བོན་བཤད།
དམུ་རིགས་ལྷ་བོན་ཐོད་དཀར་རྒྱལ་པོ་ཡིས།།
ཡོ་ཕྱི་རྒྱལ་བཞད་ལྕམ་དུ་བཞེས་པ་ལས།།
ནུབ་ཕྱོགས་འོལ་མོ་ལུང་གི་ཞིང་ཁམས་ན།།
གཤེན་རབ་མི་བོ་མགོན་གྱི་བོན་སྐལ་བཞག །
གཡུང་དྲུང་བོན་ཉིད་ཆུ་ཞིག་ཡིན་གྱུར་ན།།
ཐོག་མའི་མཆེད་ཁུང་དེ་ཡང་དེ་ལ་ཐུག །
མ་ཡིན་སྐྱེས་དང་གྲུབ་པ་གང་ལགས་ཀྱང་།།
སྲོལ་དུ་ཕྱེས་པར་གྲགས་ཤིང་སྤེལ་བར་སྨྲ།།
གྱེར་དང་སྨྲང་གི་གཡུང་དྲུང་བོན་སྐད་ལས།།
སྙིང་རྗེ་བྱམས་དང་ཕན་བདེའི་གཤེན་དབྱངས་མཆེད།།
རྨད་བྱུང་ཁྲི་ལོ་གཤང་གི་དབྱངས་རྟ་ཉིད།།
ཡོངས་ཟབ་བདེན་གཉིས་བོན་གྱི་རང་སྒྲ་ཡིན།།
གནམ་ཡང་རིམ་པ་བཅུ་གསུམ་གོང་ཤད་དུ།།
འོད་གསལ་གཡུང་དྲུང་ལྷ་ཡི་དམུ་ཐག་ལས།།
ཕེབས་ཤིང་བཞུགས་པའི་བོན་གཤེན་རེ་ཞིག་ཀྱང་།།
སངས་རྒྱས་སྟོང་ཞེས་སྲིད་པའི་གཏམ་ལས་གྲགས།།
ཁྱབ་པ་ལག་རིང་བསད་པའི་བམ་ཐོག་ཏུ།།
བསྒྲལ་བའི་བོན་གྱི་རྡོ་རིང་སྦར་ལས་རྟེན།།
སྒོ་བཞི་མཛོད་སོགས་གཤེན་གྱི་བརྡ་ཚིག་ལས།།
སྦྱོར་གྲོལ་སྣང་ཞེས་གྲགས་པའི་རྔམ་སྒྲ་དེ།།
ཐོད་དཀར་ཡབ་ཀྱི་སྲས་སྐད་གཙང་མ་ཡིན།།
༢༠༡༢/༡༠/༤ཉིན་རང་ཤག་ཤེས་རབ་དགྱེས་པའི་ལྷ་ཁང་ནས།
- ཟིན་ཐོ་གོང་མ།ལོ་རྒྱུས་ཀྱི་གནད་དོན་འགའ་ལ་དཔྱད་ཞིབ་བྱས་པའི་ཐོ།
- ཟིན་ཐོ་འོག་མ།ཐ་སྙད་རྐུ་མ།