ཞིག་བསྡུས་ཟིན་པ་འོ།། །།

དཔྱད་གཞིར་གཙོ་བོར་གྱུར་པའི་ལུང་འདྲེན་ཡིག་ཆའི་མཚན་བྱང་།

༡བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་ཐེངས་དང་པོའི་དྲི་མེད་གཟི་བརྗིད་པོད་བརྒྱད་པའི་ཤོག་གྲངས་༣༠༩ལས་གསལ།

༢ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་པར་དུ་བསྐྲུན་པའི་མདོ་གཟེར་མིག་གི་ཤོག་གྲངས་༤༩༢ལས་གསལ།

༣བོད་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་བློ་གསར་སྟོང་གི་འཇུག་སྒོའི་ཤོག་གྲངས་༡༠༨ལས་གསལ།

༤ཁོ་བོས་གསར་རྙེད་བྱུང་བའི་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་འཕྲེང་བ་ཤིང་དཔར་མའི་ཤོག་གྲངས་བཅུ་བཞི་པ་ལས་གསལ།

༥དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་ཐེངས་དང་པོའི་ཤོག་གྲངས་༡༠༢་ལས་གསལ།

༦བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་ཐེངས་དང་པོའི་པོད་བརྒྱད་པའི་ཤོག་གྲངས་༣༢༠-༣༢༤བར་གསལ།

༧ མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་བློ་སྟོང་གི་འཇུག་སྒོའི་ཤོག་གྲངས་༡༠༩ལས་གསལ།

༨མི་རིགས་དཔེ་སྐྲུན་ཁང་གི་དཔར་དུ་སྐྲུན་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཤོག་གྲངས་༨༤ལས་གསལ།

༩གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༢༩༨ལས་གསལ།

༡༠ བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་དང་པོའི་ཤོག་གྲངས་༡༢༣ལས་གསལ།

༡༡མདའ་དང་འཕང་སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་གཞི་གཉིས་པའི་ཤོག་གྲངས་༤༣༤-༤༣༥བར་གསལ།

Re:རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང། | 2013/10/28 22:26:26
Khyungངོ་མ་ཡག་མོ་གདའ།
Re:རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང། | 2013/10/28 19:19:18
སྐུ་མགྲོན་1Jal1P(སྐུ་མགྲོན)གང་བྱས་ཀྱང་དེ་སྔོན་རྐོང་རྗེ་དཀར་པོ་གླེང་མ་མྱོང་བས་ལམ་ཁ་གསར་པ་ཞིག་བསྟན་ཡོད་ཀི།གངས་གཡག
རྩོམ་པ་པོ།:སྐུ་མགྲོན་1Jal1P(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང། | 2013/10/25 15:18:28
སྐུ་མགྲོན་HLCn1R(སྐུ་མགྲོན)རྩོམ་འདི་སེང་རྡོར་དྲྭ་བའི་གི་རྙོག་དྲ་ཆེ་ཤོས་དེ་ཡིན་འདུག་གདའ། ཡིན་ན་རྩོམ་པ་པོས་ཨུ་ཚུགས་ཀྱིས་དཔྱད་ནས་བྲིས་པ་ཞིག་དུས་བལྟ་རིན་ལུས་ཡོད་དགའ་བསུ་ཡོད། དྲྭ་འབུ་ནས།
རྩོམ་པ་པོ།:སྐུ་མགྲོན་HLCn1R(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྐོང་རྗེ་དཀར་པོའི་ལོ་རྒྱུས་ཀྱི་སྣེ་ཟུར་རེ་ཞིག་གསར་དུ་དཔྱད་པའི་གཏམ་གླེང། | 2013/10/23 18:38:28
wangjiaབཀླགས་ཟིན།ཡི་རང་ཡོད་ལགས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.